༈ འཕགས་ཡུལ་རྫོང་སར་བཤད་གྲྭར་གཞུང་ཆེན་བཅུ་གསུམ་གྱི་ལྗགས་ལུང་གནང་བ།

འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་བཤད་གྲྭའི་མཁན་རབས་བཅོ་ལྔ་པ་ལས་ཐོག་མཁན་པོ་བསམ་གྲུབ་མཆོག་གིས་ཞལ་སྔ་ནས་སྤྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༩ ཉིན་ནས་དབུ་བཙུགས་ཏེ་༸དཔལ་ས་སྐྱའི་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་དབུས་པའི་བཤད་གྲྭའི་དགེ་སློབ་འདུས་པ་ཡོངས་ལ་རྫོང་སར་མཁན་རབས་དང་པོ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའི་གསུང་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་པོད་དྲུག་གི་ལྗགས་ལུང་རྫོགས་པར་བསྩལ་གནང་མཛད་དེ་ཚེས་ ༡༧ ཞོགས་པ་མཇུག་ལེགས་པར་གྲུབ་ཡོད་པ་རེད།

མཁན་ཆེན་བསམ་གྲུབ་མཆོག་གིས་ལྗགས་ལུང་གནང་བཞིན་པ།

ལྗགས་ལུང་གི་ཐོག་མར་མཁན་ཆེན་བསམ་གྲུབ་མཆོག་གིས། གཞུང་ཆེན་བཅུ་གསུམ་འདི་ཉིད་རྫོང་སར་མཁན་རབས་དང་པོ་མཁན་ཆེན་གཞན་དགའ་རིན་པོ་ཆེས་མཆན་འགྲེལ་མཛད་དེ་བྱུང་བ་ཞིག་ཡིན་པ་དང་། དེ་ནས་རིམ་པར་བརྒྱུད་དེ་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་རབས་བཅུ་པ་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་བརྒྱུད་པ་དང་། མཁན་རིན་པོ་ཆེའི་ཀུན་དགའ་དབང་ཕྱུག་གི་སྐུ་མདུན་ནས་མཁན་ཆེན་ཁོང་གིས་གཞུང་ཆེན་བཅུ་གསུམ་གྱི་ལྗགས་ལུང་ཆ་ཚང་བ་ཐེངས་གཅིག་ཞུས་ཡོད་པ་དང་། དེ་བཞིན་ཁྲིད་ལུང་ནི་དབུ་མ་རྩ་འཇུག་བཞི་གསུམ། མདོ་སྡེ་རྒྱན། ཤེར་ཕྱིན་རྣམས་མཁན་རིན་པོ་ཆེ་རིན་ཆེན་གྱི་མདུན་ནས་འཆད་ཁྲིད་ཐོབ་པ། སོར་མདོ་དང་འདུལ་བ་མདོ་རྩ་བ་མཁན་པོ་ངག་དབང་འོད་ཟེར་ལས་འཆད་ཁྲིད་ཐོབ་པ། རྒྱུད་བླ་མ་མཁན་རིན་པོ་ཆེ་ཆོས་དབྱིངས་རྡོ་རྗེ་ལས་འཆད་ཁྲིད་ཐོབ་པ། ཆོས་ཉིད་རྣམ་འབྱེད་དང་དབུས་མཐའ་རྣམ་འབྱེད་གཉིས་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་ལས་འཆད་ཁྲིད་ཐོབ་ཡོད་པ་དང་དེ་དག་མང་པོ་ཞིག་ལ་ཁྲིད་ཚར་གཉིས་རེ་ཡང་ཐོབ་ཡོད་པར་བཀའ་ཕེབས་པ་དང་། དེ་བཞིན་ཁྲིད་དང་ལུང་གི་རྒྱུན་ཞེས་པ་འདི་གལ་ཆེན་པོ་ཡིན་སྟབས་སྔོན་མ་ཡིན་ན་སྐབས་རེ་འཛིན་གྲྭར་བཅར་མ་ཐུབ་པའི་སྐབས་བྱུང་ནའང་རང་གི་འཛིན་གྲྭའི་མཁན་པོ་དང་སྐྱོར་དཔོན་གྱི་མདུན་དུ་བཅར་ནས་ཁྲིད་ལུང་ཞུ་གི་ཡོད་པ་བཞིན། ཁྲིད་ལུང་གི་རྒྱུན་མ་ཆད་པར་ཞུ་དགོས་པ་གལ་ཆེན་ཡིན་པ་བཅས་ཀྱི་སྐོར་ནས་ལུང་གི་སྔོན་འགྲོའི་ཚུལ་དུ་བཀའ་སློབ་གནང་།

༸དཔལ་ས་སྐྱའི་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་དབུས་པའི་བཤད་གྲྭའི་དགེ་སློབ་འདུས་པ་ཡོངས་ལ་ལྗགས་ལུང་སྩོལ་བཞིན་པ།

འདིར་ཞར་བྱུང་དུ་གཞུང་ཆེན་བཅུ་གསུམ་ཞེས་གྲགས་པ་ངོ་སྤྲོད་བསྡུས་ཙམ་བྱེད་ན། གཞུང་ཆེན་བཅུ་གསུམ་ཞེས་པ་ནི། བཀའ་རྒྱ་ཆེ། ལུང་གྲངས་མང་། མན་ངག་གཏིང་ཟབ་པའི་སངས་རྒྱས་ཀྱི་བཀའ་ཡི་དགོངས་པ་འགྲེལ་བར་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་གཞུང་ཆེན་རྣམས་ཀྱི་ཁྲོད་ནས། རྒྱ་གར་མཁས་པས་མཛད་པའི་མདོ་ཕྱོགས་ཀྱི་བསྟན་བཅོས་གྲགས་ཆེ་བ་བཅུ་གསུམ་གྱི་བསྡུས་མིང་ཞིག་ཡིན། སྤྱིར་ན་བོད་དུ་གཞུང་ཆེན་སློབ་གཉེར་བྱེད་པའི་བཤད་པའི་གྲྭ་ཁག་ཏུ་གཞུང་ཆེན་བཀའ་པོད་ལྔ་དང་། གྲགས་ཆེན་བཅོ་བརྒྱད། གཞུང་ཆེན་བཅུ་གསུམ། པོད་ཆེན་དྲུག་སོགས་གྲགས་པ་ཐམས་ཅད་དུས་རབས་བཅུ་གཅིག་པར་རྔོག་ཁུ་དབོན་གྱིས་གསང་ཕུ་ནེའུ་ཐོག་བཤད་གྲྭར་བཀའ་པོད་ལྔ་ཡི་འཛིན་གྲྭ་བཙུགས་པ་ནས་རྩ་བ་དང་ཡན་ལག་གི་ཚུལ་གྱིས་བསླབ་གཞིའི་གཞུང་ཆེན་གཏན་འབེབ་བྱེད་ཚུལ་མ་འདྲ་བའི་ཐོག་ནས་བྱུང་ཞིང་། དེ་ལས་གཙོ་བོར་བཀའ་རྙིང་གི་ཕྱོགས་སུ་གཞུང་ཆེན་བཅུ་གསུམ་ཞེས་པ་གྲགས་ཆེ་བ་དང་། ས་སྐྱའི་ཕྱོགས་སུ་གྲགས་ཆེན་བཅོ་བརྒྱད་ཅེས་པ་གྲགས་ཆེ་བ་དང་། དགེ་ལུགས་ཀྱི་ཕྱོགས་སུ་བཀའ་པོད་ལྔ་ཞེས་པ་གྲགས་ཆེ་བ་ཡིན་པར་སྣང་།

རྫོང་སར་བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ལྗགས་ལུང་གནང་བཞིན་པ།

དེ་ལས་སྐབས་བབ་གཞུང་ཆེན་བཅུ་གསུམ་ཞེས་པ་ནི་སྔར་གྱི་གཞུང་ཆེན་བཀའ་པོད་ལྔ་རྩ་བར་བྱས་པ་ལ་སྔ་འགྱུར་རྙིང་མའི་གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་རྒྱལ་སྲས་གཞན་ཕན་སྣང་བས་རྫོགས་ཆེན་ཤྲཱི་སིངྷའི་ཆོས་གྲྭའི་བསླབ་གཞི་རུ་འདུལ་བའི་གཞུང་ཆེན་གཉིས། མངོན་པའི་གཞུང་ཆེན་གཉིས། མདོ་སྡེའི་གཞུང་ཆེན་བདུན་དང་བཅས་པ་གཏན་ལ་ཕབ་པ་ནས་འཆད་ཉན་གྱི་རྒྱུན་བཙུགས། དེའི་སློབ་མ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། དེའི་སློབ་མ་མཁས་གྲུབ་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁས་གྲུབ་ཨོ་རྒྱན་བསྟན་འཛིན་ནོར་བུས་ཉིད་ཀྱི་ཕྱག་དཔེ་གཞུང་ཆེན་བཅུ་གསུམ་གྱི་རྒྱ་གཞུང་རྩ་འགྲེལ་མང་པོ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་(མཁན་ཆེན་གཞན་དགའ)ལ་གནང་སྟེ། འདི་དག་ལ་གཙོར་འདོན་གྱིས་འཆད་རྩོམ་རེ་གྱིས་དང་། བརྒྱུད་འཛིན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་བྱོན་ནས། ལུང་དང་རྟོགས་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་འགྱུར་ཞེས་དབུགས་དབྱུང་མཛད། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བས་རྒྱ་འགྲེལ་ཁུངས་ཐུབ་རྣམས་ལ་གཞི་བཅོལ་ནས་གཞུང་ཆེན་བཅུ་གསུམ་ལ་འཆན་འགྲེལ་བརྩམས་ཏེ་དགེ་མང་རི་ཁྲོད་དང་། རྫོགས་ཆེན་ཤྲཱི་སིངྷ་བཤད་གྲྭ། དཔལ་སྤུངས་བཤད་གྲྭ(གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ལོ་བརྒྱད་ཀྱི་རིང་ལ་འཆད་ཁྲིད་མཛད་པ་མ་ཟད་རིམ་པས་སི་ཏུ་རིན་པོ་ཆེའི་བདག་རྐྱེན་ལས་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ཤིང་པར་དུ་ཡང་བརྐོས)། རྫོང་སར་ཁམས་བྱེའི་བཤད་གྲྭ། སྒ་སྐྱེ་དགུ་དགོན་ཆེན་དོན་གྲུབ་གླིང་སོགས་སུ་སྐུ་དངོས་ཀྱིས་མི་ལོ་ཉེར་བརྒྱད་རིང་ལ་འཆད་ཁྲིད་མཛད་པ་དང་། ཁོང་གི་ཐུགས་སྲས་བསྟན་པ་ཕྱོགས་བཅུར་སྤེལ་བའི་སྐྱེས་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཟུར་མང་པདྨ་རྣམ་རྒྱལ་ལ་བཀའ་བསྩལ་པ་བཞིན་གཞུང་ཆེན་བཅུ་གསུམ་གྱི་འཆད་ཐབས་ཀྱང་མཛད་དེ་གཞུང་ཆེན་བཅུ་གསུམ་ཞེས་ཡོངས་སུ་གྲགས་པར་གྱུར། ཁོང་གི་ཐུགས་སྲས་ཞལ་སློབ་རྒྱལ་བསྟན་རིས་མེད་སྐྱོང་བའི་བསྟན་འཛིན་རྣམ་གཉིས། དགོངས་བརྒྱུད་རྟོགས་པ་འཕོས་པའི་འཇའ་ལུས་པ་བཞི། ལྔ་རིག་སྨྲ་བའི་དབང་ཕྱུག་པཎྜི་ཏ་གཉིས། རྣམ་དཔྱོད་ཕུལ་དུ་ཕྱིན་པའི་རབ་འབྱམས་པ་གཉིས། མཁས་དབང་ཆོས་གྲགས་རྣམ་གཉིས། གྲུབ་པ་ཐོབ་པའི་སྐྱེས་བུ་རྣམ་བཞི། དྲག་སྔགས་ནུས་མཐུ་ལ་རང་དབང་ཐོབ་པའི་སྐྱེས་བུ་གཉིས། བསྟན་པ་ཕྱོགས་བཅུར་སྤེལ་བའི་སྐྱེས་ཆེན་བཅོ་བརྒྱད་བཅས་བྱོན་ནས་དེ་དག་གིས་མདོ་དབུས་ཀྱི་ཆོས་སྡེ་ཆེ་ཕྲ་དུ་མ་ལ་གཞུང་ཆེན་བཅུ་གསུམ་མཆན་འགྲེལ་འཆད་ཉན་གྱི་སྲོལ་བཙུགས་ཏེ་སློབ་མ་ཡང་སློབ་དང་བཅས་པས་རྒྱུན་བསྐྱངས་པས་དེང་གི་དུས་བར་དུ་གཞུང་ཆེན་བཅུ་གསུམ་འདི་ཉིད་ས་བཀའ་རྙིང་གསུམ་གྱི་ཕྱོགས་ནས་ཐོས་བསམ་གྱི་གཞི་མ་རུ་བྱེད་བཞིན་པའི་ཕྲིན་ལས་རྟ་བདུན་གྱི་འོད་ལ་འགྲན་པ་འདི་བྱུང་ངོ་།།

རྫོང་སར་བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ལྗགས་ལུང་གནང་བཞིན་པ།

གཞུང་ཆེན་བཅུ་གསུམ་གྱི་ངོས་འཛིན་ནི། ཟུར་མང་པདྨ་རྣམ་རྒྱལ་གྱིས་མཛད་པའི་གཞུང་ཆེན་བཅུ་གསུམ་གྱི་འཆད་ཐབས་དང་མཚན་དོན་གྱི་འགྲེལ་བ་ལས། “མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད། མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད། རྩ་འཇུག་བཞི་སྤྱོད་ཟབ་མོ་ལྟ་བའི་གཞུང་། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་མདོ་སྡེའི་གཞུང་སྟེ། སྐབས་ཀྱི་དགོངས་འགྲེལ་གཙོ་བོ་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་ལས།” ཞེས་གསུངས་པ་ལྟར། སོ་སོ་ཐར་པའི་མདོ། འདུལ་བ་མདོ་རྩ་བ། མངོན་པ་མཛོད། མངོན་པ་ཀུན་བཏུས། དབུ་མ་རྩ་བ་ཤེས་རབ། དབུ་མ་ལ་འཇུག་པ། དབུ་མ་བཞི་བརྒྱ་པ། སྤྱོད་འཇུག ཤེར་ཕྱིན་མངོན་རྟོགས་རྒྱན། མདོ་སྡེའི་རྒྱན། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད། རྒྱུད་བླ་མ་བཅས་རྒྱ་གཞུང་ཆེན་པོ་བཅུ་གསུམ་པོ་འདི་རྣམས་དང་། འདུལ་བའི་ཆ་ལག་ཀཱ་རི་ཀཱ་སུམ་བརྒྱ་པ་དང་ཀཱ་རི་ཀཱ་ལྔ་བཅུ་པ་གཉིས། དབུ་མའི་ཆ་ལག་རྩ་ཤེས་ཀྱི་རབ་བྱེད་དང་པོའི་གཞན་སྐྱེ་འགོག་པའི་སྐབས་ལས་སྤྲོས་པ་རྩོད་ཟློག རབ་བྱེད་བདུན་པ་མཚན་ཉིད་བརྟག་པའི་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། དབུ་མ་རྩ་བའི་ཐེག་དམན་དགྲ་བཅོམ་གྱི་རྟོགས་རིགས་རྟེན་འབྲེལ་གྱི་ངོ་བོ་སྟོང་ཉིད་གཙོ་བོར་སྟོན་པ་རིགས་པ་དྲུག་ཅུ་པ། དབུ་མ་རྩ་བ་ལས་བྱེ་བྲག་ཏུ་ཕྱི་རོལ་རིག་པ་ཅན་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་ཚར་གཅོད་པར་བྱེད་པ་ཞིབ་མོ་རྣམ་འཐག་སྟེ་ཆ་ལག་དྲུག་དང་བཅས་པས་ཁྱོན་རྒྱ་གཞུང་བཅུ་དགུ་ཡོད་དོ།།

མཁན་ཆེན་གཞན་དགའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ལྗགས་ལུང་གནང་སྐབས།

གཞུང་ཆེན་བཅུ་གསུམ་གྱི་བརྒྱུད་པ་ནི། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསར་སྙིང་སྐྱེས་ཆེན་དམ་པ་མང་པོ་ལས་གསན་བསམ་ཕྱོགས་མེད་དུ་མཛད་པ་ལས་རྒྱུད་སྟོད་མཁན་པོ་དགེ་འདུན་དར་རྒྱས་ལས་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིགས་ཚོགས་སོགས་འཕགས་ཡུལ་མཁས་པའི་གཞུང་ལུགས་ཀྱི་རྒྱུན་ཡོད་དོ་ཅིག་གསན། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་མཁས་གྲུབ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་ལ། མཁས་གྲུབ་ཨོ་རྒྱན་བསྟན་འཛིན་ནོར་བུ་ལས་རྫོང་སར་མཁན་རབས་དང་པོ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་ལ་དང་། མཁན་ཆེན་གཞན་ཕན་སྣང་བས་གཞུང་ཆེན་བཅུ་གསུམ་ཡན་ལག་དང་བཅས་པར་མཆན་འགྲེལ་བརྩམས་ནས་འཆད་ཁྲིད་རྒྱ་ཆེར་མཛད་པ་ལས་དབོན་སྟོད་མཁྱེན་རབ་ཆོས་ཀྱི་འོད་ཟེར་དང་སྒ་སྟོན་འཇམ་དབྱངས་རྒྱལ་མཚན་ལ། དབོན་སྟོད་མཁྱེན་རབ་དང་བླ་མ་འཇམ་རྒྱལ་ལས་མཁས་པ་ཆེན་པོ་མདོ་སྲིབ་པ་ཐུབ་བསྟན་རྒྱལ་མཚན་ལ། མདོ་སྲིབ་པ་ཐུབ་བསྟན་རྒྱལ་མཚན་ལས་ཡོངས་ཀྱི་དགེ་བའི་བཤེས་གཉེན་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་རབས་བཅུ་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་ལ་བརྒྱུད་ཡོད་པ་དང་། མཁན་ཆེན་ཀུན་དགའ་དབང་ཕྱུག་ལས་མཁན་ཆེན་བསམ་གྲུབ་ལ་བརྒྱུད་པ་ཡིན་ནོ།།

མཁན་ཆེན་གཞན་དགའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ལྗགས་ལུང་གནང་སྐབས།

ད་བར་དུ་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་པར་དུ་བརྐོས་པ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཤིང་པར། རྫོགས་ཆེན་ཤྲཱི་སིངྷའི་ཤིང་པར་གསར་རྙིང་། ཉག་རོང་གུ་རུ་དགོན་པའི་ཤིང་པར། འབྲི་གུང་ཉི་མ་ལྕང་རའི་ཤིང་པར། འབྲུག་གི་ཤིང་པར། བལ་ཡུལ་གྱི་ཤིང་པར། རྒྱ་གར་ཤིང་པར་བཅས་ཤིང་པར་བརྒྱད་ཙམ་དང་། ལག་བྲིས་རྙིང་པ་ཁག་གཅིག དེ་དག་ལ་གཞི་བཅོལ་ནས་པར་དུ་བསྐྲུན་པའི་དཔེ་གཟུགས་དང་དེབ་གཟུགས་ཀྱི་པར་མ་ཁག་བཅས་བཞུགས་སོ།།

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *