༈ མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་འདས་མཆོད་ཐེངས་བཅུ་གཅིག་པ།

ཁ་སང་སྟེ་སྤྱི་ལོ་ ༢༠༡༩ ཟླ་བ་ ༥ ཚེས་ ༢༣ བོད་ཟླ་ ༣ ཚེས་ ༢༠ ཉིན་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་བདེ་བར་གཤེགས་པ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་ཧྲིལ་པོ་བཅུ་གཅིག་འཁོར་བའི་ཉིན་མོ་ཡིན་པ་བཞིན། མགོན་པོ་གང་གི་གདན་ས་ཆེན་མོ་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་དགོངས་རྫོགས་མཆོད་འབུལ་ཚོགས།

ལམ་འབྲས་བླ་མཆོད་འཚོགས་བཞིན་པ།

དེ་ཡང་ཞོགས་པ་དཔལ་ས་སྐྱའི་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས། མཁན་རིན་པོ་ཆེ་ལུང་རིགས་སེངྒེ་མཆོག་དང། བཤད་གྲྭའི་མཁན་ཆེན་འཇམ་དབྱངས་བློ་གསལ་མཆོག དེ་བཞིན་ལས་ཐོག་མཁན་པོ་བསམ་གྲུབ་མཆོག་གིས་དབུས་པའི་མཁན་སློབ་འདུས་མང་ཡོངས་ནས་ལམ་འབྲས་བླ་མཆོད་དང། ཕྱི་དྲོར་འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་མཆོད་སྤྲིན་ཕུལ་བའི་སྒོ་ནས་འདས་མཆོད་ཐེངས་བཅུ་གཅིག་པ་ཚོགས་པ་དང། དེ་བཞིན་ཨ་རི་དང། བལ་ཡུལ། རྒྱ་ནག ཐེ་ཝན། གནས་མཆོག་རྡོ་རྗེ་གདན། མ་ན་ལི་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་མཁན་ཆེན་བདེ་བར་གཤེགས་པའི་དངོས་བརྒྱུད་སློབ་མ་རྣམས་ཀྱིས་འདས་མཆོད་ཟབ་རྒྱས་ངང་ཚོགས་འདུག་ལ།

ལམ་འབྲས་བླ་མཆོད་འཚོགས་བཞིན་པ།

ཧྥ་རན་སིར་གནས་བཞུགས་རྫོང་སར་བཤད་གྲྭའི་སློབ་ཟུར་བ་རྣམས་ཀྱིས་མཁན་ཆེན་འདས་མཆོད་ལ་དམིགས་ཏེ་བཤད་གྲྭའི་འདུས་མང་ལ་སྐུ་འགྱེད་ཕུལ་ཡོད་པ་དང། འདས་མཆོད་ཀྱི་སྔ་གཞུག་ཏུ་མི་སྒེར་སོ་སོའི་ངོས་ནས་ཀྱང་སོ་སོའི་སྤྱི་ཚོགས་འབྲེལ་མཐུད་དྲ་ཚིགས་ཀྱི་སྟེང་དུ་མཁན་རིན་པོ་ཆེའི་སྐུ་པར་འཇོག་པ་དང་རྗེས་དྲན་སྙན་ངག་འབྲི་བ་སོགས་ཀྱི་ཐོག་ནས་མཁན་ཆེན་གང་གི་གསང་གསུམ་གྱི་ཕྲིན་ལས་དང་ཁྱད་འཕགས་ཀྱི་ཡོན་ཏན་ལ་རྗེས་དྲན་མཚོན་པར་བྱས་ཡོད་པ་རེད།

གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་ཀྱི་མདུན་དུ་འཆད་རྩོད་རྩོམ་གསུམ་གྱི་མཆོད་པ་འབུལ་བཞིན་པ།

མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་ནི།

མཁན་ཆེན་ཀུན་དགའ་དབང་ཕྱུག་ལ་ན་མོ།

སྤྱི་ལོ་ ༡༩༢༡ ལོར་བོད་ཁམས་སྡེ་དགེ་རུ་སྐུ་འཁྲུངས། དགུང་ལོ་བཅུ་དགུ་པར་མཁན་པོ་བཟོད་པ་ལེགས་བཤད་ཀྱི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་གནོད་ཅིང་དགུང་ལོ་ཉི་ཤུ་པར་ངོར་ཨེ་ཝཾ་ཆོས་ལྡན་དུ་ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་བསྙེན་པར་རྫོགས།

 

རིས་མེད་བསྟན་པའི་བདག་པོ་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་རྫོང་སར་ཁམས་བྱེ་བཤད་གྲྭའི་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་རྣམ་གཉིས་ཀྱི་དབུས་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་ལས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་གདམས་ཟབ་ཐམས་ཅད་དང། གཞུང་ཆེན་བཀའ་པོད་ལྔ་འམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པས་མཚོན་ནས་འཆད་ཉན་གྱི་རྒྱུན་བཞུགས་སོ་ཅོག་ལ་གསན་སྦྱོང་མཛད། དུས་འགྱུར་གོང་དུ་ཁམས་བྱེ་བཤད་གྲྭ་དང་ཝ་རཱ་བཤད་གྲྭ་རུ་འཆད་ཁྲིད་གནང། དུས་འགྱུར་གྱི་སྐབས་སུ་བཙོན་དུ་མི་ལོ་ཉེར་གཅིག་བཞུགས་དགོས་བྱུང་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་རྒྱུན་ཆད་མེད་པར་མཛད།

 

བཙོན་གྲོལ་ཐོབ་རྗེས་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་བཀའ་བཞིན་རྒྱ་གར་དུ་ཕེབས་ནས་དགུང་ལོ་ ༦༢ པ་སྤྱི་ལོ་ ༡༩༨༣ ལོར་འབྲས་ལྗོངས་གནས་ནང་དུ་འཕགས་ཡུལ་རྫོང་སར་བཤད་གྲྭའི་དབུ་བཙུགས། སྤྱི་ལོ་ ༡༩༨༥ ལོར་བཤད་གྲྭ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྦིར་ས་གནས་སུ་སྤོས། རིམ་བཞིན་སློབ་ཚོགས་མང་དུ་འཕེལ་བ་ལ་བརྟེན་ནས་ ༡༩༩༩ ལོར་བཤད་གྲྭ་ཅོན་ཏ་ར་ས་གནས་སུ་སྤོ་དགོས་པ་བྱུང་ནས་སྤྱི་ལོ་ ༢༠༠༤ ལོར་ཡོངས་སུ་གནས་སྤོས་གྲུབ། སློབ་མའི་ཚོགས་མང་དུ་འདུས་ཤིང་བསྟན་པ་འཛིན་པའི་སྐྱེས་བུ་བརྒྱ་ཕྲག་དུ་མ་བསྐྲུན།

 

སྔ་རྗེས་སུ་༸གོང་ས་ཐམས་ཅད་མཁྱེན་པས་དབུས་པའི་རིས་མེད་སྐྱེས་ཆེན་དུ་མར་དབང་ལུང་ཁྲིད་གསུམ་མང་དུ་ཕུལ་ཏེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར། སྤྱི་ལོ་ ༢༠༠༨ ལོར་༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་དབུ་བཞུགས་ཀྱིས་བཤད་གྲྭ་གསར་པའི་རབ་གནས་དང་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་བཀའ་ཆོས་གནང་བཞིན་པའི་སྐབས་ཏེ་དགུང་ལོ་ ༨༨ ཐོག་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་པའི་དབུགས་དབྱུང་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་ལགས་སོ།། (རྣམ་ཐར་རྒྱས་པ་མཁན་རིན་པོ་ཆེའི་གསུང་འབུམ་པོད་དང་པོ་རང་རྣམ་དུ་བཞུགས།)

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *