༈ ཚེ་རིང་འགྱུར་མེད།

ཚེ་རིང་འགྱུར་མེད།

 

ཚེ་རིང་འགྱུར་མེད་མཆོག་ནི་སྤྱི་ལོ་ ༡༩༨༤ ཟླ་བ་ ༠༢ ཚེས་ ༡༨ ཉིན་བོད་ཁམས་སྡེ་དགེ་འཇོ་མདའ་རྫོང་གི་ནོར་མ་གྲོང་དུ་འཁྲུངས། ལོ་དྲུག་ནས་ལོ་བཅུ་གཉིས་བར་སློབ་གྲྭ་དང་ལྗོངས་གནས་དགོན་དུ་བསླབ་སྦྱངས་མཛད་ཅིང་ལོ་བཅོ་ལྔའི་ཐོག་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུ་རབ་ཏུ་བྱུང་། དཔལ་ཡུལ་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་དུ་སུམ་རྟགས་དག་གསུམ་སྙན་ངག་རྒྱལ་རབས་ཆོས་བྱུང་སོགས་དང་བློ་རིགས་རྟགས་རིགས་སྤྱོད་འཇུག་དང་མཁས་འཇུག དབུ་མ་རྒྱན་དང་སྡོམ་གསུམ་དབུ་མ་རྩ་འཇུག་བཞི་དང་མངོན་པ་མཛོད་བཅས་ཀྱི་དཔེ་ཁྲིད་ཞུས།ཨ་མདོ་རྔ་ཡུལ་ཀིརྟི་དགེ་ལྡན་ལེགས་བཤད་གླིང་དུ་བསྡུས་གྲྭ་དང་རྟགས་རིགས་ཞུས་ནས་རྩོད་སྦྱངས་བྱས། གསེར་རྟ་བླ་རུང་སྒར་དུའང་ཟླ་བ་ལྔའི་རིང་དབུ་མ་རྒྱན་དང་དབུ་མ་འཇུག་པ་གཉིས་ལ་ཐོས་བསམ་བྱས།

 

བྱེས་ཀྱི་གདན་ས་རྒྱ་གར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འབྱོར་ནས་ཀྱང་ལོ་བརྒྱད་ཀྱི་རིང་ལ་གཞུང་ཆེན་ཀ་པོད་ལྔ་ཆ་ལག་དང་བཅས་པར་ཐོས་བསམ་ཚུལ་བཞིན་མཛད། ཕྱི་ལོ་ ༢༠༡༡ ལོར་བཤད་གྲྭའི་དགེ་སྐོས་བསྐོས་པ་དང་། ཕྱི་ལོ་ ༢༠༡༤ལོར་སློབ་དཔོན་བཅས་ཀྱི་ཕྱག་འཁྱེར་ཐོབ། ༢༠༡༤ ནས་ལོ་གཉིས་ཀྱི་རིང་ལ་སྐྱོར་དཔོན་དང་། ༢༠༡༦ ལོར་དཔེ་ཁྲིད་དགེ་རྒན་དང་། ཕྱི་ལོ་ ༢༠༡༨ ལོར་གནས་ཆེན་རྡོ་རྗེ་གདན་དུ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་སྐུ་མདུན་ནས་མཁན་པོའི་མཚན་གནས་བཞེས་ཤིང་ད་ལྟའི་ཆར་བཤད་གྲྭར་དཔེ་འཁྲིད་ཀྱི་ཕྱག་ལས་གནང་མུས་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *