༈ འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་རབས་བཅུ་དྲུག་པ་ཁྲི་འདོན་མངའ་གསོལ་མཛད་པ།

ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་དབང་ཕྱུག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་ཧྲིལ་པོ་བཅུ་གཉིས་འཁོར་བའི་དགོངས་རྫོགས་ཀྱི་ཉིན་མོར། རྫོང་སར་བཤད་གྲྭའི་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་རབས་བཅུ་དྲུག་པར་ཁྲི་འདོན་མངའ་གསོལ་མཛད་ཡོད་པ་རེད།

མཁན་ཆེན་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་ཚོགས་ཀྱི་མཆོད་པ།

དེ་ཡང་བོད་རབ་གནས་ལྕགས་ཕོ་བྱི་བ་ལོའི་བོད་ཟླ་གསུམ་པའི་ཚེས་ཉི་ཤུ། སྤྱི་ལོ་ ༢༠༢༠ ཟླ་བ་ ༥ ཚེས་ ༡༢ ཉིན་གྱི་ཞོགས་པ། བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་༸དཔལ་ས་སྐྱའི་གདུང་སྲས་ཨ་བྷི་ཀྲྀཏ་བཛྲ་རིན་པོ་ཆེ་མཆོག་དང་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་རྣམ་གཉིས་དང་། མཁན་ཆེན་རིན་ཆེན། མཁན་ཆེན་འཇམ་དབྱངས་བློ་གསལ། ལས་ཐོག་མཁན་པོ་བསམ་གྲུབ་བཅས་པ་དབུ་ཞུགས་ཀྱིས་གནས་བརྟན་ཕྱག་མཆོད་གསུང་བཞིན་པར་༸སྐྱབས་རྗེ་གདུང་སྲས་ཨ་བྷི་ཀྲྀཏ་བཛྲ་རིན་པོ་ཆེ་མཆོག་གིས་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་དར་དང་བཅས་པ་དང་། མཁྱེན་བརྩེ་བླ་བྲང་གིས་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་དར་དང་བཅས་པ་མཁན་རབས་བཅུ་དྲུག་པ་མཁན་པོ་འཇམ་དབྱངས་ཆོས་འཕེལ་ལགས་སུ་གསོལ་སྩལ་གནང་བ་དང་། རྫོང་སར་བཤད་གྲྭའི་ངོས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

༸སྐྱབས་རྗེ་གདུང་སྲས་ཨ་བྷི་ཀྲྀཏ་བཛྲ་རིན་པོ་ཆེས་ཚེ་དཔག་མེད་ཀྱི་སྐུ་བརྙན་གནང་བཞིན་པ།

ལས་ཐོག་མཁན་རིན་པོ་ཆེས་བསྟན་པའི་བདག་པོ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་མཁན་ཁྲི་མངའ་གསོལ་གྱི་མཛད་སྒོར་བསྩལ་པའི་གསུང་འཕྲིན་རྒྱང་བསྒྲགས་བརྒྱུད་བཏང་བའི་ནང་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་དགེ་སློབ་ཚང་མར་འཚམས་འདྲི་དང་བཅས་བཀའ་སློབ་ཕེབས་པ་ལས་ཐོག་མར་རྫོང་སར་བཤད་གྲྭའི་མཁན་རབས་བྱོན་ཚུལ་དང་མཁན་རབས་བཅུ་དྲུག་པ་གཏན་ཁེལ་གནང་བའི་སྐོར་ལ། “དེ་རིང་མཁན་རྒན་གྱི་འདས་མཆོད་དང་བསྟུན་ནས་དངོས་གནས་བྱས་ན་མཛད་སྒོ་བསྡུས་བསྡུས་ཤིག་གནང་དགོས་ཡ་འདྲ་ཞིག་ཡོད་རེད་དེ། ཡིན་ན་ཡང་ཚང་མས་མཁྱེན་གསལ་ལྟར་ནད་རིམས་ཀྱི་རྐྱེན་པས་བྱུང་མ་སོང་། འོན་ཀྱང་མ་འོངས་པར་མཛད་སྒོ་གནང་ཆོག་གི་རེད། ད་ཐེངས་དུས་ཚོད་འདི་དང་བསྟུན་ནས་བཤད་གྲྭའི་ལས་ཐོག་མཁན་པོ་གསར་དུ་བསྐོས་བའི་གསལ་བསྒྲགས་ཤིག་ཞུ་ཡ་ཡིན། ཕྱོགས་གཅིག་ནས་ང་རང་ཚོ་ང་རང་ཚོས་བསྟོད་པ་བྱས་པ་འདྲ་ཡོད་ན་ཡང་། རྫོང་སར་བཤད་གྲྭ་ཟེར་བ་དེ་སྙན་ངག་གི་རབ་བཏགས་འདྲ་དང་ལོ་རྒྱུས་ནང་ལ་བྱུང་མྱོང་བ་ཙམ་མ་ཡིན་པར་ད་བར་དུ་དངོས་སུ་ཁ་ཡོད་ལག་ཡོད་ཀྱི་བྱས་རྗེས་ཡོད་པ་ཞིག་ཡིན་པ་རེད། གཙོ་ཆེར་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གཉིས་ཀྱི་ཐུགས་བསྐྱེད་སྨོན་ལམ་བླ་ན་མེད་པའི་འོག་ལ་རྫོང་སར་བཤད་གྲྭའི་མཁན་རབས་དེ་རྫོགས་ཆེན་མཁན་པོ་གཞན་དགའ་ནས་མར་བརྩིས་ཡོང་བ་ཡིན་ན། ཕྱིས་སུ་རྒྱ་གར་ལ་གཅིག་དང་བོད་ལ་གཅིག་སྟེ་བཤད་གྲྭ་གཉིས་འཆགས་ཡོད་པ་ལས་ད་ལན་འདི་ག་རྒྱ་གར་གྱི་ཅཱོན་ཏ་རའི་བཤད་གྲྭ་ཡི་དབང་དུ་བཏང་བ་ཡིན་ན་རྫོགས་ཆེན་མཁན་པོ་གཞན་དགའ་ནས་མར་བརྩིས་པའི་མཁན་པོ་བསམ་གྲུབ་བར་དུ་མཁན་རབས་བཅོ་ལྔ་ཡོད། དེ་དག་ཐམས་ཅད་རེ་རེ་བཞིན་དུ་གཟི་བརྗིད་ཅན། ང་རང་ཚོ་སྤོབས་པ་སྐྱེ་འོས་པ་ཤ་སྟག་བྱོན་ཡོད། དེ་རིང་འདིར་མཁན་རབས་བཅུ་དྲུག་པ་དེར་ཟླ་བ་མང་པོའི་སྔོན་ནས་བླ་མ་ཡིད་དམ་ལ་གསོལ་བ་བཏབ། བརྟག་རིལ་བསྒྲིལ། བཀའ་འདྲི་ཞུས། བསམ་བློ་བཏང་། དེ་ལྟར་བརྟག་པ་མང་དུ་བྱས་ཏེ་མཐའ་མའི་ཐག་གཅོད་ལ་འཇམ་དབྱངས་ཆོས་འཕེལ་ལགས་བཤད་གྲྭའི་ལས་ཐོག་མཁན་པོར་མཚན་མངའ་གསོལ་བྱ་རྒྱུ་ཡིན།” ཞེས་དང་།

ལས་ཐོག་མཁན་པོ་བསམ་གྲུབ་མཆོག་གིས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་བཞིན་པ།

མཁན་ཆེན་ཀུན་དགའ་དབང་ཕྱུག་དང་མཁན་ཆེན་བྲག་གཡབ་པད་དམ་རྣམ་གཉིས་ཀྱི་ཐུགས་སྐྱེད་དང་མཛད་རྗེས་དཔེ་རུ་དྲངས་ནས་བཤད་གྲྭའི་སློབ་གཉེར་བ་ཡོངས་ལ་སེམས་སྐྱེད་རྒྱ་ཆེན་པོ་དགོས་པའི་སྐོར་ལ། “སྤྱིར་བཏང་ཁྱེད་རྣམ་པ་ཐམས་ཅད་ཀྱིས་མཁྱེན་མཁྱེན་པ་རེད། ནང་པ་སངས་རྒྱས་པའི་བསྟན་པ་དེ་ཕྱོགས་གཅིག་ནས་ཉམས་འགྲོ་གི་ཡོད་རེད་ཟེར་གྱི་ཡོད་རེད་དེ། ཕྱོགས་གཅིག་ནས་བལྟས་ན་ག་ས་གང་ནས་ཡར་དར་བསྡད་ཀྱི་ཡོད་སྟབས་ཤུགས་རྒྱག་དགོས་ཡ་དང་བློ་ཁོག་བསྐྱེད་རྒྱུ་ཡི་དུས་ཚོད་ཅིག་ལ་བསླེབས་ཡོད། དེ་ཡིན་དུས་བཤད་གྲྭར་བཞུགས་པའི་བསླབ་པ་སློབ་གཉེར་གནང་མཁན་ཆེ་ཆུང་མེད་པ་ཐམས་ཅད་ཀྱིས་སློབ་སྦྱོང་བྱ་རྒྱུ་དེ་ཁ་རི་ཁ་ཐུག་གི་བསླབ་པ་ཐར་ཕྱིན་ཟེར་བ་དེ་ཙམ་ཞིག་མ་ཡིན་པར། མིག་རྒྱང་རིང་པོ་དང་བསམ་བློ་རྒྱ་ཆེན་པོ་བཏང་ནས་ཐོས་བསམ་བྱས་པའི་འབྲས་བུར་རང་གིས་ཀྱང་ཉམས་སུ་བླངས། མ་འོངས་པར་དུས་ཚོད་དང་བསྟུན་ནས། འཆད། སྤེལ། འཛིན། སྐྱོང་། གང་འདྲ་གནང་དགོས་ན་ཡང་གནང་རྒྱུའི་ཐུགས་སྐྱེད་གནང་རོགས་གནང་།” ཞེས་དང་། “ང་རང་ཚོས་ཧ་གོ་གོ་བ་རེད། དཔེར་ན་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་འདྲ་ཞིག་ལ་མཚོན་ན་ཡང་། ཁོང་གྲྭ་པ་གྲྭ་རྐྱང་ཞིག་གིས་བསམ་བློ་རྒྱ་ཆེན་པོ་འཁུར་ནས། ཡ་ཡུད་གཏུགས་ནས། དཔེ་མ་སྲིད་ལས་ཀ་རྒྱ་ཆེན་པོ་གནང་བ་དེ་འདྲ་བྱུང་བ་རེད་པ། དེ་བཞིན་བོད་རྫོང་སར་ལ་བྲག་གཡབ་པད་དམ་འདྲ་ཞིག་ཡིན་ན་ཡང་གྲྭ་པ་གྲྭ་རྐྱང་ཞིག་གིས་བསམ་བློ་རྒྱ་ཆེན་པོ་བཏང་ནས། སེམས་སྐྱེད་རྒྱ་ཆེན་པོ་བསྐྱེད་པའི་དབང་གིས་ལས་ཀ་རྒྱ་ཆེན་པོ་ད་ལྟ་ང་རང་ཚོས་མཐོང་རྒྱུ་རིག་རྒྱུ་ཡོད་པ་འདི་འདྲ་བྱུང་བ་རེད། དེ་ཡིན་དུས་ཁྱེད་རྣམ་པ་ཐམས་ཅད་ཀྱིས་ཀྱང་དེ་འདྲ་གནང་ཐུབ་ཐག་ཆོད་རེད། དེ་འདྲ་ཐུགས་ལ་འཇོག་རོགས་གནང་།” ཞེས་དང་།

མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་རབས་བཅུ་དྲུག་པར་ཁྲི་འདོན་མངའ་གསོལ་མཛད་པ།

མཇུག་མཐར་ལས་ཐོག་མཁན་པོ་བསམ་གྲུབ་མཆོག་གི་མཛད་རྗེས་ལ་དབུགས་དབྱུང་དང་ཁྲི་ཟུར་རྣམ་པར་ཐུགས་རེ་མཛད་དོན། “མཁན་པོ་བསམ་གྲུབ་ཀྱིས་ལས་ཐོག་མཁན་པོའི་འགན་བཞེས་པ་ནས་ད་བར་དུ་དངོས་གནས་ཧུར་ཐག་འབད་ཐག་གིས་ཕྱག་ལས་གནང་བ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ད་དུང་ཡིན་ན་ཡང་མཁན་པོ་བསམ་གྲུབ་དང་། དེ་བཞིན་མཁན་པོ་འཇམ་དབྱངས་བློ་གསལ་དང་མཁན་པོ་ཆོས་དབྱིངས་རྡོ་རྗེ་ཁོང་རྣམ་པ་ལས་ཐོག་མཁན་པོ་གནང་ཚར་བ་ཐམས་ཅད་ལ་དངོས་སུ་ཞུས་ཡོད་ལ་དེ་རིང་ཡང་བསྐྱར་དྲན་གསོའི་ཚུལ་དུ་ཞུ་རྒྱུར། སྤྱིར་བཏང་ལས་ཐོག་མཁན་པོ་ཟེར་བའི་མཚན་མེད་ན་ཡང་ཁྱེད་རྣམ་པ་ཐམས་ཅད་ཀྱིས་རྫོང་སར་བཤད་གྲྭ་འདི་དང་། ད་དུང་འདི་ཙམ་མ་ཟད་བོད་རྫོང་སར་བཤད་གྲྭ་སོགས་ཐམས་ཅད་ལ་མུ་མཐུད་ནས་ཇུས་གཏོགས་ཟེར་ན་འདྲ། ཐུགས་ཁྲལ་ཟེར་ན་འདྲ། བཀའ་སློབ་ལམ་སྟོན་དང་དཔུང་པ་མཉམ་གཤིབ་གནང་དགོས་ཀྱི་རེད་ཅེས་ཡང་ནས་ཡང་དུ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།” ཞེས་བཀའ་སློབ་ཕེབས།

 

དེ་ནས་ལས་ཐོག་མཁན་པོ་བསམ་གྲུབ་མཆོག་གིས་ཁོང་ལས་ཐོག་མཁན་པོ་ལོ་བཞིའི་རིང་གནང་སྐབས་ཀྱི་བཤད་གྲྭའི་ཤེས་ཡོན་དང་། གྲྭ་རྒྱུན། དཔལ་འབྱོར་སོགས་ཀྱི་གནས་སྟངས་སྐོར་ལ་ལས་བསྡོམས་རག་བསྡུས་ངོ་སྤྲོད་གནང་བ་དང་། ད་བར་དུ་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་བ་བཞིན་མུ་མཐུད་ནས་གནང་གལ་ཆེ་བའི་སྐོར། མཇུག་མཐར་ལས་ཐོག་མཁན་པོ་ཁྲི་གསར་མཆོག་ལ་འཚམས་འདྲི་དང་ཕྱག་ལས་ཐམས་ཅད་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་ནས་མཛད་རིམ་གྲོལ་ཡོད་པ་བཅས་སོ།།

 

༈ མཁན་རབས་བཅུ་དྲུག་པ་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག

མཁན་རབས་བཅུ་དྲུག་པ་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག

སྤྱི་ལོ་ ༡༩༧༩ ལོར་འཁྲུངས། དགུང་ལོ་བརྒྱད་ནས་བཅུ་གཅིག་བར་བོད་ཡིག་དང་། ཨང་རྩིས། རྒྱ་ཡིག་བཅས་ལ་སློབ་གཉེར་གནང་། སྤྱི་ལོ་ ༡༩༩༢  ལོར་རབ་ཏུ་བྱུང་ནས་འདོན་རྟ་དབྱངས་སོགས་སྦྱངས། སྤྱི་ལོ་ ༡༩༩༨ ལོར་རྫོང་སར་བཤད་གྲྭར་འཛུལ་ཞུགས་ཀྱིས་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་སློབ་གཉེར་མཛད། སྤྱི་ལོ་ ༢༠༠༢ ལོར་དབུ་མ་དང་། ༢༠༠༥ ལོར་བསྟན་བཅོས། ༢༠༠༧ ལོར་སློབ་དཔོན་འཛིན་གྲྭ་བཅས་ལེགས་པར་ཐོན་པའི་ཕྱག་འཁྱེར་བཞེས།

 

སྤྱི་ལོ་ ༢༠༠༦ ལོར་བཤད་གྲྭའི་དབུ་མཛད་ཀྱི་ལས་འཁུར་དང་། སྤྱི་ལོ་ ༢༠༡༣ ལོར་བཤད་གྲྭའི་དྲུང་ཆེ། སྤྱི་ལོ་ ༢༠༡༥ ལོ་ནས་བཟུང་ཡིག་ཚད་སྡེ་ཚན་དུ་རྒྱུགས་ཞིབ་པའི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༠༦ ལོར་བཤད་གྲྭའི་འཛིན་སྐྱོང་ནས་སྐྱོར་དཔོན་དུ་བསྐོ་བཞག་བྱུང་ནས་ལོ་གཉིས་དང་ཕྱེད་ཀའི་རིང་སྐྱོར་དཔོན་གྱི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༠༨ ལོའི་ལོ་ཕྱེད་ནས་དགེ་རྒན་དུ་ཐད་བསྐོས་བྱས་པ་ནས་བཟུང་བསྟུད་མར་ལོ་ཤས་རིང་དཔེ་འཁྲིད་དགེ་རྒན་གྱི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༡༣ ལོར་མཁན་པོའི་མཚན་གནས་བཞེས། སྤྱི་ལོ་ ༢༠༡༤ ལོར་དཔལ་ས་སྐྱའི་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གི་ཡོངས་འཛིན་དུ་ཕེབས་ཤིང་། ལོ་དེར་གདུང་སྲས་རིན་པོ་ཆེའི་ལྷན་དུ་རྫོང་སར་བཤད་གྲྭར་ཕེབས་ཤིང་རིན་པོ་ཆེའི་ཡོངས་འཛིན་གྱི་ཐུགས་འགན་མུ་མཐུད་བཞེས་ཏེ་སྤྱི་ལོ་ ༢༠༡༩ བར་བཤད་གྲྭ་འདིར་འཆད་ཁྲིད་མཛད་པ་དང་། སྤྱི་ལོ་ ༢༠༢༠ ཟླ་བ་ ༥ ཚེས་ ༡༢ ཉིན་བསྟན་པའི་བདག་པོ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་རབས་བཅུ་དྲུག་པའི་ཁྲིར་མངའ་གསོལ་མཛད་པའོ།།

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *