༈ འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་བཤད་གྲྭ་དང་མཐོ་རིམ་རིག་གནས་ཀྱི་ཕྱག་འཁྱེར་སྩོལ་བའི་མཛད་སྒོ་ཚོགས་པ།

སྐུ་མགྲོན་རྣམ་པ་དབུར་བཞུགས་ཀྱི་མཛད་སྒོའི་ཡུལ་དངོས།

དེ་རིང་སྟེ་བོད་རབ་གནས་ལྕགས་གླང་ལོའི་ཟླ་དང་པོའི་ཚེས་ཉེར་གཅིག སྤྱི་ལོ་༢༠༢༡ཟླ་བ་༣ཚེས་༤ཉིན་མོ་འདི་ནི་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུའི་ཡ་གྱལ་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེངྒེ་མཆོག་དང་། སྙིགས་དུས་བསྟན་པའི་སྒྲོན་མེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་རྗེས་དྲན་དགོངས་རྫོགས་ཀྱི་ཉིན་མོ་ཡིན་པ་ལྟར། སྔར་རྒྱུན་བཞིན་འདི་ག་མཁས་མང་བྱེ་བའི་འབྱུང་གནས་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སྤྱི་ལོ་ ༢༠༢༡ ལོའི་དཔེ་འཁྲིད་དབུ་འཛུགས་ཞུས་པ་དང་། ཞོགས་པའི་དཔེ་འཁྲིད་གྲོལ་མཚམས་སྤྱི་ལོ་ ༢༠༡༨ དང་ ༢༠༡༩ ལོ་སོ་སོར་དབུ་མ་དང། བསྟན་བཅོས། སློབ་དཔོན་བཅས་ཀྱི་འཛིན་རིམ་ལེགས་པར་ཐོན་པའི་སློབ་མ་རྣམས་ལ་ཕྱག་འཁྱེར་སྩོལ་བའི་མཛད་སྒོ་ཚོགས་པ་དང། ཉིན་རྒྱབ་བཤད་གྲྭའི་མཐོ་རིམ་རིག་གནས་སྡེ་ཚན་གྱི་རིག་གནས་རབ་འབྱམས་པ་སྐབས་གཉིས་པ་དང་གསུམ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་ཡོད་པ་རེད།

༸འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཐུབ་བསྟན་འཇིགས་མེད་རིན་པོ་ཆེས་དབུ་མའི་ཕྱག་འཁྱེར་བཞེས་བཞིན་པ།

མཛད་སྒོའི་ཐོག་༸དཔལ་ས་སྐྱའི་འཁོན་གདུང་སྐྱབས་མཆོག་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། ༸འཁོན་གདུང་ཤཀྱཱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང། བཤད་གྲྭའི་མཁན་ཆེན་རིན་ཆེན་མཆོག མཁན་ཆེན་བསམ་གྲུབ་མཆོག ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་དབུས་པའི་བཤད་གྲྭའི་མཁན་པོ་དགེ་རྒན་རྣམ་པ། བཤད་གྲྭའི་མཐོ་རིམ་རིག་གནས་སྡེ་ཚན་གྱི་གཙུག་ལག་རབ་འབྱམས་པའི་ངེས་སྟོན་པ་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་དབུས་པའི་མཐོ་རིམ་རིག་གནས་ཀྱི་དགེ་རྒན་རྣམ་པ། གཞི་རིམ་སློབ་གྲྭ་ཀནིཥྑའི་སློབ་སྤྱི་བསྟན་འཛིན་དབྱངས་འཛོམས་ཀྱིས་དབུས་པའི་གཞི་རིམ་སློབ་གྲྭའི་དགེ་ལས་རྣམ་པ་བཅས་ཀྱི་དབུས་རྫོང་སར་བཤད་གྲྭའི་འདུས་མང་ཡོངས་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ཚང་འཛོམས་ཐོག ཐོག་མར་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་། དེ་རྗེས་བཤད་གྲྭའི་ཡིག་རྒྱུགས་ཚོགས་ཆུང་གི་ཡིག་རྒྱུགས་དོ་དམ་པ་མཁན་པོ་སྒྲོལ་མ་དར་རྒྱས་ལགས་ཀྱིས་འཚམས་འདྲི་དང་བཅས་སྤྱི་ལོ་ ༢༠༡༨ དང་ ༢༠༡༩ ལོ་སོ་སོར་དབུ་མ་དང་། བསྟན་བཅོས། སློབ་དཔོན་བཅས་ཀྱི་བསླབ་པ་ཐར་སོན་པ་རྣམས་ཀྱི་མཚན་ཐོ་ཀློག་རིམ་བཞིན། ༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་ཁག་བསྩལ་གནང་མཛད།

མཛད་སྒོའི་ཡུལ་དངོས།

དེ་མཚམས་བཤད་གྲྭའི་ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་། དེ་ཡང་ཁོང་གིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པར་མཚམས་འདྲི་དང་བཅས་ཏེ་ན་ནིང་གི་ལོ་གཅིག་གི་རིང་ནད་ཡམས་ཀྱི་དབང་གིས་འཛམ་གླིང་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་པ་བཞིན་བཤད་གྲྭ་འདི་ཉིད་ལ་ཡང་ལོ་གཅིག་གི་རིང་ལ་གྲགས་ཆེན་བཅོ་བརྒྱད་ཀྱི་འཆད་ཉན་བྱེད་མ་ཐུབ་པའི་གནས་སྟངས་བྱུང་སྟེ་བར་ཆད་ཆེན་པོ་བྱུང་བ་ཡིན་ན་ཡང་། དེ་རིང་རྗེ་བཙུན་གོང་མ་རྣམ་ལྔའི་དགོངས་པའི་གཅུད་འགྲེལ་བར་བྱེད་པར་འགྲན་པའི་ཟླ་དང་བྲལ་བ་མཁས་པའི་དབང་པོ་ཀུན་མཁྱེན་གོ་བོ་རབས་འབྱམས་པ་བསོད་ནམས་སེང་གེ་དང་། སྙིགས་དུས་ཀྱི་འགྲོ་བའི་དེད་དཔོན་ཆེན་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེ་བར་གཤེགས་པའི་ཚུལ་བསྟན་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་འདིར་བཤད་གྲྭ་འདིའི་འཛིན་གྲྭ་ཁག་གི་དཔེ་འཁྲིད་དབུ་བཙུགས་ཐུབ་པ་བྱུང་བ་དང་། ཕྱག་འཁྱེར་འབུལ་བའི་མཛད་སྒོ་གལ་ཆེན་འདི་ལྟ་བུ་ཞིག་ཚོགས་ཐུབ་པ་བྱུང་བར་དགའ་བ་དཔག་མེད་བྱུང་བའི་སྐོར་དང་། དེ་རིང་གི་མཛད་སྒོ་འདིའི་མགྲོན་གྱི་གཙོ་བོ་དེ་ཕྱག་འཁྱེར་བཞེས་གནང་མཁན་རྣམ་པ་ཡིན་སྟབས་ཁོང་རྣམས་ཀྱིས་ཕྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཁྲ་ཁྲ་ཟིང་ཟིང་གི་འདུ་འཛི་འཕེལ་ཞིང་ནང་ཆོས་ལ་སློབ་གཉེར་བྱེད་མཁན་ཉུང་དུ་འགྲོ་བའི་དུས་སྐབས་འདི་འདྲ་ཞིག་ལ། འདི་ཕྱི་གཉིས་ཀྱི་སྐྱབས་གནས་སངས་རྒྱས་ཀྱི་གསུང་རབ་ཡིན་པ་ལ་ངོས་འཛིན་མ་ནོར་བར་ལོ་ནས་ལོ་མཐུད་དེ་བརྩོན་འགྲུས་ཀྱི་རྟ་ཕོ་ལྕགས་ཀྱིས་བསྐུལ་ནས་སློབ་གཉེར་བྱས་འབྲས་སུ་དེ་རིང་ཕྱག་འཁྱེར་བཞེས་ཀྱི་ཡོད་སྟབས་ཁོང་རྣམས་ལ་དམིགས་བསལ་གྱིས་འཚམས་འདྲི་ཞུ་ཡི་ཡོད་ཅེས་དང་། སློབ་གཉེར་བ་ཡོངས་ལ་གསལ་འདེབས་ཀྱི་ཚུལ་དུ་ལས་ཀ་གང་ཞིག་བྱེད་ན་ཡང་སོ་སོས་དམིགས་ཡུལ་ངེས་ཅན་ཞིག་བཟུང་དགོས་པ་དང་། རྣམ་དཔྱོད་ཁྱད་པར་དུ་འཕགས་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ལས་ལ་འཇུག་ན་ཚེ་འདིའི་བདེ་སྐྱིད་ཙམ་དང་། ཚེ་ཕྱི་མའི་མཐོ་རིས་ལྷ་མིའི་གོ་འཕང་ཙམ་མ་ཟད་སངས་རྒྱས་ཀྱི་གོ་འཕང་ཡང་སྒྲུབ་ཐུབ་པ་ཡིན་པས་དམིགས་ཡུལ་མ་ནོར་བ་དང་། དམིགས་ཡུལ་ལ་ཡིད་གཉིས་ཐེ་ཚོམ་མེད་པར་འབད་བརྩོན་བྱེད་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

 

ཕྱག་འཁྱེར་དང་འབྲེལ་ནས་གནའ་སྔ་མོ་སྐྱེས་བུ་དམ་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་མཁན་ལྟ་བུ་ཞིག་ཡིན་ན་ལག་འཁྱེར་ཟེར་བ་འདི་ཚོ་ཤོག་བུ་ཙམ་ཞིག་ལས་མིན་ན་ཡང་། དེང་སང་གི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་ལས་ཀ་ཞིག་བྱེད་དགོས་པ་ཡིན་ན་ལག་འཁྱེར་ཟེར་བ་དེ་ཡང་དགོས་ངེས་ཅན་ཞིག་ཡིན་སྟབས། སོ་སོའི་ངོས་ནས་ཀྱང་ལག་འཁྱེར་ལ་རིན་ཐང་གི་ངོས་འཛིན་ཡང་དག་པ་ཞིག་དགོས་པ་གལ་ཆེན་ཡིན་པའི་ལམ་སྟོན་གནང་།

སློབ་སྤྱི་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་བཞིན་པ།

དེ་རིང་གི་ཕྱག་འཁྱེར་བཞེས་མཁན་ཚང་མ་རབ་ཏུ་བྱུང་བའི་རྟེན་ཅན་ཡིན་སྟབས། རང་སོ་སོའི་ལུས་ཀྱི་ན་བཟའ་བཞེས་སྟངས་དང། ངག་གི་སྐད་ཆ་བཤད་སྟངས། ཡིད་ཀྱི་འཁྱེར་སོ་སྟེ་སྒོ་གསུམ་གྱི་འཇུག་སྒོ་རྣམས་ཆོས་འདུལ་བ་དང་མཐུན་པར་ཡོང་ཐབས་ལ་ངེས་པར་གཟབ་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་གཅིག ཕྱག་འཁྱེར་བཞེས་མཁན་རྣམ་པ་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་ཞབས་འདེགས་ཞུ་ཐུབ་མཁན་དང་། གཞུང་ལུགས་དྲི་མ་མེད་པ་རྣམས་ལས་བྱུང་བའི་ལེགས་ཉེས་བླང་དོར་གྱི་གནད་རྣམས་གཞན་ལ་སྟོན་ཐུབ་མཁན་དུ་འགྱུར་ཐུབ་པའི་སྨོན་འདུན་ཞུས་གནང་།

 

སློབ་སྤྱི་མཁན་རིན་པོ་ཆེའི་གསུང་བཤད་གྲུབ་པ་དང་དབུ་མཛད་ནས་ཀུན་མཁྱེན་དོལ་པོ་པའི་གསུང་། བདག་ནི་སྐྱེ་བ་ཐམས་ཅད་དུ། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་འཁུར་བར་མ་ནུས་ཀྱང། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག །ཅེས་པའི་སྨོན་ལམ་གྱི་མཐའ་བརྒྱན་ཏེ་སྔ་དྲོའི་མཛད་རིམ་ལེགས་པར་གྲོལ།

མཛད་སྒོའི་ཡུལ་དངོས།

ཉིན་རྒྱབ་ཆུ་ཚོད་གཉིས་པར་༸སྐྱབས་རྗེ་གདུང་སྲས་རྣམ་པ་གཉིས་ཀྱིས་དབུས་པའི་མཁན་དགེ་འདུས་པ་ཡོངས་གཙུག་ལག་ཁང་དུ་འཛོམས་ཏེ་མཐོ་རིམ་རིག་གནས་སྐབས་གཉིས་པ་དང་གསུམ་པའི་སློབ་མ་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས། མཛད་སྒོའི་ཐོག་མར་ཡིག་རྒྱུགས་ཚོགས་ཆུང་གི་ཡིག་རྒྱུགས་དོ་དམ་པ་མཁན་པོ་སྒྲོལ་མ་དར་རྒྱས་མཆོག་ནས་འདུས་མང་ཡོངས་ལ་འཚམས་འདྲི་ཞུས་པ་དང་། ༸སྐྱབས་རྗེ་འཁོན་གདུང་ཨ་བྀ་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་གིས་མཐར་ཕྱིན་སློབ་མ་རྣམས་ལ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བསྩལ། དེ་ནས་བཤད་གྲྭའི་ལས་ཐོག་མཁན་རིན་པོ་ཆེས་མཛད་སྒོའི་ཚོགས་ཐེངས་གཉིས་པར་ཕེབས་མཁན་རྣམ་པར་འཚམས་འདྲི་དང་བཅས་གསུང་བཤད་གནང་དོན། རྩ་བའི་ཆ་ནས་མཁན་སྤྲུལ་རྣམ་གཉིས་ཀྱི་ཐུགས་ཀྱི་གཅེས་ནོར་དུ་གྱུར་པའི་བཤད་གྲྭ་འདིའི་ནང་གཞི་རིམ་དང་། མཐོ་རིམ་རིག་གནས། གཞུང་ཆེན་སློབ་གཉེར་ཏེ་སྡེ་ཚན་གསུམ་ཡོད་པའི་ངོ་སྤྲོད་དང་། འཛམ་གླིང་གོ་ལ་འདིའི་ནང་ཕྱིའི་དཔལ་འབྱོར་ཡར་རྒྱས་ཞེ་དྲག་སོང་ཡོད་ན་ཡང་ནང་གི་བསམ་བློ་གཏོང་ཕྱོགས་ལ་ཕྲག་དོག་འགྲན་སེམས་སོགས་རབ་ཏུ་འཕེལ་གྱི་ཡོད་པ་དེ་དག་ཞི་བྱེད་དམ་པའི་ཆོས་སློབ་གཉེར་དང་ཉམས་ལེན་བྱེད་པ་ལ་རག་ལས་ཤིང་། དམ་པའི་ཆོས་སློབ་གཉེར་བྱེད་པར་རྒྱ་དབྱིན་སོགས་སྐད་ཡིག་གཞན་གྱི་སྟེང་ནས་བྱེད་རྒྱུ་ཡོད་ན་ཡང་མདོ་སྔགས་ཆ་ཚང་བ་བཞུགས་པའི་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་པར་བོད་ཀྱི་སྐད་ཡིག་རྩོམ་རིག་སོགས་གལ་ཆེན་ཡིན་པ། དེ་ཡང་བོད་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་དང་བདག་གཅེས་བྱེད་པ་དེ་བོད་མི་རིགས་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་མ་ཡིན་པར་ནང་པ་སངས་རྒྱས་པའི་བསྟན་པ་དར་རྒྱས་གོང་འཕེལ་ཡོང་བར་ཡང་མེད་དུ་མི་རུང་བ་ཡིན་པའི་སྐོར་དང་། མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་སྦྱོང་ལོ་ཡུན་ད་བར་ལོ་གཉིས་ལ་བྱས་པ་དེ་ཉིད་འབྱུང་འགྱུར་ལོ་གསུམ་གྱི་ཡུན་ཚད་ལ་སྤར་འཆར་ཡོད་སྐོར་ངོ་སྤྲོད་གནང་།

རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་རྣམས་མཐོ་རིམ་རིག་གནས་སྡེ་ཚན་གྱི་དགེ་རྒན་རྣམ་པ་དང་ལྷན་དུ།

མཇུག་མཐར་བཤད་གྲྭ་འདིའི་མཐོ་རིམ་རིག་གནས་སྡེ་ཚན་དུ་སློབ་གཉེར་ལ་ཕེབས་པའི་སྐྱ་སེར་དབྱེ་བ་མེད་པ་ཚང་མས་རང་ཉིད་སློབ་མ་ཞིག་ཡིན་པའི་ངོས་འཛིན་གྱི་ཐོག་ནས་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་བསྟེན་ཚུལ་རྣམས་ལ་དོ་གལ་ཆེན་པོ་མཛད་རྒྱུ་དང་། བཤད་གྲྭ་འདིར་སློབ་གཉེར་དུ་ཕེབས་ནས་བཟུང་བཤད་གྲྭ་འདིའི་སྒྲིག་ལམ་ཁག་ལ་དགེ་སྐོས་གཙོས་པའི་སྒྲིག་ལམ་ལ་ལྟ་རྟོག་མཛད་མཁན་རྣམ་པའི་ལམ་སྟོན་བཞིན་གསན་འཇོག་གནང་དགོས་རྒྱུ་གལ་ཆེན་ཡིན་པ་ལས། ཁོར་ཡུག་འདིར་སླེབས་ནས་གང་དྲན་དྲན་ཡིན་པ་ལྟ་བུ་བྱས་ན་རྗེས་ཕྱོགས་ཀྱི་སློབ་གཉེར་བ་རྣམས་ལ་ཡང་བག་ཆགས་དང་མིག་ལྟོས་ངན་པར་འགྱུར་སྲིད་པས་མི་རེ་ངོ་རེ་ནས་སྒྲིག་ལམ་ཁག་ལ་སྲུང་བརྩི་དང་གཙོ་ཆེ་ཤོས་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་པའི་ནན་བསྐུལ་གནང་།

ལས་ཐོག་མཁན་པོ་མཆོག་གི་གསུང་བཤད་གྲུབ་པ་དང་ཡིག་རྒྱུགས་ཚོགས་ཆུང་གི་ཡིག་རྒྱུགས་དོ་དམ་པ་མཁན་པོ་སྒྲོལ་མ་དར་རྒྱས་ལགས་ཀྱིས་༸སྐྱབས་རྗེ་གདུང་སྲས་རྣམ་པ་གཉིས་ཀྱིས་དབུས་པའི་མཛད་སྒོར་ཕེབས་པའི་དགེ་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང། འདུས་མང་གིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་དེ་རིང་གི་མཛད་སྒོ་ལེགས་པར་གྲུབ་བོ།།

སློབ་དཔོན་ཕྱག་འཁྱེར་བཞེས་མཁན་རྣམ་པ།

བསྟན་བཅོས་ཕྱག་འཁྱེར་བཞེས་མཁན་རྣམ་པ།

དབུ་མའི་ཕྱག་འཁྱེར་བཞེས་མཁན་རྣམ་པ།

མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་རྣམ་པ།

 

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *