༈ རིན་ཆེན།

ཪིན་ཆེན།

རིན་ཆེན་མཆོག་ནི་ཁམས་སྡེ་དགེ་འཇོ་མདའ་རུ་ཡབ་བུ་མདོ་དང་། ཡུམ་བོ་ལོད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༢ ལོར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་མ་ལོན་བར་ཡི་གེ་འབྲི་ཀློག་བསླབས། དགུང་ལོ་བཅོ་བརྒྱད་སྟེང་མཁན་པོ་ཨ་བཀྲའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་ཆོས་སྒོར་ཞུགས་ཤིང་ལོ་གཉིས་ཀྱི་རིང་ཆོ་ག་དང་ཕྱག་ལེན་སྦྱངས་ཤིང་བྱང་བར་བྱས། དགུང་ལོ་ཉི་ཤུ་ནས་མཁན་པོ་ཨ་ཤེར་མདུན་ནས་ཀྱཻ་རྡོར། འཇིགས་བྱེད། འབྱུང་འདུལ་སོགས་ལྷག་པའི་ལྷ་མང་པོའི་དབང་བསྐུར་ཞུས་ཏེ་ལོ་ངོ་གཉིས་ལྷག་གི་རིང་ཀྱཻ་རྡོར་དང་འབྱུང་འདུལ་སོགས་ཀྱི་བསྙེན་མཚམས་སུ་བཞུགས།

 

དགུང་ལོ་ཉེར་གཉིས་པའི་ལོ་མཇུག་ལ་༸སྐྱབས་རྗེ་ཀླུ་ལྡིང་མཁན་རིན་པོ་ཆེ་དབུར་བཞུགས་པའི་ཐོག་དགེ་འདུན་གྲངས་ཚང་ལས་བསྙེན་རྫོགས་ཀྱི་སྡོམ་པ་དང་། ༸སྐྱབས་རྗེ་དེ་ཉིད་ཀྱི་སྐུ་མདུན་ནས་ཀྱཻ་རྡོར་དང་། འཇིགས་བྱེད། ཁྲོ་བཅུ་རྣམས་ཀྱི་དབང་བསྐུར་ཞུས། ཡང་བསྐྱར་ལོ་ངོ་གཅིག་ལ་བསྙེན་མཚམས་སུ་བཞུགས། དགུང་ལོ་ཉེར་བཞི་པར་ཁྲི་ཚོ་དགོན་གྱི་རྡོ་རྗེ་སློབ་དཔོན་མཛད། དགུང་ལོ་ཉེར་ལྔ་པར་རྒྱ་གར་དུ་ཕེབས་ཏེ་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་དང་སྤྱོད་འཇུག་ཐོབ། དེ་བཞིན་༸སྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་གི་སྐུ་མདུན་ནས་ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་དབང་ཐོབ།

 

དགུང་ལོ་ཉེར་དྲུག་པར་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ཏེ་ལོ་ངོ་བརྒྱད་ཀྱི་རིང་པོད་ཆེན་དྲུག་གམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་ཐོས་བསམ་མཐར་ཕྱིན་པར་མཛད། དགུང་ལོ་སོ་བཞི་ནས་དགུང་ལོ་ཞེ་གསུམ་བར་ལོ་ངོ་དགུ་ཡི་རིང་ལ་མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེའི་རྒྱལ་ཚབ་ཞུས་ཏེ་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོའི་ཐུགས་འགན་བཞེས། དེའི་རིང་ཉིན་ལྟར་དཔེ་ཁྲིད་ཐེངས་གཉིས་རེ་གནང་སྟེ་གཞུང་ཆེན་བཅུ་གསུམ་ཕལ་མོ་ཆེ་འཆད་ཁྲིད་མཛད་པ་དང་། ཆོས་མཚམས་ཀྱི་སྐབས་རེ་འགར་༸སྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་གི་སྐུ་མདུན་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་དང་། སློབ་བཤད། རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པ། སྒྲུབ་ཐབས་ཀུན་བཏུས་དབང་ཁྲིད་ལུང་དང་བཅས་པ་ཐོབ།

 

དགུང་ལོ་ཞེ་གསུམ་པ་ནས་ཐེ་ཝན་དུ་ཕེབས་ཏེ་ལོ་གཅིག་ལྷག་གི་རིང་དབུ་མ་འཇུག་པ་དང་སྤྱོད་འཇུག ཐུབ་པ་དགོངས་གསལ་དང་ཚད་མ་རིག་གཏེར་སོགས་གཞུང་ཆེན་དུ་མ་འཆད་ཁྲིད་གནང་། དེ་ནས་རྒྱ་གར་དུ་ཕྱིར་ཕེབས་ཏེ་སྐབས་སྐབས་སུ་སློབ་དཔོན་གྱི་འཛིན་གྲྭ་རེ་འགར་རྒྱུད་འཆད་ཁྲིད་གནང་བ་དང་། ལོ་གཉིས་ཙམ་གྱི་རིང་ཀྱཻ་རྡོར་དང་མཁའ་སྤྱོད། འབྱུང་འདུལ་རྣམས་ཀྱི་བསྙེན་མཚམས་སུ་བཞུགས། རྗེས་ཀྱི་དུས་ཚོད་མང་ཆེ་བ་སྐུ་མཚམས་ལ་བཞུགས་ཅིང་། རྒྱུན་ལྡན་མ་ཆད་པར་སྔ་ཐུན་དང་ཕྱི་ཐུན་གཉིས་ཆ་བཟུང་བ་སོགས་སྒོམ་སྒྲུབ་ཉམས་ལེན་ཁོ་ནར་བྲེལ་བཞིན་ད་ལྟའི་ཆར་འཕགས་ཡུལ་རྫོང་སར་བཤད་གྲྭར་བཞུགས་མུས་བཅས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *