༈ འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭའི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན་མཛད་སྒོ་འཚོགས་པ།

སྤྱི་ལོ་ ༢༠༡༩ ཟླ་བ་ ༨ ཚེས་ ༡༨ ཉིན་འཕགས་ཡུལ་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན་མཛད་སྒོ་ཟབ་རྒྱས་ངང་འཚོགས།

རིག་གནས་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན་མཛད་སྒོ།

མཛད་སྒོ་འདིའི་ཚོགས་མགོན་དུ་༸དཔལ་ས་སྐྱའི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་རྣམ་གཉིས་ཞབས་སོར་འཁོད་ཡོད་པ་དང། མཛད་སྒོའི་སྟེགས་བུའི་ཐོག་མཁན་ཆེན་འཇམ་དབྱངས་བློ་གསལ་མཆོག་དང་བཤད་གྲྭའི་ལས་ཐོག་མཁན་པོ་བསམ་འགྲུབ་མཆོག དམིགས་བསལ་སྐུ་མགྲོན་འཇར་མན་ཧམ་བྷག་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་མཁས་དབང་རྡོ་རྗེ་དབང་ཕྱུག་མཆོག་དང་མཁས་དབང་ལྕམ་སྐུ་ཨོར་ན་ཨལ་མོ་གི་མཆོག རྫོང་སར་རིག་གནས་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག རྫོང་སར་སློབ་གྲྭ་ཀནིཥྐའི་སློབ་སྤྱི་དོན་འགྲུབ་རྡོ་རྗེ་མཆོག་བཅས་པ་མཛད་སྒོའི་དབུ་བཞུགས་མཛད་ཅིང། གཞན་ཡང་བཤད་གྲྭའི་མཁན་པོ་དགེ་རྒན་སྐྱོར་དཔོན་རྣམ་པ། རྫོང་སར་མཐོ་རིམ་རིག་གནས་སྡེ་ཚན་གྱི་དགེན་ལགས་རྣམ་པ། རྫོང་སར་སློབ་གྲྭ་ཀནིཥྐའི་དགེ་རྒན་རྣམ་པ། མཁན་ཆེན་བདེ་བར་གཤེགས་པའི་དངོས་བརྒྱུད་ཀྱི་ཞལ་སློབ་ཐེ་ཝན་ནས་ཕེབས་པའི་སྨན་པ་དང་སྦྱིན་བདག་ཁག་གཅིག དེ་བཞིན་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་བཤད་གྲྭ་དང་མཐོ་རིམ་རིག་གནས་སྡེ་ཚན། གཞི་རིམ་སློབ་གྲྭ་ཀནིཥྐ་བཅས་ཀྱི་སློབ་གཉེར་བ་ཡོངས་མཉམ་འཛོམས་ཀྱིས་མཛད་སྒོའི་ཐོག་མར་༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་མཛད་དེ་སྐུ་མགྲོན་དང་འདུས་མང་ཡོངས་བཞུགས་གྲལ་དུ་འཁོད་པ་དང་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་བཞིན་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་ཞལ་ཁ་འབྱེད་བཞིན་པ།

དེ་ནས་བཤད་གྲྭའི་ལས་ཐོག་མཁན་པོ་བསམ་འགྲུབ་མཆོག་གིས་གསུང་བཤད་གནང་བར་བཤད་གྲྭ་འདིར་མཐོ་རིམ་རིག་གནས་སྡེ་ཚན་འདི་འཛུགས་དགོས་པའི་དགོས་པ་རྒྱུ་མཚན་གྱི་སྐོར་ནས། སྤྱིར་ང་ཚོ་ཚང་མ་ནང་པ་སངས་རྒྱས་པ་ཡིན་པ་དང་དེའི་ནང་ནས་ཀྱང་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱེད་མཁན་ཤ་སྟག་ཆགས་ཡོད་སྟབས་དམིགས་ཡུལ་གཙོ་བོ་དེ་བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་ཡན་ལག་དང་བཅས་པ་བརྗོད་བྱའི་དོན་ལེགས་པར་ཤེས་པར་བྱ་རྒྱུ་དེ་ཡིན་ཡང་བརྗོད་བྱ་དེ་དག་སྤུས་དག་པོ་ཞིག་ཤེས་པར་བྱེད་པ་ལ་དེའི་རྗོད་བྱེད་བོད་ཀྱི་སྐད་དང་རིག་གནས་ལས་གྲུབ་པ་ཞིག་ཡིན་སྟབས་བོད་ཀྱི་སྐད་དང་རིག་གནས་དེ་མ་ཤེས་ཐབས་མེད་ཡིན་པ་དང།

ལས་ཐོག་མཁན་པོ་བསམ་འགྲུབ་མཆོག་གིས་གསུང་བཤད་གནང་བཞིན་པ།

སྤྱིར་བཏང་བཙན་བྱོལ་གྱི་སྤྱི་ཚོགས་ནང་ལ་བོད་ཁྱིམ་དང་སཾ་བྷོ་ཌ་སོགས་ཀྱི་སློབ་གྲྭ་མང་པོ་ཡོད་ན་ཡང་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཐོན་ནས་ཕལ་ཆེ་བ་རྒྱ་གར་གྱི་མཐོ་སློབ་ཁག་ལ་འགྲོ་གི་ཡོད་སྟབས་དེ་ནས་བོད་ཀྱི་རིག་གནས་བསླབ་རྒྱུ་མེད་པ་ཆགས་ནས་སཱ་ར་དང་ཝ་ར་ན་སི་ལྟ་བུ་རེ་ཟུང་ལ་མ་གཏོགས་བོད་པའི་སློབ་གྲྭ་ཁག་གི་ནང་ལ་བོད་ཀྱི་རིག་གནས་དེ་མུ་མཐུད་དེ་གཏིང་ཟབ་མོར་སློབ་གཉེར་བྱ་ས་མེད་པ་ལྟ་བུ་ཞིག་དང། དེ་བཞིན་བོད་ནང་ལ་མཚོན་ན་ཡང་དམའ་རིམ་ཙམ་མ་གཏོགས་མཐོ་རིམ་གྱི་སློབ་གཉེར་བྱ་ས་ཕལ་ཆེ་བར་རྒྱ་ཡིག་དང་རིག་གནས་གཞན་དང་གཞན་ལ་སློབ་སྦྱོང་བྱེད་པ་མ་གཏོགས་བོད་ཀྱི་སྐད་དང་རིག་གནས་ལ་ཕུག་ཐུག་པ་ཞིག་སྦྱང་ས་དཀོན་པོ་ཡིན་པས་ན་བོད་ཀྱི་རིག་གནས་སློབ་གཉེར་བྱ་སའི་ཁོར་ཡུག་ཉུང་ངུར་གྱུར་ནས་བཀའ་བསྟན་བཅོས་ཀྱི་གཞི་རྟེན་དུ་གྱུར་པ་བོད་ཀྱི་རིག་གནས་འདིའི་གནས་བབ་ཤིན་ཏུ་ཉག་ཕྲ་བར་གྱུར་པའི་སྐབས་འདིར། བཀའ་བསྟན་གྱི་རྗོད་བྱེད་དུ་གྱུར་པའི་བོད་ཀྱི་བརྡ་སྤྲོད་དང་རྩོམ་རིག་གི་འཆད་ཉན་གྱི་འགན་དེ་སྤྱིར་བཏང་གྲྭ་བཙུན་གྱི་སྡེ། དེའི་ནང་ནས་ཀྱང་བཤད་གྲྭ་དང་གདན་ས་ཆེ་ཁག་གིས་འགན་འཁུར་དགོས་པའི་དུས་ལ་བབ་ཡོད་པ་དང། གལ་སྲིད་འགན་འདི་མ་འཁུར་ན་མ་འོངས་པར་ང་ཚོའི་མི་རབས་འདི་རྫོགས་འགྲོ་བའི་སྐབས་སུ་མདོ་སྔགས་ཡོངས་སུ་རྫོགས་པའི་བོད་བརྒྱུད་ནང་བསྟན་འདི་གཉན་པོ་གསང་བར་འགྱུར་འགྲོ་བའི་ཉེན་ཁ་ཡོད་པ་ཡིན་སྟབས་སྤྱིར་ནང་པ་སངས་རྒྱས་པ་དང་ཡང་སྒོས་སུ་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དེ་ལྟའི་རྗོད་བྱེད་ཀྱི་ཚིག་དེ་མ་ཉམས་པར་གསོན་པོར་གནས་པའི་ཆེད་དུ་དང།

རྫོང་སར་རིག་གནས་དགེ་རྒན་རྣམ་པ་བཞུགས་གྲལ་དུ་འཁོད་པ།

བཤད་གྲྭ་འདིར་སློབ་གཉེར་གནང་བཞིན་པའི་སློབ་མ་རྣམས་དང་འདིར་སློབ་གཉེར་ལ་ཕེབས་འདོད་ཡོད་པའི་སློབ་མ་མང་པོ་ཞིག ཁྱད་པར་བཤད་གྲྭ་འདིར་སློབ་གཉེར་ལ་ཕེབས་མཁན་མང་པོ་ཞིག་འབྲུག་ནས་ཡིན་པ་དང་ཁོང་རྣམ་པ་ལ་ཡང་རིག་གནས་ཀྱི་སློབ་སྦྱོང་དེ་གལ་ཆེན་པོ་ཆགས་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ན་ཡང། བཤད་གྲྭ་འདིར་མཐོ་རིམ་རིག་གནས་ཀྱི་སློབ་གཉེར་བྱ་ས་མེད་པའི་རྐྱེན་གྱིས་ཁོང་རྣམ་པར་འདོད་བློ་འཚིམ་པའི་སློབ་སྦྱོང་ཞིག་རག་གི་མེད་སྟབས་དེའི་མཐུན་རྐྱེན་བསྒྲུབ་རྒྱུ་དེ་བཤད་གྲྭའི་ངོས་ནས་ཀྱང་གལ་ཆེན་པོར་མཐོང་བ།

རིག་གནས་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན་མཛད་སྒོ།

མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གང་ལ་ཡང་རིག་གནས་ཕུན་སུམ་ཚོགས་པ་ཞིག་མེད་ན་ལག་རྡུམ་བྲག་ལ་འཛེགས་པ་བཞིན་དུ་ཆགས་ཀྱི་ཡོད་སྟབས་ཐ་སྙད་རིག་གནས་ཀྱི་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་སོགས་དགོས་པ་དང་རྒྱུ་མཚན་དུ་མ་ལ་བརྟེན་ནས་བསྟན་པའི་བདག་པོ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས་བཤད་གྲྭའི་འཛིན་སྐྱོང་ཚོགས་འདུ་མང་པོ་འཚོགས་ནས་མཐོ་རིམ་རིག་གནས་ཀྱི་སྡེ་ཚན་འདི་འཛུགས་པར་གོ་བསྡུར་མང་པོ་བྱས་པ་མ་ཟད། མཁན་ཆེན་བདེ་བར་གཤེགས་པའི་ཐུགས་དགོངས་ཡང་ཡིན་པ་མཁན་རིན་པོ་ཆེ་མཆོག་གིས་བཤད་གྲྭ་འདིའི་སློབ་གཉེར་བ་ཁག་གཅིག་གུང་སེང་དང་སྟབས་བསྟུན་ནས་སཱ་ར་སོགས་སུ་རིག་གནས་སྦྱོང་བར་ཕེབས་པར་བསྔགས་བརྗོད་མཛད་པ་དང། མ་འོངས་པར་ང་རང་ཚོ་བཤད་གྲྭ་རང་ལ་ཡང་རིག་གནས་དགེ་རྒན་གདན་དྲངས་ནས་རིག་གནས་སློབ་གཉེར་སྦྱོང་རྒྱུ་ཡོད་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་ཡོད་པ་ལུང་འདྲེན་གནང་ནས་བཤད་གྲྭ་འདིར་མཐོ་རིམ་རིག་གནས་སྡེ་ཚན་བཙུགས་པ་འདི་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་ཆེན་བདེ་བར་གཤེགས་པའི་རྣམ་གཉིས་ཀྱིས་དབུས་པའི་གོང་བཤད་གྲྭའི་འཛིན་སྐྱོང་དང་འོག་སློབ་གཉེར་བ་ཡོངས་ཀྱི་རེ་བ་ཡིན་པ་དེ་འདྲ་ཞིག་གི་ཐོག་ནས་མཐོ་རིམ་རིག་གནས་སྡེ་ཚན་བཙུགས་པའི་བྱུང་རིམ་ཀྱི་རྒྱབ་ལྗོངས་དང་དགོས་དམིགས་ངོ་སྤྲོད་གནང་བ་དང།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་རིག་གནས་རབ་འབྱམས་པའི་ལག་འཁྱེར་སྩོལ་བཞིན་པ།

དེ་བཞིན་བཤད་གྲྭའི་ངོས་ནས་མཐོ་རིམ་རིག་གནས་སྡེ་ཚན་ཞིག་འཛུགས་རྒྱུའི་ཐག་གཅོད་བྱུང་ནས་དངོས་སུ་དགེན་ལགས་རྣམ་པ་གདན་ཞུའི་བརྒྱུད་རིམ་ཀྱི་སྐོར་ནས། ཐོག་མར་བཤད་གྲྭ་འདིའི་སློབ་ཟུར་བ་སཱ་ར་མཐོ་སློབ་ཀྱི་སློབ་ཐོན་པ་དགེན་བློ་བཟང་རྒྱལ་མཚན་ལ་རེ་སྐུལ་ཞུས་ན་ཡང་ཁོང་ཕེབས་མ་ཐུབ་པ་དང། དེ་ནས་དགེན་མེ་འོད་ལགས་གདན་ཞུ་བྱས་པ་བཞིན་ཞལ་བཞེས་ཐོབ་ནས་སྤྱི་ལོ་ ༢༠༡༧ ལོར་བཤད་གྲྭར་ཕེབས་ནས་རྫོང་སར་མཐོ་རིམ་རིག་གནས་སྡེ་ཚན་དངོས་སུ་འགོ་བཙུགས་ཐུབ་པ་བྱུང་བ་དང། རིམ་པས་བཤད་གྲྭའི་རིག་གནས་སྡེ་ཚན་འཛུགས་དགོས་པའི་དམིགས་ཚད་དང་རེ་བ་སོགས་ཀྱི་སྐོར་ནས་དགེན་མེ་འོད་ལགས་དང་བཀའ་མོལ་བྱུང་དོན་བཞིན་ཁོང་གིས་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཚམས་སྦྱོར་གནང་ནས་ལས་ཐོག་མཁན་པོ་ཁོང་དང་དགེན་མེ་འོད་རྣམ་གཉིས་སློབ་དཔོན་ཆེན་མོ་སྤྲེལ་ནག་པའི་མདུན་དུ་བཅར་ནས་གདན་ཞུ་བྱས་པ་བཞིན་ཁོང་གིས་ཞལ་བཞེས་གནང་ནས་བཤད་གྲྭ་འདིའི་མཐོ་རིམ་རིག་གནས་སྡེ་ཚན་གྱི་དགེ་རྒན་དུ་གདན་ཞུ་བྱ་ཐུབ་པ་བྱུང་བའི་བརྒྱུད་རིམ་དང།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་རིག་གནས་རབ་འབྱམས་པའི་ལག་འཁྱེར་སྩོལ་བཞིན་པ།

ཁོང་རྣམ་གཉིས་ལ་བཙན་བྱོལ་སྤྱི་ཚོགས་ནང་དུ་རིག་གནས་ལ་བྱང་ཚད་མཐོ་བའི་མི་སྣ་སུ་དང་སུ་ཡོད་མེད་སོགས་ལ་རྒྱུས་མངའ་ཡོད་སྟབས་ཁོང་རྣམ་གཉིས་ཕེབས་ནས་བཟུང་དགེ་རྒན་འཚོལ་རྒྱུ་ལ་ཡང་དཀའ་ངལ་མེད་པ་ལྟ་བུ་ཆགས་ནས་རིམ་པས་ལོ་རྒྱུས་དགེ་རྒན་ལ་བཤད་གྲྭའི་སློབ་ཟུར་བ་དགེན་རྡོ་རྗེ་ཕུན་ཚོགས་དང། བརྡ་སྤྲོད་དགེ་རྒན་ལ་དགེན་བཀྲ་ཤིས་མགོན་པོ་རྣམ་གཉིས་ཀྱང་གདན་དྲངས་ནས་དེ་རིང་འདི་གར་མཐོ་རིམ་རིག་གནས་རབ་འབྱམས་པའི་མཐར་ཕྱིན་མཛད་སྒོ་འཚོགས་ནས་རིག་གནས་རབ་འབྱམས་པ་སྐབས་དང་པོ་དངོས་སུ་སློབ་ཐོན་སོན་པའི་སྐོར། དེ་བཞིན་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་ངེས་སྟོན་པའི་ཐུགས་འགན་བཞེས་ནས་རྩོམ་རིག་གཙུག་ལག་རབ་འབྱམས་པའི་འཛིན་གྲྭ་ཡང་དངོས་སུ་བཙུགས་ཏེ་སློབ་འགོ་ཚུགས་ཟིན་བཅས་ཀྱི་སྐོར་ནས་གསུང་བཤད་རྒྱས་པ་གནང་བ་དང།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་རིག་གནས་རབ་འབྱམས་པའི་ལག་འཁྱེར་སྩོལ་བཞིན་པ།

མཇུག་མཐར་སློབ་ཐར་སོན་པའི་སློབ་མ་རྣམ་པས་དགེན་ལགས་ལ་མིག་དཔེ་བལྟས་ནས་རང་གིས་གང་སྦྱངས་པ་དང་གང་ཤེས་པ་དེ་གཞན་ལ་བརྒྱུད་སྤྲོད་ཀྱིས་བོད་ཀྱི་རིག་གནས་ལ་ཞབས་ཕྱི་ཧུར་ཐག་ཞུ་བ་མ་གཏོགས། རིག་གནས་ཏོག་ཙམ་ཤེས་པ་དང་རྩོམ་གང་ལ་གང་འཚམ་འབྲི་ཤེས་པ་དེས་སྤྱི་ཚོགས་དང་མི་སྒེར་ལ་དཀྲུག་ཤིང་དང་སྐྱོན་བརྗོད་ཁོ་ན་བྱེད་པ་དྲ་འབུའི་ལས་ཀ་དེ་འདྲ་བྱེད་མི་རུང་བའི་འབོད་བསྐུལ་གནང།

སྐབས་དང་པོའི་རིག་གནས་རབ་འབྱམས་པ་རྣམས་སྐུ་མགྲོན་ལྷན་རྒྱས་དང་མཉམ་སྒྲོན་འདྲ་པར་བླངས་པ།

དེའི་རྗེས་སུ་དམིགས་བསལ་སྐུ་མགྲོན་ཧམ་བྷག་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་ཆེན་མོ་མཁས་དབང་རྡོ་རྗེ་དབང་ཕྱུག་གིས་སྐབས་དང་པོའི་རིག་གནས་རབ་འབྱམས་པ་རྣམས་བསླབ་པ་ཐར་སོན་པར་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་ཆད་བདེན་པ་བཞི་ཁས་ལེན་གྱི་ཡོད་པ་དང། བདེན་བཞིའི་རྣམ་གཞག་དེ་སངས་རྒྱས་ཀྱིས་ཤེས་ནས་བླང་བ་དང་ཤེས་ནས་སྤང་དགོས་པ་རྩ་བར་བཟུང་ནས་གཏན་ལ་ཕབ་པའི་སྒྲོམ་གཞི་ཞིག་ཡིན་པ་དང། དེ་བཞིན་དེང་སང་གི་ཆོས་དང་མ་འབྲེལ་བའི་ཤེས་ཡོན་(Secular education)ཞེས་པ་སོགས་ཤེས་ཡོན་དང་རིག་པའི་གནས་གང་དང་གང་ཡིན་ན་ཡང་གནས་དང་གནས་མ་ཡིན་པ་ལེགས་པར་མཐོང་རྒྱུ་དེ་དམིགས་ཡུལ་དུ་བྱས་པ་ཞིག་ཡིན་སྟབས། མ་འོངས་པའི་མི་ཚེ་གང་འདྲ་ཞིག་བསྐྱལ་ན་ཡང་ཤེས་ཡོན་དོན་དུ་གཉེར་རྒྱུ་དེ་བློས་གཏོང་བྱ་མི་བྱེད་པར་ཤེས་ཡོན་གྱིས་མི་ངོམས་པ་ཞིག་དང། དེ་ཡང་ཤེས་ཡོན་སྦྱོང་བ་དེ་རྒྱུ་དཔལ་འབྱོར་དང་མཚན་སྙན་གྲགས་སོགས་ཀྱི་དོན་དུ་མ་ཡིན་པར་ཤེས་ཡོན་དོན་དུ་གཉེར་ནས་ཤེས་ཡོན་སྦྱོང་དགོས་རྒྱུ་དེ་གལ་ཆེན་ཡིན་པའི་སྐོར་དང།

གཙུག་ལག་སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་གིས་གསུང་བཤད་གནང་བཞིན་པ།

མཇུག་མཐར་ཁོང་གིས་འཛམ་གླིང་ནང་དུ་ཤེས་ཡོན་གྱི་རིགས་འདྲ་མི་འདྲ་ཡོད་པའི་ནང་ནས་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ནང་ལ་རིན་ཐང་ཆེན་པོ་གཉིས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དོན་དུ་གཉེར་བ་དང་སེམས་པ་བཟང་པོ་དེ་གཉིས་ཡིན་པ་དང། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཀྱི་མི་ངན་པ་གང་འདྲ་ཞིག་ཡིན་ན་ཡང་སེམས་པ་བཟང་པོ་ཟེར་བ་དེ་ཡག་པོ་ལ་བརྩི་བའི་རིན་ཐང་ལྟ་བ་ཞིག་ཡོད་པ་དེ་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཀྱི་རིན་ཐང་ཞིག་ཡིན་སྟབས། འགྲོ་བ་མི་སྤྱི་ལ་མཁོ་ཞིང་ཡར་རྒྱས་གོང་འཕེལ་ཚད་མེད་པར་གཏང་རྒྱུ་ཡོད་པ་ཐབས་སུ་གྱུར་པའི་སྙིང་རྗེ་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་གཉིས་གོང་འཕེལ་དུ་གཏོང་བར་སེམས་པ་བཟང་པོ་བྱེད་པ་དང་ཤེས་ཡོན་སློབ་གཉེར་ལ་ངོམས་པ་མེད་པར་བྱ་རྒྱུ་དེ་ཡིན་སྟབས་དེ་རིང་སློབ་ཐོན་བྱུང་བ་འདི་དགེན་ལགས་རྣམ་པའི་བཀའ་དྲིན་ཡིན་པ་ཤེས་པ་དང་དེ་རིང་སློབ་ཐོན་བྱུང་བ་འདི་ཤེས་ཡོན་སྦྱོང་བའི་སྒོ་ཙམ་ཡིན་པ་དང། ད་དུང་ཡར་རྒྱས་གཏང་རྒྱུ་དང་སློབ་སྦྱོང་བྱ་རྒྱུ་མང་པོ་ཞིག་ལྷག་ཡོད་བསམ་པ་ཞིག་སེམས་ནང་ལ་ཉར་བའི་འབོད་བསྐུལ་གནང་སོང།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་བླང་དོར་བཀའ་སློབ་སྩོལ་བཞིན་པ།

དེའི་རྗེས་སུ་ཚོགས་མགོན་༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་རིག་གནས་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེར་བསྩལ་བ་དང་བླང་དོར་བཀའ་སློབ་ཕེབས་དོན། དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་མཐོ་རིམ་རིག་གནས་བཙུགས་ཐུབ་པ་བྱུང་བ་མ་ཟད་དེ་རིང་དངོས་སུ་རིག་གནས་རབ་འབྱམས་པའི་མཚན་གནས་འབུལ་རྒྱུ་བྱུང་བ་འདི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་དང། གྲུབ་འབྲས་འདི་མངོན་དུ་འགྱུར་དུ་བཅུག་མཁན་འཛིན་སྐྱོང་བྱེད་མཁན་དང་དགེ་བའི་བཤེས་གཉེན་རྣམ་པ་ཡིན་སྟབས་ཁོང་རྣམ་པ་ལ་རྗེས་སུ་ཡིད་རང་ཞུ་ཡི་ཡོད་ཅེས་དང། སློབ་མ་རྣམ་པ་ཡིན་ན་ཡང་དགེ་རྒན་ཚད་དང་ལྡན་པ་སྤྱི་ཚོགས་ཀྱིས་གདེང་འཇོག་ཐོབ་པ་འདི་འདྲ་ཞིག་ནས་རབ་འབྱམས་པའི་མཚན་རྟགས་བླངས་པ་ཡིན་སྟབས་མིང་དོན་མཚུངས་པ་དང་སྟོད་སྔགས་འོས་པ། གཞན་དང་མ་འདྲ་བ་འབུར་དུ་ཐོན་པ་ཞིག་བྱེད་དགོས་བསམ་པའི་བསམ་པ་བསྐྱེད་དགོས་པ་གལ་ཆེན་པོ་ཡིན་པ་དང། དེ་རིང་གི་མཛད་སྒོ་འདི་འགོ་བཙུགས་པ་ཞིག་ཡིན་ཞིང་མ་འོངས་པར་གང་འདྲ་ཡོང་མིན་དེ་ད་ལྟའི་སེམས་ཤུགས་དང་ཀུན་སློང་ལ་རག་ལས་པ་ཡིན་སྟབས་གང་ཐུབ་ཅི་ཐུབ་གནང་ཀྱིས་སེམས་ཤུགས་བསྐྱེད་དགོས་པ་དང། སྤྱིར་བཏང་རིག་གནས་ལ་གོ་ལོ་ཐོས་ལོ་ཙམ་ཡོད་པ་མང་པོ་ཡོད་ན་ཡང་མཁས་པ་ཕུལ་དུ་བྱུང་བ་གཅིག་བྱུང་ཐུབ་ན་དེས་འཇིག་རྟེན་གྱི་མུན་པ་ཐམས་ཅད་བསལ་གྱི་རེད་ཅེས་ས་སྐྱ་པཎྜི་ཏས་གསུངས་པ་ནང་བཞིན་དེ་འདྲའི་མཁས་པ་ཚད་ཐུབ་ཡོང་ཐུབ་པར་འབད་བརྩོན་དང་སེམས་ཤུགས་བསྐྱེད་རོགས་ཞེས་བཀའ་སློབ་ཕེབས།

༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེའི་བཀའ་སློབ་གྲུབ་མཚམས་སློབ་ཐོན་རིག་གནས་རབ་འབྱམས་པ་རྣམས་སྐུ་མགྲོན་རྣམས་དང་ལྷན་དུ་མཉམ་སྒྲོན་དྲན་རྟེན་འདྲ་པར་བླངས་ནས་འདུས་མང་ཡོངས་ཀྱིས་སྨོན་ལམ་གྱིས་མཐའ་རྒྱན་ནས་མཛད་སྒོ་ལེགས་པར་གྲུབ་ཡོད་པ་རེད།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་རིག་གནས་རབ་འབྱམས་པའི་ལག་འཁྱེར་སྩོལ་བཞིན་པ།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་རིག་གནས་རབ་འབྱམས་པའི་ལག་འཁྱེར་སྩོལ་བཞིན་པ།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་རིག་གནས་རབ་འབྱམས་པའི་ལག་འཁྱེར་སྩོལ་བཞིན་པ།

 

སྐབས་དང་པོའི་རིག་གནས་རབ་འབྱམས་པ་རྣམས་སྐུ་མགྲོན་གཙོ་བོ་དང་རིག་གནས་དགེན་ལགས་རྣམས་དང་ལྷན་དུ་མཉམ་སྒྲོན་འདྲ་པར་བླངས་པ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *