༈ <<སྤྲིན་གྱི་ཕོ་ཉ་>> _སྐད་བཞི་ཤན་སྦྱར་གྱི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་ཚོགས་པ།

སྤྲིན་གྱི་ཕོ་ཉ་དབུ་འབྱེད་མཛད་སྒོ།

སྤྱི་ལོ་ ༢༠༡༩ ཟླ ༡༢ ཚེས་ ༡ ལ། འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་དཔེ་མཛོད་བཀྲ་ཤིས་སྒོ་མང་དུ། རིག་གནས་རབ་འབྱམས་པའི་སློབ་མ་ལི་ཐང་དབྱིག་གཉེན་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། བཤད་གྲྭའི་མཐོ་རིམ་རིག་གནས་སྡེ་ཚན་གྱི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་དགེ་རྒན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་དང་། ཝར་ན་དབུས་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སློབ་མ་རྡོ་རྗེ་སྐྱབས་གཉིས་ཀྱིས་བསྡུ་སྒྲིག་མཛད་པའི་<<སྤྲིན་གྱི་ཕོ་ཉ་>>_ སཾ་བོད་དབྱིན་རྒྱའི་སྐད་བཞི་ཤན་སྦྱར་གྱི་དཔེ་དེབ་གསར་པའི་འགྲེམ་སྤེལ་མཛད་སྒོ་ཚོགས་ཡོད་པ་རེད།

༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེས་དཔེ་དེབ་དབུ་འབྱེད་མཛད་བཞིན་པ།

མཛད་སྒོའི་ཚོགས་མགོན་དུ་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ཆིབས་སྒྱུར་བསྐྱངས་པའི་དབུས། རྫོང་སར་བཤད་གྲྭའི་ལས་ཐོག་མཁན་རིན་པོ་ཆེ་བསམ་གྲུབ་མཆོག དེ་བཞིན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་ཆེན་མོ་བསོད་ནམས་རྒྱལ་མཚན་དང་ཚོགས་གཞོན་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས། བཤད་གྲྭའི་མཁན་པོ་དང་དཔེ་ཁྲིད་དགེ་རྒན་ཁག་ཅིག བཤད་གྲྭའི་རིག་གནས་སྡེ་ཚན་གྱི་དགེན་ལགས་རྣམ་པ། བཤད་གྲྭའི་མཐོ་རིམ་རིག་གནས་སྡེ་ཚན་གྱི་རིག་གནས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམ་པ་བཅས་ཚང་འཛོམས་བྱུང་ཡོད་པ་རེད།

<<སྤྲིན་གྱི་ཕོ་ཉ།>> _ སཾ་བོད་དབྱིན་རྒྱ་སྐད་བཞི་ཤན་སྦྱར་དབུ་འབྱེད་མཛད་སྒོ།

མཛད་སྒོའི་ཐོག་མར་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་མཆོག་གིས་དཔེ་དེབ་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང། རིམ་བཞིན་དགེ་རྒན་ཆེན་མོ་དགེན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་དང། དགེན་མེ་འོད་མཆོག དགེན་བསོད་ནམས་རྒྱལ་མཚན་མཆོག དགེན་སྨན་ཤེར་བློ་གྲོས་མཆོག་སོ་སོས་གསུང་བཤད་གནང།

དེ་ཡང་དགེ་རྒན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས། སྤྲིན་གྱི་ཕོ་ཉའི་རྩོམ་པ་པོ་སློབ་དཔོན་ནག་མོའི་འཁོལ་གྱི་ལོ་རྒྱུས་དང། སྤྲིན་གྱི་ཕོ་ཉ་བོད་དུ་དར་ཚུལ། ཁོང་གིས་མི་ལོ་བཅུ་ལྷག་གི་གོང་ནས་སྤྲིན་གྱི་ཕོ་ཉའི་སྐད་བཞི་ཤན་སྦྱར་གྱི་ལས་འཆར་བསྒྲིགས་པ་ནས་བཟུང་ཤེས་ལྡན་པ་རྡོ་རྗེ་སྐྱབས་ལགས་དང་ལྷན་དུ་རྒྱུ་ཆ་གསོག་སྒྲུབ་དང། དཔེ་བསྡུར། ཞུ་དག མཆན་འགོད་སོགས་ཀྱི་བརྒྱུད་རིམ་ཆ་ཚང་ཞིག་ངོ་སྤྲོད་གནང་དོན།

 
དགེ་རྒན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང།
སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་དབུ་འབྱེད་མཛད་སྒོའི་གཏམ་བཤད།-དགེ་རྒན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང།

དེའི་རྗེས་སུ་རྩོམ་རིག་དགེ་རྒན་མེ་འོད་ལགས་ཀྱིས། སྤྲིན་གྱི་ཕོ་ཉ་འཛམ་གླིང་ལ་དར་ཁྱབ་ཕྱིན་པའི་བརྒྱུད་རིམ་དང་འབྲེལ་ཏེ་བོད་ཕྱི་ནང་ལ་སྤྲིན་གྱི་ཕོ་ཉའི་འགྱུར་དང་དེའི་འགྲེལ་བ་སོགས་ཇི་ལྟར་བྱུང་བའི་བརྒྱུད་རིམ་ངོ་སྤྲོད་གནང་དོན།

རྫོང་སར་མཐོ་རིམ་རིག་གནས་སྡེ་ཚན་གྱི་རྩོམ་རིག་དགེ་རྒན་མེ་འོད།
སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་དབུ་འབྱེད་མཛད་སྒོའི་གཏམ་བཤད།-དགེན་མེ་འོད།

དེའི་རྗེས་སུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་དགེན་བསོད་ནམས་རྒྱལ་མཚན་མཆོག་གིས། སྤྱིར་འགྱུར་གྱི་གལ་གནད་དང་རང་བཞིན། སྙན་ངག་སྤྲིན་གྱི་ཕོ་ཉའི་རིན་ཐང། སྐབས་སུ་བབ་པའི་སྐད་བཞི་ཤན་སྦྱར་གྱི་དཔེ་དེབ་ཞུ་སྒྲིག་གནང་བར་གདེང་འཇོག་བཅས་ཀྱི་སྒོ་ནས་གསུང་བཤད་གནང་དོན།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དགེན་བསོད་ནམས་རྒྱལ་མཚན།
སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་དབུ་འབྱེད་མཛད་སྒོའི་གཏམ་བཤད།-དགེན་བསོད་ནམས་རྒྱལ་མཚན།

དེའི་རྗེས་སུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་ནོར་གླིང་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་དགེན་སྨན་ཤེར་བློ་གྲོས་མཆོག་གིས། འཛམ་གླིང་རྩོམ་རིག་ལས་ཤར་ཕྱོགས་རྩོམ་རིག་ནང་དུ་སྤྲིན་གྱི་ཕོ་ཉའི་གོ་གནས་དང། འཇམ་མགོན་ས་པཎ་གྱི་གསུང་དང་འབྲེལ་ནས་བོད་ཀྱི་ཤེས་རིག་ནང་རྩོམ་རིག་གི་གལ་ཆེའི་རང་བཞིན། སྐབས་བབ་སྐད་བཞི་ཤན་སྦྱར་གྱི་ཐོག་ནས་དཔེ་སྐྲུན་བྱས་པ་འདིས་སློབ་སྦྱོང་དང་ཞིབ་འཇུག་གི་འཕེལ་རིམ་གལ་ཆེན་ཞིག་ཏུ་སླེབས་པའི་མཚོན་རྟགས་ཡིན་པ་བཅས་ཀྱི་སྐོར་ནས་གསུང་དོན།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དགེན་སྨན་ཤེར་བློ་གྲོས།
སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་དབུ་འབྱེད་མཛད་སྒོའི་གཏམ་བཤད།-དགེན་སྨན་ཤེར་བློ་གྲོས།

མཇུག་མཐར་ནོར་གླིང་ཉམས་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པ་འབྲོག་རུ་ཆོས་དར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་བོ།།

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *