༈ བོད་ཀྱི་རིག་གནས་ཀྱི་བསྟན་དོན་དང་དབྱེ་བསྡུ།

མེ་འོད . དགེ་ལྡན། (མཛོད་དགེ)

 

ནང་དོན་གནད་བསྡུས།

སློབ་ཚན་འདི་ལས་བོད་ཀྱི་རིག་གནས་ཞེས་པའི་ཐ་སྙད་འདི་ཐོག་མར་ལེགས་སྦྱར་སྐད་ལས་བྱུང་ཞིང་། ཐ་སྙད་འདི་ཐོག་མར་བོད་དུ་བྱུང་དུས་རིག་གནས་བཅོ་བརྒྱད་དང་རིག་པའི་གནས་ལྔ་ཞེས་བསྟན་དོན་དང་དབྱེ་སྒོ་མ་འདྲ་བའི་ཚུལ་གྱིས་དར་ཡོད། རིམ་གྱིས་རིག་གནས་ཆེ་ཆུང་དང་རིག་གནས་བཅུ་སོགས་ཀྱི་དབྱེ་སྒོ་མ་འདྲ་བ་ཡང་བྱུང་། དེའི་རྗེས་དུས་རབས་ཉི་ཤུ་པའི་ནང་རྒྱ་ཡིག་ལས་རིག་གནས་ཞེས་པའི་ཐ་སྙད་འདི་བོད་བསྒྱུར་བྱས་པ་དང་། རིམ་གྱིས་ནུབ་ཕྱོགས་ཀྱི་རིག་གནས་ལ་འབྲེལ་འདྲེས་བྱས་པ་བརྒྱུད་ནས་སྒྲ་ཤིན་ཏུ་ཡངས་འཇུག་གི་བསྟན་དོན་ཅན་དུ་གྱུར་ཡོད། སྐབས་འགར་རིག་གནས་ཞེས་པའི་ཚབ་ཏུ་རིག་བྱེད་དང་བསླབ་པ། རིག་གཞུང་དང་ལེགས་བྱང་བཅས་བེད་སྤྱོད་བཏང་ཡོད་པའི་རྣམ་པའང་མཐོང་རྒྱུ་འདུག དེ་བས་རིག་གནས་ཞེས་པའི་ཐ་སྙད་འདིའི་བྱུང་རིམ་དང་བསྟན་དོན་གསལ་བོ་བཟོ་བར་འབད་བརྩོན་བྱ་རྒྱུ་ཡིན།

 

 

གསལ་འདེབས་ཤིག

སློབ་ཚན་འདིར་ལེགས་སྦྱར་སྐད་དུ་རིག་གནས་ཅེས་པའི་ཐ་སྙད་བོད་དུ་འགྱུར་ཞིང་དེའི་བསྟན་དོན་དང་དབྱེ་བསྡུའི་རྣམ་པ་དམིགས་སུ་བཟུང་བ་ལས། ནུབ་ཕྱོགས་ཀྱི་རིག་གནས་ཅེས་པའི་ཐ་སྙད་ཀྱི་བྱུང་རིམ་དང་བསྟན་དོན། དབྱེ་བསྡུ་སོགས་ལོགས་སུ་སློབ་ཚན་ཞིག་བསྒྲིགས་ཡོད་པས་འདིར་དེའི་ཕྱོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱ་རྒྱུ་མིན།

 

 

དང་པོ། སྐད་དོད་ཤན་སྦྱར།

  • ལེགས་སྦྱར། བེདྱ
  • བོད། རིག་གནས།
  • ལ་ཁྲན། Cultura
  • འཇར་མན། Kuitur
  • དབྱིན། Culture
  • རྒྱ། 文化

 

 

གཉིས་པ། རིག་གནས་ཞེས་པའི་ཐ་སྙད་ཀྱི་བྱུང་འཕེལ།

བོད་ཀྱི་རིག་གནས་ཞེས་པའི་ཐ་སྙད་འདི་གཡུང་དྲུང་བོན་གྱི་བསྟན་བཅོས་ཁག་ཏུ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཐ་སྙད་ཅིག་ཡིན་པ་མ་ཟད་ནང་བསྟན་བོད་དུ་མ་དར་ཞིང་སྤྱི་ལོའི་སྔོན་ནས་ཡོད་པ་ཞིག་ལ་ཕལ་ཆེར་ངོས་འཛིན་གནང་འདུག དཔེར་ན། <<མདོ་དྲི་མེད་གཟི་བརྗིད་>>ལས། ད་ལྟའི་དུས་འདིར་ཤེས་རབ་ཀྱི་བློ་སྦྱང་ཞིང་། རིག་པའི་གནས་ལྔ་ལ་བསླབ་དགོས་པ་ཡིན་པས། དེ་ཡང་ཕྱི་རིག་པ་དང་། ནང་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ་རྣམས་ནི། ད་རུང་བསྟན་པའི་དུས་ལ་མ་བབ་ཅིང་། མི་འབྱུང་ལ་བཟོ་རིག་པ་ནི། ལྷའི་བུ་ཁྱོད་དང་བདག་ནི་སྨོན་ལམ་མཐུན་པས། ཁྱོད་ཀྱི་ཐུགས་སུ་ཆུད་པར་གྱིས་ཤིག (མཆན། <<མདོ་དྲི་མེད་གཟི་བརྗིད།>> དཔེ་དེབ་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་ 2000 ལོར། པར་གཞི་དང་པོ། P. 23) ཅེས་གསུངས་པ་ལྟར། སྟོན་པ་གཤེན་རབ་ཀྱི་སྐབས་ནས་རིག་གནས་དང་རིག་གནས་ཀྱི་དབྱེ་སྒོ་བསྟན་ཡོད་པར་འདོད། ཞིབ་འཇུག་གི་ཁྱབ་ཁོངས་ན་ལུང་འདི་ལྟ་བུ་ལ་དཔྱད་པ་གཏོང་རྒྱུ་གལ་ཆེན་པོ་ཡིན་པར་འདོད་ནས་འདིར་དཔྱད་གཞིར་བཀོད་པ་ཡིན།

 

ད་བར་དུ་རིག་གནས་ཀྱི་སྐོར་ལ་དཔྱད་པ་གཏོང་མཁན་ཕལ་ཆེ་བས་རིག་གནས་ཞེས་པའི་ཐ་སྙད་འདི་ལེགས་སྦྱར་སྐད་ལས་བོད་སྐད་དུ་བསྒྱུར་ནས་དར་བར་བཤད་ཡོད། ལེགས་སྦྱར་གྱི་བེདྱ་ཞེས་པའི་བརྡ་ཆད་འདི་བོད་སྐད་དུ་བསྒྱུར་ཞིང་། དེ་ཡང་ཐོག་མར་ཕྱི་རོལ་བའི་མཁས་པ་རྣམས་ཀྱིས་ཡང་ཡང་བེད་སྤྱོད་བཏང་བའི་བརྡ་ཆད་རྙིང་གྲས་ཤིག་དང་། རྗེས་སུ་ནང་བའི་མཁས་གྲུབ་རྣམས་ཀྱིས་བེད་སྤྱོད་བཏང་ནས་ནང་བསྟན་བོད་སྐད་དུ་བསྒྱུར་སྐབས་ཐོག་མ་ནས་བསྒྱུར་བ་མ་ཟད། བསྒྱུར་སྟངས་ཀྱང་ཤིན་ཏུ་ལེགས་པའི་བརྡ་ཆད་ཅིག་ཡིན་པར་ངོས་འཛིན་གནང་ཡོད། དཔེར་ན། སློབ་དཔོན་བློ་བཟང་བསྟན་འཛིན་མཆོག་གིས་བོད་ཀྱི་རིག་གནས་བགྲོ་གླེང་སྐབས་སུ་འདི་ལྟར་གསུངས་འདུག “ སྤྱིར་བཏང་རིག་པ་ཞེས་པའི་དོན་དག་དང་བེདྱ་ཞེས་པའི་དོན་དག་གཉིས་ཏག་ཏག་ཁ་སྦྱར་བ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་དང་།རིག་པ་ཞེས་པ་དེ་ཚིག་གཅིག་རེད། གནས་ཞེས་པ་དེ་ཚིག་གཅིག་རེད། རིག་པ་ཞེས་པའི་ཚིག་དེ་ལེགས་སྦྱར་གྱི་སྐད་ཀྱི་བེད་ཞེས་པ་དེ་ལས་བྱུང་བའི་ཚིག་གཅིག་རེད། བེདྱ་ཞེས་པའི་ཚིག་དེ་ཞིབ་ཚགས་པོ་བྱས་ནས་བལྟས་པ་ཡིན་ན། མཐོང་བ་དང་། ངོ་བོ་རྟོགས་པ། ཕྱེ་བ། རིག་པ། མང་པོ་ཞིག་ལ་སྦྱོར་བའི་གོ་སྐབས་ཡོད་པ་རེད། ལེགས་སྦྱར་གྱི་སྐད་ཀྱི་ནང་ནས་དགའ་རབ་རྙིང་ཤོས་གྲས་ཀྱི་ཚིག་གཅིག་རེད། དེ་བོད་སྐད་ལ་རིག་པ་ཞེས་བསྒྱུར་བ་དེ་བསྒྱུར་སྟངས་ཞེ་དྲགས་ཕུན་སུམ་ཚོགས་པོ་ཞིག་བྱུང་བཞག་བསམ་གྱི་འདུག ཅེས་སོ།། ཡིན་ནའང་རིག་པའི་གནས་དེ་ལ་གཞུང་ལུགས་ཡོད་པ་གཅིག་དང་གཞུང་ལུགས་མེད་པ་གཅིག་ཅི་རིགས་ཤིག་ཡོང་སྲིད་པ་ཞིག་རེད། གཞུང་ལུགས་དང་ལྡན་པའི་རིག་པའི་གནས་དེ་ལ་དེ་རིང་སང་ཉིན་ང་ཚོའི་རིག་གནས་ཞེས་པ་དེ་གོ་བསྡད་ཀྱི་ཡོད་པ་རེད། ཅེས་སོ།། སྤྱིར་བཏང་རིག་གནས་ཞེས་པའི་ཚིག་དེ་བེདྱ་དང་། རིག་པར་བྱ་བའི་གནས་ཞེས་པའི་ཚིག་དེ་སངས་རྒྱས་མ་བྱོན་གོང་ལ་ཕྱི་རོལ་པ་མང་ཆེ་བའི་གཞུང་ལུགས་ནང་བེད་སྤྱོད་བཏང་ཡས་ཀྱི་ཚིག་གཅིག་རེད། ནང་པས་ཚིག་གསར་པ་ཁྱེར་ཡོང་བ་ཞིག་གང་ཡང་མ་རེད།” ཅེས་སོ།། ལེགས་སྦྱར་སྐད་ཀྱང་མཁྱེན་པའི་སློབ་དཔོན་བློ་བཟང་བསྟན་འཛིན་མཆོག་གི་གསུང་ཚུལ་འདི་ནི་རིག་གནས་ཅེས་པའི་སྐད་བརྡ་འདི་བོད་སྐད་དུ་བསྒྱུར་བའི་རིམ་པ་དང་འགྱུར་བའི་སྤུས་ཚད་དང་ངོ་བོ་བཅས་ལ་འགྲེལ་བཤད་ཞིབ་ཚགས་ཤིག་ཡིན་པ་འདྲ།

 

སྤྱིར་རྒྱ་གར་རང་དུ་སྐབས་དེར་རིག་གནས་དང་སྒྱུ་རྩལ་ཞེས་པའི་སྐད་བརྡ་གཉིས་འདྲ་འདྲེས་སུ་ཡོད་པ་དང་། གཅིག་ཚབ་གཅིག་གིས་བྱས་པའི་སྣང་ཚུལ་ཞིག་ཡོད་པ་འདྲ། རིག་གནས་བཅོ་བརྒྱད་དང་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རྣམ་གྲངས་འདྲེན་དུས་ཕན་ཚུན་འདྲ་འདྲེས་སུ་ཡོད་པ་ལས་གསལ་བོར་རྟོགས་ཐུབ། སྐབས་དེར་རིག་གནས་ཞེས་པ་སྒྲ་ཤིན་ཏུ་ཡངས་འཇུག་གི་དོན་ཅན་ཡིན་པ་གསལ་བོ་ཤེས་ཐུབ། བོད་སྐད་དུ་བསྒྱུར་ནས་ཐོག་མའི་སྐབས་རིག་གནས་ཞེས་པ་སྒྲ་ཡངས་འཇུག་གི་གོ་བའི་རྒྱུན་གནས་ཡོད་ཀྱང་། རིམ་གྱིས་རིག་པའི་གནས་ལྔ་ཞེས་པ་གཙོ་གནད་དུ་བཟུང་ནས་དེ་དང་འབྲེལ་བའི་རིག་གནས་ནང་འདྲེན་དང་སློབ་གཉེར་གནང་བའི་རྣམ་པ་མངོན་པར་གསལ། དེའི་རྗེས་རིག་པའི་གནས་བཅུའམ་ཡང་ན་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་དེ་འབྲེལ་གྱི་རིག་གནས་ནང་འདྲེན་དང་སློབ་གཉེར་གྱི་གཙོ་གནད་དུ་བཟུང་བའི་བྱུང་བ་མངོན་པར་གསལ། ཉེ་དུས་རྒྱའི་སྐད་ཡིག་དང་དབྱིན་ཇིའི་སྐད་ཡིག་ལ་འགྲོགས་འདྲེས་བྱས་པའི་བརྒྱུད་རིམ་ལས་རིག་གནས་ཞེས་པའི་བསྟན་དོན་ལ་འགྱུར་བ་ཕྱིན་ནས། ད་ལྟ་རིག་གནས་ཅེས་པའི་བསྟན་དོན་རྒྱ་བསྐྱེད་དེ་གནའ་བོའི་རིག་གནས་ཅེས་པའི་བརྡ་དོན་དང་འདྲ་མཚུངས་སུ་ཡོད་པའི་འགྱུར་རིམ་གསར་བ་ཞིག་མངོན་དུ་གྱུར་ཡོད། གཞུང་ལུགས་ཀྱི་བདག་ཉིད་ཅན་དང་གཞུང་ལུགས་ཀྱི་བདག་ཉིད་མེད་པའི་མིས་བྱས་པ་ཀུན་རིག་གནས་ཀྱི་རྣམ་གྲངས་སུ་བགོས་ནས་རིག་གནས་ཞེས་པའི་ཐ་སྙད་འདིའི་བསྟན་དོན་ལ་འགྱུར་བ་བཏང་ཡོད།

 

དེས་ན་རིག་གནས་ཞེས་པའི་ཐ་སྙད་འདི་ཐོག་མར་ལེགས་སྦྱར་སྐད་བོད་དུ་བསྒྱུར་བ་ཞིག་ཡིན་པ་དང་། བརྩམས་ཆོས་ཀྱི་དབང་དུ་བྱས་ན། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། རིག་པའི་གནས་བཅོ་བརྒྱད་དག་ལ་མཁས་པར་འགྱུར་ཏེ། (མཆན། བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ཏ༽ (9) << དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།>> ཁ་ཆེའི་མཁན་པོ་སརྦཛྙཱ་དེ་བ་དང་། ངྷརྨཱ་ཀ་ར་དང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོཙྪ་བ་བན་དེ་དཔལ་གྱི་ལྷུན་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། P.85) ཞེས་པའི་སྐབས་རིག་གནས་ཞེས་པའི་བརྡ་ཆད་འདི་བཀོད་ཡོད། དེ་བཞིན། ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་དང་། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ། སྐྱེས་རབས་ཀྱི་ཊཱི་ཀ་སོགས་སུ་ཡང་རིག་པའི་གནས་ཅེས་བཀོད་ཡོད། ལྷག་པར་དུ་ང་ཚོས་རྒྱུན་དུ་ངག་ནས་སྐྱོར་བཞིན་པ་ཞིག་ལ། འཕགས་པ་བྱམས་པས་མཛད་པའི་<<མདོ་སྡེ་རྒྱན་>>ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། ། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། (མཆན། བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་པ། ཕི༽ (70) <<ཐེག་པ་ཆེན་པོ་མདེ་སྡེའི་རྒྱན་ཞེས་བྱ་བ་ཚིག་ལེའུར་བྱས་པ།>> འཕགས་པ་བྱམས་པས་མཛད། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། P. 837) ཞེས་སོ།། དེ་བཞིན་མདོ་སྡེ་རྒྱན་གྱི་བཤད་པ་སོགས་ལས་ཀྱང་རིག་པའི་གནས་ཞེས་པའི་ཐ་སྙད་འདི་གསལ་བོར་བཀོད་ཡོད། གོང་གི་བསྟན་བཅོས་དེ་དག་ཕལ་ཆེ་བ་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་བསྒྱུར་མཛད་པ་ཡིན། དེ་བས་སྤྱི་ལོ་དུས་རབས་བརྒྱད་པའི་སྐབས་ནས་ཀྱང་རིག་གནས་ཞེས་པའི་ཐ་སྙད་ནི་བོད་ཀྱི་སྐད་བརྡའི་ཁྲོད་དུ་ཡོད་པ་གསལ་བོ་རེེད།

 

ཡིན་ན་ཡང་། དགའ་བ་པ་སངས་ཀྱིས་བརྩམས་པའི་<<རྩོམ་རིག་གཤིབ་བསྡུར་རིག་ལམ་>>ལས། གཉིས་“ རིག་གནས་” ནི་དོན་དུ་ “ རིག་པའི་གནས་” ཞེས་པའི་ཚིག་འདི་ཚུར་བསྡུས་པ་ཞིག་ཡིན་པས་ན་རིག་གནས་ཀྱི་མ་ཕྱི་ཡིན་པའི་རིག་པའི་གནས་ཞེས་པ་འདི་ནི་ཁོ་བོས་མཐོང་བའི་ཆེས་སྔ་ཤོས་ནི་ཉང་ཉི་མ་འོད་ཟེར་(1124-1192)གྱིས་བརྩམས་པའི་<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་>> ཡིན། (མཆན། <<རྩོམ་རིག་གཤིབ་བསྡུར་རིག་ལམ།>> དགའ་བ་པ་སངས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2000ལོར་པར་དུ་བཏབ། P. 247) ཞེས་རིག་པའི་གནས་སམ་རིག་གནས་ཞེས་པའི་བརྡ་ཆད་འདི་དུས་རབས་བཅུ་གཉིས་པའི་ནང་ལ་བོད་ཀྱི་སྐད་བརྡའི་ཁྲོད་བྱུང་བར་བཤད་པ་ནི་ཅུང་མ་དག་པར་སེམས། གོང་དུ་དུས་རབས་བརྒྱད་པའི་སྐབས་ལ་བྱུང་བའི་བསྟན་བཅོས་ཁག་ལས་དྲངས་པའི་ལུང་དེ་དག་གིས་ར་འཕྲོད་པས་འདིར་དགག་སྒྲུབ་ཀྱིས་ངལ་བ་མི་བྱེད།

 

མིང་མཛོད་ཀྱི་དབང་དུ་བྱས་ན། <<བྱེ་བྲག་ཏུ་རྟོགས་པར་བྱེད་པ་>>ལས། རིག་པའི་གནས་ལྔའི་མིང་ལ། ཤབྡ་བིདྱཱ། སྒྲའི་རིག་པ། ཧེ་ཏུ་བིདྱཱ། གཏན་ཚིགས་ཀྱི་རིག་པ། ཨཱ་དྷྱཱ་ཎ་བིདྱཱ། ནང་གི་རིག་པ། ཙི་ཀིཏྶ་བིདྱཱ། གསོ་བའི་རིག་པ། ཤི་ལྤ་ཀརྨྨ་སྠཱ་བིདྱཱ། བཟོའི་གནས་ཀྱི་རིག་པ། (མཆན། བསྟན་འགྱུར་དཔེ་བསྡུར་མ། སྡེ་ཚན། སྣ་ཚོགས། ཅོ༽ (115) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༤ལོར་པར་དུ་བཏབ། P. 66 ) ཞེས་རིག་པའི་གནས་ལྔ་དང་བཅས་སྔོན་གྱི་ལོ་པཎ་རྣམས་ཀྱིས་བསྒྱུར་ཅིང་ཐོག་མར་མིང་མཛོད་དུ་བཀོད་པ་ཡིན། མིང་མཛོད་འདི་ནི་སྤྱི་ལོ་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་བསྒྲིགས་ཤིང་གཏན་ལ་ཕབ་པའི་བོད་ཀྱི་མིང་མཛོད་ཐོག་མ་དེ་ཡིན།

 

བསྟན་པ་ཕྱི་དར་དང་ལྷག་པར་ས་སྐྱའི་སྐབས་ནས་རིག་གནས་ཞེས་པའི་བརྡ་ཆད་འདི་བེད་སྤྱོད་ཤུགས་ཆེན་བྱས་ཤིང་། རིག་གནས་ཆེ་ཆུང་བཅུ་ལ་སོགས་པའི་རྣམ་གྲངས་ཕྱེས་ནས་དེ་དང་དེའི་རྣམ་བཞག་ཀྱང་མང་དུ་བྱུང་བའི་ལོ་རྒྱུས་རྣམ་པར་གསལ། དེ་ནས་རྒྱ་བོད་དང་བོད་རྒྱ། བོད་དབྱིན་དང་དབྱིན་བོད་མིང་མཛོད་ཁག་ཏུ་མངོན་གསལ་གྱིས་བྱུང་བ་མ་ཟད། རིག་གནས་དང་རིག་གཞུང་། ལེགས་བྱང་སོགས་འདྲ་མིན་ཞིག་བེད་སྤྱོད་བྱས་པའི་རྣམ་པའང་མཐོང་རྒྱུ་འདུག དེ་དག་གི་སྐོར་ལ་ལོགས་སུ་དཔྱད་པ་གཏོང་བར་འབད་བརྩོན་བྱ་རྒྱུ་ཡིན་པས་འདིར་མ་སྤྲོས་སོ།།

 

 

གསུམ་པ། རིག་གནས་ཀྱི་གོ་དོན།

འཛམ་གླིང་འདིར་ད་བར་དུ་རིག་གནས་རིག་པའི་མཁས་དབང་རྣམས་ཀྱིས་རིག་གནས་ཀྱི་མཚན་ཉིད་མ་འདྲ་བ་250 ལྷག་བཞག་ཡོད། དེ་དག་ཀྱང་རིག་གནས་ལ་ངོས་འཛིན་ཚུལ་མ་འདྲ་བ་དང་། རིག་གནས་ཞེས་པའི་གཙོ་གནད་འཛིན་ཚུལ་མ་འདྲ་བ་བཅས་ལས་བྱུང་བ་རེད། དེ་བས་གཤམ་དུ་མི་རིགས་གཞན་གྱི་མཁས་པའི་རིག་གནས་ཀྱི་མཚན་ཉིད་ཡོངས་ཁྱབ་པ་འགའ་དང་། གཙོ་བོ་བོད་རང་གི་མཁས་པས་དུས་སྐབས་མ་འདྲ་བར་བཞག་པའི་རིག་གནས་ཀྱི་མཚན་ཉིད་འགའ་དགོད་པར་བྱ།

 

༡) སྔོན་གྱི་བཀའ་བསྟན་དང་བོད་ཀྱི་མཁས་པ་རྣམས་ལས་རིག་གནས་ལ་མཚན་ཉིད་བཞག་པ་ཆེར་མཐོང་རྒྱུ་མི་འདུག ཡིན་ནའང་རིག་གནས་ལྔ་བགྲང་བའི་རིག་གནས་ཀྱི་བྱེད་ལས་ལ་ངོས་འཛིན་གནང་བ་གསལ་བོ་མཐོང་རྒྱུ་འདུག དཔེར་ན། <<མདོ་སྡེའི་རྒྱན་གྱི་བཤད་པ་>> ལས། རིག་པའི་གནས་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།རིག་པའི་གནས་ནི་རྣམ་པ་ལྔ་སྟེ། ནང་རིག་པ་དང་། གསོ་བ་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ།། དེ་དག་གང་གི་ཕྱིར་བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་སྟོན་ཏེ། བྱེ་བྲག་མེད་པར་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་རོ།། བྱེ་བྲག་ཏུ་ནི་གཏན་ཚིགས་རིག་པ་དང་། སྒྲ་རིག་པ་ནི་གཞན་དེ་དག་ལ་མ་མོས་པ་རྣམས་ཚར་བཅད་པའི་ཕྱིར་ཡོངས་སུ་ཚོལ་ལོ།། གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པ་ནི་གཞན་དེ་དག་ལ་མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཡོངས་སུ་ཚོལ་ལོ།། ནང་རིག་པ་ནི་བདག་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་ལོ།། (མཆན། བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་པ། ཕི༽ (70) <<མདོ་སྡེའི་རྒྱན་གྱི་བཤད་པ།>> རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། P. 1248-1249) ཞེས་གསུངས་པའི་སྐབས། རིག་པའི་གནས་ལྔ་བོ་ཡང་བསྐྱར་ཚར་བཅད་དང་རྗེས་འཛིན། ཀུན་ཤེས་གསུམ་དུ་བསྡུས་ནས་དེ་དང་དེའི་བྱེད་ལས་དམིགས་ཀྱིས་བསྟན་ཡོད། གཞན་<<བྱང་སའི་>>ཤེས་རབ་ལེའུའི་སྐབས་སུ་རིག་གནས་ཀྱི་རྣམ་གྲངས་བསྟན་པ་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ལམ་རིམ་ཆེན་མོའི་བརྗེད་བྱང་ལས་སྐྱེས་བུ་ཆེན་པོ་དང་། ལྷག་པར་ཤེས་རབ་ཀྱི་རབ་ཏུ་དབྱེ་བའི་སྐབས་སུ་རིག་གནས་ཀྱི་མཚན་ཉིད་དང་སྒྲ་བཤད། དབྱེ་བ་བཅས་བསྟན་པ་སོགས་ལ་ཞིབ་ཏུ་དཔྱད་ནས་ང་ཚོས་རིག་གནས་ཀྱི་གོ་དོན་ཐུན་མོང་མ་ཡིན་པ་ཞིག་འཚོལ་རིགས་པ་ཡིན།

 

༢) སྤྱི་ལོ་1979 ལོར་བསྒྲིགས་པའི་<<དག་ཡིག་གསར་བསྒྲིགས་>>ལས། “ ཆབ་སྲིད་དང་དཔལ་འབྱོར། རིག་གནས་གསུམ་གྱི་ནང་གི་རིག་གནས་ནི། སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་དང་། སློབ་གསོ་དང་ཚན་རིག རྩོམ་རིག སྒྱུ་རྩལ་སོགས་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་ལ་ཟེར།” (མཆན། << དག་ཡིག་གསར་བསྒྲིགས>> བསམ་གཏན། བཀྲ་ཤིས་རབ་བརྟན། གྲགས་པ། འགྱུར་མེད་བཅས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P. 745 ) ཞེས་ནུབ་ཕྱོགས་ཀྱི་རིག་གནས་དབྱེ་སྒོ་འཇོག་སྟངས་བྱེ་བྲག་པ་ཞིག་དང་ཅུང་འདྲ་བའི་ཚུལ་གྱིས་གོ་དོན་བཞག་འདུག མདོར་ན་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་ཞེས་པའི་དབྱེ་སྒོ་ལ་དམིགས་ནས་བཞག་པའི་གོ་དོན་ཞིག་རེད། སྐབས་འདིར་བསམ་བློའི་རིག་གནས་བགྲང་དུས་སློབ་གསོ་དང་ཚན་རིག རྩོམ་རིག་དང་སྒྱུ་རྩལ་བཅས་གཙོ་བོར་བགྲང་ནས། ཆོས་ལུགས་དང་ཡུལ་གོམས་བཅས་སོགས་སྒྲར་བསྡུས་ཡོད་པ་འདྲ། བོད་ཀྱི་རིག་གནས་ཀྱི་ངོས་ནས་བལྟས་ན། ཆོས་ལུགས་ཀྱི་བྱུང་བ་དང་འགྲོགས་པའི་རིག་གནས་དང་བོད་མི་རིགས་ཀྱི་སེམས་ཁམས་དང་གོམས་གཤིས་ཀྱི་ཆ་ལ་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་པའི་ཚད་ཧ་ཅང་མཐོ་བས། སྐབས་འདིར་བསམ་བློའི་རིག་གནས་ཀྱི་གྲངས་སུ་ཆོས་ལུགས་ངེས་པར་དངོས་སུ་འཇོག་རིགས་ཀྱང་མ་བཞག་པ་ནི་བོད་ཀྱི་རིག་གནས་ལ་ངོས་འཛིན་གསལ་བོ་མ་བྱུང་བའི་རྟགས་སུ་ཁོ་བོས་འདོད།

 

སྤྱི་ལོ་1993 ལོར་བསྒྲིགས་པའི་<<བོད་རྒྱ་ཚིག་མཛོད་ཆེན་མོ་>> ལས། “ ཤེས་པར་བྱ་བའི་གནས།” (མཆན། <<བོད་རྒྱ་ཚིག་མཛོད་ཆེན་མོ།>> ཀྲང་དབྱི་སུན་སོགས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། P. 2682) ཞེས་པ་འདི་ནི་རིག་གནས་ཅེས་པའི་སྒྲ་བཤད་གཙོ་བོར་བྱས་པ་ཞིག་རེད། རིག་པར་བྱ་བའི་གནས་གང་ཡིན་དང་རིག་པའི་གནས་ཅི་ཡིན་སོགས་གསལ་བོ་བཀོད་མེད། འདིར་བསྟན་ལས་ང་ཚོས་རིག་གནས་ཀྱི་གོ་དོན་གསལ་བོ་ལོན་མི་ཐུབ། དེ་བས་རིག་གནས་ཀྱི་་གོ་དོན་གཞན་ཞིག་ངེས་པར་འཚོལ་དགོས་པ་ཡིན།

 

༣) སློབ་དཔོན་ཆེན་མོ་རྗེ་བཙུན་བསམ་གཏན་རྒྱ་མཚོ་མཆོག་གིས་མཛད་པའི་<<བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ་>> ལས། “ དེ་ནས་སྤུ་དེ་གུང་རྒྱལ། དེའི་བློན་པོ་རུ་ལས་སྐྱེས་ནི་འཕྲུལ་བློན་མཛངས་པའི་མི་བདུན་གྱི་ཐོག་མ་ཡིན་ལ། རྒྱལ་བློན་དེ་གཉིས་ཀྱི་རིང་ལ་ཐོང་གཤོལ་བཟོ་བ་དང་ཞིང་ལ་ཆུ་འདྲེན་པ་སོགས་ཞིང་ལས་དར་བའི་འགོ་ཚུགས་པ་དང་། གསེར་དངུལ་ཟངས་ལྕགས་ཀྱི་རྡོའི་གཏེར་ཁ་ཕུད་དེ་བཞུ་ལེན་སོགས་བཟོ་ལས་ཅུང་དར་བ་དང་། ཆུ་ལ་ཟམ་པ་འཛུགས་པ་སོགས་འགྲིམ་འགྲུལ་གྱི་ལམ་སོགས་ལའང་ཡར་རྒྱས་ཆེན་པོ་བྱུང་བ་དང་། ཡང་འདིའི་དུས་བོན་སྒྲུང་ལྡེའུ་གསུམ་བྱུང་བ་རིག་གནས་ཀྱི་གྲངས་སུ་བརྩི་” (མཆན། བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ། རྗེ་བཙུན་བསམ་གཏན་རྒྱ་མཚོ། <<རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་གསུམ་འབུམ།>> པོད། 6 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་ 2009 ལོར་པར་དུ་བཏབ། P 255) ཞེས་གསུངས། ཁོང་གིས་ནང་བསྟན་བོད་དུ་མ་དར་སྔོན་ནས་བོད་ལ་རིག་གནས་དར་ཡོད་པ་དང་། དེ་ལ་དངོས་པོའི་རིག་གནས་དང་བསམ་བློའི་རིག་གནས་གཉིས་ཀྱང་དར་བར་གསུངས་ཡོད། དེ་བས་རིག་གནས་ལ་གོ་བ་ལེན་དུས་དེ་གཉིས་ཀྱི་སྤྱི་འདུས་ཤིག་ལ་བསམ་བློ་གཏོང་དགོས་པའི་གནད་བསྟན་འདུག དེང་སྐབས་རིག་གནས་ལ་གོ་བ་ཇི་ལྟར་བླངས་པ་དེ་ལྟར་ལེན་དགོས་པ་ཡིན་པར་འདོད།

 

སློབ་དཔོན་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་མཛད་པའི་<<ལམ་རིམ་ཆེན་མོའི་བརྗེད་བྱང་གི་སྙིང་བོ་ཀུན་ལས་བཏུས་པ་ལེགས་བཤད་འདོད་འཇོ་ལས་སྐྱེས་བུ་ཆེན་པོའི་ཆོས་སྐོར་>> ལས། “དེ་ལ་ཡུལ་རིག་པའི་གནས་ལ། རིག་པའམ་ཤེས་པར་བྱ་བའི་རབ་ཏུ་ཕྱེ་བ་དེ། རིག་པའི་གནས་ཀྱི་མཚན་ཉིད། སྒྲ་བཤད་ནི། ཤེས་པ་རིག་པ་དོན་གཅིག་པས་ཤེས་པར་བྱ་བའི་ཡུལ་ལ་རིག་པར་བྱ་བའི་གནས་ཡིན་པས་ན་རིག་པའི་གནས་ཞེེས་བྱའོ།།” (མཆན། <<ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།>> གླེགས་བམ་བཅུ་བ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2007 ལོར་པར་དུ་བཏབ། P. 395) ཞེས་གསུངས། (སྐབས་འདིར་ཁོང་གིས་རིག་པའི་གནས་རེ་རེའི་མཚན་ཉིད་གོ་བདེ་རེ་མཛད་ཡོད་ཀྱང་འདིར་ཡིག་ཚོགས་ལ་དོགས་ནས་བཀོད་མེད།) ཁོང་གི་དགོངས་ཚུལ་ནི་ཤེས་རབ་ཀྱི་ཡུལ་དུ་གྱུར་རིག་པའི་གནས་ལྔའམ་བཅུ་ལ་དམིགས་ནས་བཞག་པའི་མཚན་ཉིད་ཅིག་རེད། རྒྱུ་མཚན་ཤེས་རབ་ཀྱི་རབ་ཏུ་དབྱེ་བའི་སྐབས་ནས་བསྟན་པས་སོ།།

 

དགའ་བ་པ་སངས་ཀྱིས། མཚོན་བྱ་རིག་གནས་ལ་མཚན་ཉིད་ཡོད་དེ། སྐྱེས་བུའི་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ལས་བྱུང་བའི་བྱ་དངོས་ཡོད་དོ་ཅོག་ལའོ།། (མཆན། <<རྩོམ་རིག་གཤིབ་བསྡུར་རིག་ལམ།>> དགའ་བ་པ་སངས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། P.259) ཞེས་སོ།། ཁོང་གིས་ལྟ་གྲུབ་དང་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་མེད་ལ་མ་ལྟོས་པར་མིའི་རིགས་ཀྱི་འཚོ་བ་ཙམ་གྱི་དགོས་མཁོ་དང་ཡུལ་གོམས་སོགས་རིག་གནས་ཡིན་པར་བཤད་ནས་ཤིན་ཏུ་སྒྲ་ཡངས་འཇུག་གི་ཚུལ་གྱིས་བཞག་ཡོད། འདི་ནི་སྤྱི་ལོའི་སྔོན་གྱི་གྷི་རེ་སིའི་མཁས་པ་རྣམས་ཀྱིས་འདོད་པའི་སྒྱུ་རྩལ་ཞེས་པའི་བརྡ་དོན་དང་གཅིག་པ་ཡིན། ད་ལྟའི་རིག་སྡེ་དབྱེ་ཚུལ་ལྟར་བྱས་ན་མིའི་རིགས་རིག་གནས་རིག་པ་ཞེས་པའི་བརྡ་དོན་དང་གཅིག་མཚུངས་སུ་སོང་ཡོད།

 

སློབ་དཔོན་བློ་བཟང་བསྟན་འཛིན་མཆོག་གིས། དབྱིན་ཡིག་གི་Culture ཞེས་པའི་དོན་ལ་ “ལེགས་བྱང་”ཞེས་སྦྱར་ནས། ལེགས་བྱང་ནི་གསར་བསྐྲུན་རིག་པའི་འབྱུང་རྩ་ཚུལ་ཁྲིམས་ཀྱི་བསླབ་པའི་ཤེས་ཡོན་དང་ཉམས་ལེན་ལས་གྲུབ་པའི་ནང་སེམས་ཀྱི་གནས་བབས་ཤིག་ཡིན། དེར་བརྟེན་ལེགས་བྱང་ནི་མི་ཚེའི་གོམས་གཤིས་དང་གསར་བསྐྲུན་གྱི་རྣམ་འགྱུར་རམ་མངོན་སུམ་དུ་སྣང་བའི་སྒྱུ་རྩལ་གྱི་གཟུགས་སུ་མངོན་པར་གསལ་བ་ཞིག་ཡིན་ (མཆན། ཟམ་གདོང་རིན་པོ་ཆེའི་གསུམ་རྩོམ་དང་གསུང་བཤད་ཕྱོགས་བསྡུས། ཝཱ་ཎཱ་བོད་ཀྱི་ཆེས་མཐོའི་སློབ་ཁང་ནས་བཏོན། P. 278) ཞེས་འགྲེལ་ཡོད། མཚན་ཉིད་འདིའི་ཟུར་དུ་ཚུལ་ཁྲིམས་དང་བསླབ་པའི་ཤེས་ཡོན་གྱི་ཉམས་ལེན་ཞེས་པ་ནི་གནད་འགག་ཏུ་གྱུར་ཡོད། བླང་དོར་དང་གཞན་ཕན་གྱི་ཁྱད་ཆོས་ཡོད་པའི་བསླབ་བྱའི་གནས་ལ་གོ་དགོས་པའི་གནད་བསྟན་ཡོད། དེ་བས་སྔོན་གྱི་རིག་པའི་གནས་ལྔ་དང་བཅུ་ལ་སོགས་པ་གང་ཡིན་ཡང་ཁྱད་ཆོས་འདི་ངེས་པར་ལྡན་པ་ཡིན།

 

ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་གྱིས། “ ལེགས་བྱང་ཞེས་པ་གནས་ཚད་མཐོན་པོའི་སྒྱུ་རྩལ་དང་རིག་གནས་ཙམ་ལ་ཁ་མཚོན་མི་ཆོད་པར་སྤྱི་ཚོགས་གང་ཞིག་གི་ནང་གང་ཟག་ཚོགས་པའམ་སྒེར་གྱི་རྣམ་དཔྱོད་ལས་བྱུང་བའི་སྒྱུ་རྩལ་དང་། རིག་པའི་གནས་དང་། བྱེད་སྒོ་ཆེ་ཕྲ་ཅི་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ནང་ཉམས་ལེན་རྒྱུན་འཇགས་སུ་ཕྱིན་ཏེ། ནམ་ཞིག་ན་སྤྱི་ཚོགས་དེ་ཉིད་འཚོ་ཞིང་གནས་པའི་ཆ་རྐྱེན་ཞིག་ཏུ་འགྱུར་བ་མ་ཟད། དེ་ཉིད་མཚོན་པར་བྱེད་པའི་བདག་ཉིད་ཅན་ཞིག་ལ་འཇོག་དགོས་” (མཆན། <<IN SEARCH OF TRUTH>> དགེ་བཤེས་ངག་དབང་བསམ་གཏན། ཝཱ་ཎཱ་མཐོ་སློབ་ནས་བཏོན། P. 210) ཞེས་བཤད་ཡོད། ཁོང་གིས་བཞག་པའི་མཚན་ཉིད་འདི་ན་སྒྲ་ཤིན་ཏུ་ཡངས་འཇུག་ཡིན། སྔོན་རྒྱ་གར་གྱི་ཕྱི་ནང་ཐུན་མོང་གིས་འདོད་པའི་སྒྱུ་རྩལ་དགུ་བཅུ་གོ་དྲུག་དང་དྲུག་ཅུ་རེ་ལྔ། ཡང་ན། རིག་གནས་བཅོ་བརྒྱད་དུ་ཕྱེ་བ་སོགས་ཀྱི་ཁྱབ་ཁོངས་དང་རྒྱ་ཆེ་ཆུང་འདྲ་བོ་ཡོད་པ་མ་ཟད། དེང་གི་ནུབ་ཕྱོགས་པས་འདོད་པའི་སྒྲ་ཡངས་འཇུག་ལྟར་གྱི་གོ་དོན་ཡང་འདུས་ཡོད། བོད་རང་གི་སྔོན་གྱི་རིག་གནས་ཀྱི་གོ་དོན་ཡོད་པ་མ་ཟད་དེང་སང་བཤད་བཞིན་པའི་དམངས་སྲོལ་རིག་གནས་ཀྱི་གོ་དོན་ཡང་འདིའི་ནང་དུ་ཚུད་པར་བྱས་འདུག་སྙམ།

 

ནུབ་ཕྱོགས་ཀྱི་མཁས་པ་འགའི་རིག་གནས་ཀྱི་མཚན་ཉིད་འདིར་དགོད་རྒྱུ་ཡིན།

 

༠༡ ཨེད་ལེ་ཝོད་སྒྲི(Ellwood) ཡི་<<རིག་གནས་ཀྱི་འགྱུར་རིམ་ལས།>> རིག་གནས་ནི། སློབ་སྦྱོང་གི་བརྒྱུད་རིམ་མམ། ཡང་ན་ཅ་དངོས་དང་ཡོ་བྱད་བཟོ་ལུགས་ཀྱི་བརྒྱུད་རིམ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

 

༠༢ སྦོ་སྒར་སྒྲོ་སི་ (Bogardus) ཡིས། རིག་གནས་ནི་སྤྱི་ཚོགས་ཁྲོད་དུ་འདས་པ་དང་ད་ལྟར་བྱུང་བའི་བསམ་བློ་དང་བྱ་འགུལ་གྱི་ཐབས་ལམ་ཡོད་ཚད་ཀྱི་རྣམ་པ་ཞིག་གོ།

 

༠༣ ཧྥོལ་སམ་(Folsom)གྱིས། རིག་གནས་ནི། མིའི་རིགས་ཀྱིས་གསར་གཏོད་བྱས་ཤིང་དེ་ཡང་མི་རབས་ཕྱི་མ་ཚོར་བརྒྱུད་སྤྲོད་བྱེད་བཞིན་པའི་ཐོན་རྫས་ཡོད་ཚད་དང་འཚོ་བའི་གོམས་གཤིས་ཐམས་ཅད་ཀྱི་སྤྱིའི་རྣམ་པ་ཞིག་ལ་ཟེར་བཞིན་ཡོད།

 

༠༤ ཁྲད་ལིར་( Edward Burnett Tylor 1832-1917) གྱིས། རིག་གནས་ནི། སྤྱི་ཚོགས་ཀྱི་མིས་བསླབས་པའི་ཤེས་བྱ་དང་། དད་མོས། སྒྱུ་རྩལ། བཅའ་ཁྲིམས། གོམས་སྲོལ་དང་ད་དུང་གཞན་པའི་ནུས་པ་དང་གོམས་ལོབས་སུ་སོང་བ་ཐམས་ཅད་ཀྱི་སྤྱི་འདུས་ཕུང་བོ་ཞིག་གོ་ཞེས་བཞག་ཡོད།

 

ཁྲད་ལིར་གྱི་མཚན་ཉིད་འདི་ནི་ད་བར་བཞག་པའི་རིག་གནས་ཀྱི་གོ་དོན་ཉིས་བརྒྱ་ལྷག་ལས་ཆེས་ཆེར་སྐད་གྲགས་ཆེན་པོ་ཡིན། འདིའི་ཐད་ལ་ཕྲན་གྱི་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས། སྣ་མང་རྙོག་འཛིངས་ཆེ་བའི་རྣམ་པ་རྣམས་གཞི་གཅིག་ལ་སྦྱར་བའི་སྣང་ཚུལ་ཞིག་སྟེ། དེ་དག་གི་ཁྲོད་དུ་ཤེས་ཡོན་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། དམངས་སྲོལ་རྣམས་མ་ཟད། ད་དུང་སྤྱི་ཚོགས་ཀྱི་གྲུབ་ཆ་རེ་རེ་ནས་མངོན་པའི་མིའི་རིགས་ཀྱི་གོམས་གཤིས་དང་འབྲེལ་བའི་བྱས་འབྲས་ཆ་ཚང་རིག་གནས་ཀྱི་ངོ་བོ་ལ་འཇོག་བཞིན་ཡོད་སྟབས། ཕྱིས་ཀྱི་དཔྱད་བརྗོད་པ་དག་གིས་ཁོང་གིས་བཞག་པའི་རིག་གནས་ཀྱི་གོ་དོན་འདི་ཚད་མ་དང་གཙིགས་ཆེར་འཛིན་བཞིན་ཡོད་དོ་ (མཆན། ནུབ་ཕྱོགས་པའི་རིག་གནས་ཀྱི་བསྟན་དོན། སྤྲེལ་ནག་པོ་བློ་གྲོས་དཔལ་བཟང་། རྩོམ་རིག་གི་དཔྱད་གཞི་ཉེར་མཁོ་བསྡུ་བསྒྲིགས། P. 130) ཞེས་གསལ་བཤད་གནང་ཡོད།

 

 

བཞི་བ། རིག་གནས་ཀྱི་དབྱེ་བསྡུ།

རིག་གནས་བཅོ་བརྒྱད་དུ་དབྱེ་བ།

༠༡ བྱེ་བྲག་ཏུ་རྟོགས་པར་བྱེད་པ་ལས། རིག་པའི་གནས་བཅོ་བརྒྱད་ཀྱི་མིང་ལ། གནྔྷརྦྦཿ རོལ་མོ། བཻཤིཀཾ འཁྲིག་ཐབས། བཱརྟྟ། འཚི་ཚིས། སཱཾཁྱཱ། གྲངས་ཅན། ཤབྡཿ། སྒྲ། ཙིཀིཏྶིཏཾ། གསོ་དཔྱད། ནཱིཏིཿ། ཆོས་ལུགས། ཤིལྤཾ། བཟོ། ངྷནབེདཿ། འཕོང་དཔྱད། ཧེཏུཿ། གཏན་ཚིགས། ཡོགཿ། རྣལ་འབྱོར། ཤྲུཏིཿ། ཐོས་པ། སྨྲྀཏིཿ། དྲན་པ། ཛྱོཏེཥཾ། སྐར་མའི་དཔྱད་པ། གཎིཏཾ། རྩིས། མཱཡཱ། མིག་འཕྲུལ། པུརཱནྣ། སྔོན་གྱི་རབས། ཨིཏིཧཱསཀཾ། སྔོན་གྱི་བྱུང་བ།(མཆན། བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ༽ <<བྱེ་བྲག་ཏུ་རྟོགས་པར་བྱེད་པ།>> (115) P.150) ཞེས་སོ།།

 

༠༢ སྐྱེས་རབས་ཀྱི་ཊཱི་ཀ་ལས། རིག་པའི་གནས་བཅོ་བརྒྱད་ནི། རོལ་མོ་དང་། འཁྲིག་པའི་ཐབས་དང་། མཚོན་ཆ་དང་། གྲངས་དང་། སྒྲ་དང་། གསོ་དཔྱད་དང་། ཆོས་ལུགས་དང་། བཟོ་དང་། འཕངས་སྤྱད་དང་། གཏན་ཚིགས་དང་། རྣལ་འབྱོར་དང་། ཐོས་པ་དང་། དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། སྔོན་བྱུང་བའོ།། དེ་ལ་སློབ་དཔོན་གྱིས་གོ་འཕང་ཐོབ་ཡིན་ཏེ། དེ་དག་མཐར་ཕྱིན་པར་ལོབས་པའོ།། (མཆན། བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། པོ༽ (120) <<སྐྱེས་རབས་ཀྱི་ཊྲི་ཀ།>> སློབ་དཔོན་བཱིརྱ་སིང་ཧ། P.1696) ཞེས་སོ།།

 

༠༣ སྐྱེས་རབས་ཀྱི་རྒྱ་ཆེར་བཤད་པ་ལས། རིག་པའི་གནས་བཅོ་བརྒྱད་ནི་འདི་ལྟ་སྟེ། རོལ་མོ་དང་། འཁྲིག་ཐབས་དང་། འཚོ་ཚིས་དང་། གྲངས་ཅན་དང་། སྒྲ་དང་། གསོ་བའི་དཔྱད་དང་། བཟོ་དང་། འཕོང་དཔྱད་དང་། གཏན་ཚིགས་ཀྱི་སྦྱོར་བ་དང་། རྣལ་འབྱོར་དང་། ཐོས་ཤིང་དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། དེ་བཞིན་དུ་བྱེ་བྲག་པ་དང་། དོན་གྱི་ཕྲེང་བ་དང་། རིགས་པའི་བསྟན་བཅོས་དང་ཡོངས་སུ་བརྟགས་པའོ།། དེ་བཞིན་དུ་ཡང་བདག་གི་རིགས་ཞེས་བྱ་བ་ནི་བྲམ་ཟེའི་རིགས་ལ་གནས་པ་ལས་མ་འདས་པ་སྟེ། མི་འགལ་བར་ནི་བྲམ་ཟེའི་གནས་པ་ལས་འཁྲུལ་པའོ།། (མཆན། བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ཧུ༽(94) <<སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ།>>སློབ་དཔོན་ངྷརྨ་ཀཱིརྟིས་མཛད། རྒྱ་གར་གྱི་མཁན་པོ་པནྜི་ཏ་ཛ་ནཱ་ངྷ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར། P. 395-396) ཞེས་སོ།།

 

༠༤ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་ལས། རིག་པའི་གནས་བཅོ་བརྒྱད་ནི། རོལ་མོ་དང་། འཁྲིག་ཐབས་དང་། སོ་ཚིས་དང་། གྲངས་ཅན་དང་། སྒྲ་དང་། གསོ་བ་དང་། ཆོས་ལུགས་དང་། བཟོ་དང་། འཕོང་དཔྱད་པ་དང་། གཏན་ཚིགས་དང་། སྦྱོར་བ་དང་། ཐོས་པ་དང་། དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། སྔོན་བྱུང་བ་དག་ཡིན་ཏེ། རིག་པ་བཅོ་བརྒྱད་དེ་དང་དེ།། སྔོན་གྱི་དྲང་སྲོང་དག་གིས་བཤད།། མྱུར་དུ་ཁོང་དུ་ཆུད་པར་བྱེད་པའི་བློ་གང་ལ་ཡོད་པ་དེ་ནི་བློ་རྣོ་བ་ཡིན་ལ། བྱེ་བྲག་པ་ཁོང་དུ་ཆུད་པར་བྱེད་པ་ནི་གསལ་བ་ཡིན་ནོ།། (མཆན། བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ཛུ༽ (88) <<ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ།>>སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད། རྒྱ་གར་མཁན་པོ་ཤྲཱི་བདྔྷ་ཤཱནྟི་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། P. 310-311) ཞེས་སོ།།

 

༠༥ དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། རིག་པའི་གནས་བཅོ་བརྒྱད་དག་ལ་མཁས་པར་གྱུར་ཏེ། འདི་ལྟ་སྟེ། གསང་སྔགས་དང་། རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་ཀྱི་རིག་པ་དང་། རིག་བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། སྡེབ་སྦྱོར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུད་དྲུག་བཅུ་པ་དང་། ཁྱུར་མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་། རིག་པའི་གནས་བཅོ་བརྒྱད་པོ་འདི་དག་ཐམས་ཅད་ལ་བློ་ཤིན་ཏུ་རྣོ་བར་གྱུར་ཏོ།།(མཆན། བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ཏ༽ (9) <<དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ>> ཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ངྷརྨཱ་ཀ་ར་དང་། རྒྱ་གར་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙྪ་བ་བན་དེ་དཔལ་གྱི་ལྷུན་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། P.85) ཞེས་སོ།། (གསལ་བཤད། གཞུང་འདི་ལས་དྲངས་པའི་རིག་གནས་བཅོ་བརྒྱད་ནི་གཞུང་གཞན་ལས་འདྲེན་ཚུལ་དང་ཤིན་ཏུ་མི་འདྲ་བ་ཞིག་ཡིན། དེ་ལས་སྔོན་རྒྱ་གར་དུ་རིག་གནས་བཅོ་བརྒྱད་འདྲེན་ཚུལ་ཅུང་མ་འདྲ་བ་ཡོད་པ་རྟོགས་ཐུབ།)

 

༠༦ ཀློང་རྡོལ་ངག་དབང་བློ་བཟང་ལགས་ཀྱིས། མི་ཐབས་བཅོ་བརྒྱད་འཇོག་བྱེད་རིག་གནས་བཅོ་བརྒྱད་ནི། བཟོ་རིག་གསོ་རིག་ཚད་རིག་བཞི།། སྣོད་རིག་བཅུད་རིག་འཆི་རིག་ལས་རིག་བརྒྱད། ལེན་རིག་དུས་རིག་ཤེས་རིག་ཡིད་རིག་བཅུ་གཉིས་སོ།། ཁམས་རིག་ཡུལ་རིག་བསྔགས་རིག་སྨན་རིག་བཞི།། ཆོས་རིག་བྱང་ཆུབ་རིག་དང་བཅོ་བརྒྱད་དོ།། (མཆན། ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ། གངས་ཅན་རིག་མཛོད། (20) གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། པར་ཐེངས་གཉིས་པ། སྤྱི་ལོ་2002 ལོར།P.654) ཞེས་སོ།།

 

 

རིག་གནས་ཆེ་ཆུང་བཅུའི་དབྱེ་བསྡུ་ལས་རིག་གནས་ཆེ་བ་ལྔའི་དབྱེ་ཚུལ།

༠༡ <<བྱེ་བྲག་ཏུ་རྟོགས་པར་བྱེད་པ་>>ལས། རིག་པའི་གནས་ལྔའི་མིང་ལ། ཤབྡ་བིདྱཱ། སྒྲའི་རིག་པ། ཧེ་ཏུ་བིདྱཱ། གཏན་ཚིགས་ཀྱི་རིག་པ། ཨཱ་དྷྱཱ་ཎ་བིདྱཱ། ནང་གི་རིག་པ། ཙི་ཀིཏྶ་བིདྱཱ། གསོ་བའི་རིག་པ། ཤི་ལྤ་ཀརྨྨ་སྠཱ་བིདྱཱ། བཟོའི་གནས་ཀྱི་རིག་པ། (མཆན། བསྟན་འགྱུར་དཔེ་བསྡུར་མ། <<བྱེ་བྲག་ཏུ་རྟོགས་པར་བྱེད་པ།>> སྣ་ཚོགས། ཅོ༽ (115) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༤ལོར་པར་དུ་བཏབ། P. 66) ཞེས་སོ།།

 

༠༢ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་བཤད་པ་ལས། རིག་པའི་གནས་ནི་རྣམ་པ་ལྔ་སྟེ། ནང་རིག་པ་དང་། གསོ་བ་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ།། (མཆན། བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་པ། ཕི༽ (70) <<མདོ་སྡེའི་རྒྱན་གྱི་བཤད་པ།>> རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། P. 1248-1249) ཞེས་གསུངས།

 

༠༣ ས་སྐྱ་པཎ་ཆེན་གྱི་མཁས་པ་རྣམས་འཇུག་པའི་སྒོ་ལས། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་།། གསོ་བ་ཕྱི་ནང་རིག་ཅེས་གསུངས།། བརྡ་སྤྲོད་པ་སྒྲ་དང་། རྟོག་གེ་ཚད་མ་དང་། ཕྱི་རོལ་བའི་རིག་པ་བཟོ་དང་། ནང་རིག་པ་ལུང་གི་ཆོས་དང་། གསོ་བ་རིག་པ་སྨན་དཔྱད་དོ།། (མཆན། <<ས་སྐྱ་བཀའ་འབུམ>> ༼ཐ༽ ཐེ་ཝན་ནས་པར་དུ་བསྐྲུན། སྤྱི་ལོ་2009 P.268) ཞེས་སོ།།དེ་བཞིན་དུ། སའི་དངོས་གཞི་ལས། རིག་པའི་གནས་ལྔ་གང་ཞེ་ན་འདི་ལྟ་སྟེ་ནང་གི་རིག་པ་དང་། གསོ་བ་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། བཟོའི་ལས་ཀྱི་གནས་ཀྱི་རིག་པའོ།། ཞེས་འབྱུང་།

 

༠༤ ཀློང་རྡོལ་ངག་དབང་བློ་བཟང་གིས། དེ་ལ་རིག་པའི་གནས་ལྔ་གང་ཞེ་ན། བཟོ་དང་། གསོ་བ་རིག་པ། སྒྲ་དང་ཚད་མ་རིག་པ། ནང་དོན་རིག་པ་སྡེ་སྣོད་གསུམ་དང་ལྔའོ།། རིག་གནས་ཆུང་བ་ལྔ་ནི། སྒྲ་རིག་པའི་ཡན་ལག་བཞི་སྟེ། སྙན་ངག སྡེབ་སྦྱོར། མངོན་བརྗོད། ཟློས་གར་རྣམས་ཡིན་ལ། དེའི་སྟེང་སྐར་རྩིས་བསྣན་པས། རིག་གནས་ཆུང་བ་ལྔར་བཤད་དེ།།(མཆན། <<ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།>> གངས་ཅན་རིག་མཛོད།20 གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། པར་ཐེངས་གཉིས་པ། སྤྱི་ལོ་2002 ལོར། P. 621) ཞེས་སོ།།

 

རིག་གནས་ཆེ་བ་ལྔའི་གྲངས་འདྲེན་སྐབས་སྔ་ཕྱིའི་གོ་རིམ་ཅུང་མ་འདྲ་བ་རྒྱ་བོད་གཞུང་འགའ་ན་མངོན། དཔེར་ན།བྱེ་བྲག་རྟོགས་བྱེད་ཆེན་མོ་ལས། སྒྲ་རིག་པ་དང་པོར་བཞག་པ་དང་། སློབ་དཔོན་དབྱིག་གཉེན་གྱི་མདོ་སྡེ་རྒྱན་གྱི་བཤད་པ་ལས། ནང་རིག་པ་དང་པོར་བཞག་ཡོད། སའི་དངོས་གཞི་ལས་ནང་རིག་པ་དང་པོར་བཞག། ས་པཎ་གྱི་མཁས་འཇུག་ལས་བརྡ་སྤྲོད་དམ་སྒྲ་རིག་པ་དང་པོར་བཞག་ཡོད། ཀློང་རྡོལ་བླ་མས་བཟོ་རིག་པ་དང་པོར་བཞག་པ་ལྟ་བུ་རེད། གནད་དོན་འདི་ལ་སློབ་དཔོན་ཚེ་ཏན་ཞབས་དྲུང་ཚང་གིས་དཔྱད་ཞིབ་འདི་འདྲ་མཛད་ཡོད། ཁོང་གིས། “སྡེ་བ་སངས་རྒྱམ་པས། དྲིན་ལན་གསབ་པ་དྲངས་ནས་སྒྲ་རིག་པ་དང་བོར་བྱས་པ་ལ་དགོས་པ་ཆེ་བ་སྐད་བཤད་ཀྱང་རིགས་པའི་ཆུ་ཐུབ་པ་མི་སྣང་ལ། འོན་ཀྱང་སྒྲ་དང་བོར་བྱས་པ་འཇུག་པའི་རིམ་པ་དང་། ནང་རིག་དང་བོར་བྱས་པ་མཆོག་དམན་དང་། བཟོ་རིག་དང་བོར་བྱས་པ་རྒྱ་ཆེ་ཆུང་གི་རིམ་པ་དང་བསྟུན་པར་སྣང་ངོ་།།”(མཆན། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་བཅུ་བ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༧ ལོར་པར་དུ་བཏབ། ཤོག་ངོས། P. 396) ཞེས་གསུངས། དབྱེ་ཞིབ་འདི་འདྲ་ནི་ད་བར་རྒྱ་བོད་ཀྱི་མཁས་པ་གང་གིས་ཀྱང་ཞལ་ནས་མ་གསུངས་པའི་གདམས་པ་ཞིག་ཡིན་པ་ཁོ་བོས་འདོད་དོ།།

 

༠༥ སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས། སྐབས་འབྲེལ་རིག་པའི་གནས་ལྔ། དེའི་ཚུལ་ཡང་བྱེ་བྲག་ཏུ་བཤད་པ་ཆེན་མོ་ལས། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་དང་། རྒྱལ་སྲིད་རིག་པ་དང་། གསོ་བ་རིག་པ་དང་། བཟོ་རིག་ (མཆན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༡༤ ལོར་པར་དུ་བཏབ། P29) ཅེས་རིག་པའི་གནས་ལྔའི་གྲངས་སུ་རྒྱལ་སྲིད་རིག་པ་ཞེས་པ་དྲངས་ཡོད། སྐབས་འདིར་ཁོང་གིས་ཁུངས་གཏུག་སའི་གཞུང་བྱེ་བྲག་ཏུ་བཤད་པ་ཆེན་མོ་ཞེས་པ་འདི་བྱེ་བྲག་རྟོགས་བྱེད་ཆེན་མོ་ཡིན་ནམ་སྙམ། དེ་མིན་བྱེ་བྲག་ཏུ་བཤད་པ་ཆེན་མོ་ཞེས་པའི་གཞུང་ཞིག་མི་སྣང་། གལ་སྲིད་བྱེ་བྲག་རྟོགས་བྱེད་ཆེན་མོ་ཡིན་ན་ནི་མིང་མཛོད་དེ་ལས་རིག་པའི་གནས་ལྔ་འདྲེན་པའི་སྐབས་རྒྱལ་སྲིད་རིག་པ་ཞེས་པ་ཞིག་བཀོད་མི་འདུག་པས་དཔྱད་པར་བྱ་བའི་གནས་ཡིན།

 

 

རིག་གནས་ཆེ་ཆུང་བཅུའི་དབྱེ་བསྡུ་ལས་རིག་གནས་ཆུང་བ་ལྔའི་དབྱེ་ཚུལ།

༠༡ མངོན་པར་འབྱུང་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང་། མིང་གཅིག་དོན་དུ་མར་འཇུག་པ་དང་། དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མས་མངོན་པར་བརྗོད་པའི་བསྟན་བཅོས་དང་། ལྕི་བ་དང་ཡང་བའི་ཡི་གེ་བསྒྱུར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་བསྟན་བཅོས་དང་། མདོ་འཛིན་པ་དང་། བཞད་གད་དང་། སྐད་དུ་མ་གཞན་དུ་བསྒྱུར་བས་གོ་བ་དགའ་བར་བྱེད་པ་ཟློས་གར་གྱི་བསྟན་བཅོས། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པ་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱ་སྟེ། བྱང་ཆུང་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་རོ།། (མཆན། << ཤེས་བྱ་ཀུན་ཁྱབ་ཀྱི་མཛོད་བཞུགས་སོ།།>> འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། དཔལ་སྤུངས་གསུང་རབ་སྤར་སྐྲུན་ཁང་། སྤྱི་ལོ་2005 ༼བར་ཆ།༽ P.313-314) ཞེས་རིག་གནས་ཀྱི་དབྱེ་སྒོ་གཞན་ཞིག་བསྟན་ཡོད། སྙན་ངག་གི་བསྟན་བཅོས་དང་། མངོན་བརྗོད་ཀྱི་བསྟན་བཅོས། སྡེབ་སྦྱོར་གྱི་བསྟན་བཅོས། ཟློས་གར་གྱི་བསྟན་བཅོས། གྲངས་རྩིས་ཀྱི་བསྟན་བཅོས་བཅས་རིག་སྒོ་རྣམ་པ་ལྔ་བསྟན་ཡོད། དབྱེ་སྒོ་འདི་དག་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་རིག་གནས་ཆུང་བ་ལྔ་ཞེས་ཐ་སྙད་བྱས་སོ།།

 

ཟུར་མཆན། (མངོན་པར་འབྱུང་བའི་རྒྱུད་ཅེས་པ་འདི་ནི་བཀའ་འགྱུར་གྱི་རྒྱུད་ཚན་གླེགས་བམ་ཀུན་གྱི་དཀར་ཆག་བཀླགས་ཀྱང་མ་རག་པས། རྗེས་སུ་ལས་རོགས་དགེ་རྒན་དང་སློབ་གྲོགས་མང་པོས་དུས་གཅིག་ཏུ་བཀའ་འགྱུར་གྱི་རྒྱུད་ཚན་གླེགས་བམ་ཀུན་གྱི་དཀར་ཆག་ཞིབ་ཀློག་བྱས་ཀྱང་རྒྱུད་འདི་འདྲ་ཞིག་རྙེད་སོན་མ་བྱུང་། བསྟན་འགྱུར་གྱི་རྒྱུད་ཚན་གླེགས་བམ་ཀུན་གྱི་དཀར་ཆག་བཀླགས་ཀྱང་དེ་ལས་ཀྱང་མ་རྙེད། མདོ་ཚན་ལས་མངོན་པར་འབྱུང་བའི་མདོ་ཞེས་པ་ཞིག་ཡོད་པ་ཞིབ་ཀྱིས་ཐེངས་གཉིས་ལ་བཀླགས་ཀྱང་ལུང་དེ་ལྟ་བུ་ཞིག་རྙེད་སོན་མ་བྱུང་། ལུང་དེ་ནི་འཇམ་མགོན་ཀོང་སྤྲུལ་དང་བོད་མཁས་པ་གཉིས་ཀྱིས་བརྩམས་ཆོས་སུ་དྲངས་ཡོད་པས་ངེས་པར་ཡོད་པར་སྙམ། ཡིན་ནའང་གནས་སྐབས་ལུང་དེ་མ་རག་པས་ཀོང་སྤྲུལ་གྱི་བཀོད་པ་ཁུངས་སུ་བྱས་ནས་འགོད་དགོས་བྱུང་། རྗེས་སོར་རྙེད་སོན་བྱུང་ན་ཆད་པ་ཁ་བསྐོང་བྱེད་ངེས་ཡིན།)

 

༠༢ བོད་མཁས་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན་ལས། རིག་གནས་ཆུང་བ་ལྔ་སྟེ། དབྱེ་གཞི་སྒྲའི་སྟེང་དུ། དབྱེ་ངོ་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཞི་བསྣན་པས་རིག་གནས་ཆུང་བ་ལྔའམ། ཐ་སྙད་རིག་པའི་གནས་ལྔར་ཡང་གྲགས། (མཆན། <<སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན།>>བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ལག་བྲིས་མ། ཤེས་རིག་པར་ཁང་། སྤྱི་ལོ་1994 P.16) ཞེས་སོ།།

 

༠༣ ཅོ་ནེའི་བསྟན་འགྱུར་དཀར་ཆག་ལས་དཔལ་ཁང་ལོ་ཙཱ་བའི་ལུང་ཞིག་དྲངས་པ་ལྟར། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་།། མངོན་བརྗོད་ཟློས་གར་འདི་ལྔ་ལ།། རིག་གནས་ལྔ་ཞེས་འཕགས་ཡུལ་ན།། གྲགས་པའི་བ་དན་རླུང་ལྟར་སྒྲོགས།། (མཆན། <<ཅོ་ནེའི་བསྟན་འགྱུར་དཀར་ཆག>> ཀུན་མཁྱེན་འཇིགས་མེད་དབང་པོ། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1989 པར་ཐེངས་གཉིས་པ། P.186) ཞེས་སོ།།

 

རིག་གནས་ཆུང་བ་ལྔ་གྲངས་འདྲེན་པའི་སྐབས་བོད་ཀྱི་མཁས་པ་རྣམས་ཞལ་མི་མཐུན་པ་བྱུང་འདུག ཁ་ཅིག་གིས་སྒྲ་རིག་པ་འདྲེན་པ་དང་། ཡང་འགའ་ཞིག་གིས་སྐར་རྩིས་རིག་པ་འདྲེན་པ་ལྟ་བུ་རེད། འདི་ལ་མཁས་པ་ཁ་ཅིག་གིས་སྐར་རྩིས་རིག་པ་འདྲེན་པ་ནི་མི་ལེགས་སོ།། སྐར་རྩིས་ནི་སྒྲ་རིག་པའི་ཡན་ལག་ཏུ་འགྱུར་ཚུལ་མེད། སྒྲ་རིག་པ་བརྩི་གཞི་བྱས་ནས་དེའི་ཡན་ལག་རྣམས་ལ་རིག་གནས་ཆུང་བ་ལྔ་ཞེས་བརྗོད་དགོས་པའི་ལྟ་ཚུལ་ཤུགས་ཆེན་བཏོན་འདུག ཡིན་ནའང་རྒྱ་གར་དུ་རིག་གནས་ཆུང་བ་ལྔ་ཞེས་པའི་ཐ་སྙད་ཅིག་མེད་ཚོད་རེད། ཡིན་ནའང་བོད་ཀྱིས་བགྲང་བཞིན་པའི་རིག་གནས་ཆུང་བ་ལྔ་འདི་མངོན་པར་འབྱུང་བའི་རྒྱུད་ཀྱི་ལུང་ལ་བརྟེན་ནས་བྱུང་བ་ཡིན་པར་འདོད། དཔལ་ཁང་ལོ་ཙཱ་བས་རྒྱ་གར་ན་རླུང་ལྟར་གྲགས་ཞེས་གསུངས་འདུག གནད་དོན་འདི་ལ་དམིགས་ནས། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་ཀུན་ཁྱབ་ཀྱི་མཛོད་ལས། “རིག་གནས་ཆུང་བ་ལྔར་གྲགས་པ་འདི་ལ་བཞེད་ཚུལ་འགའ་ཞིག་སྣང་ཡང་། མངོན་པར་འབྱུང་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང་། མིང་གཅིག་དོན་དུ་མར་འཇུག་པ་དང་། དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མས་མངོན་པར་བརྗོད་པའི་བསྟན་བཅོས་དང་། ལྕི་བ་དང་ཡང་བའི་ཡི་གེ་བསྒྱུར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་བསྟན(ཨཱཿ 157 བ) བཅོས་དང་། མདོ་འཛིན་པ་དང་། བཞད་གད་དང་། སྐད་དུ་མ་གཞན་དུ་བསྒྱུར་བས་འགོ་བ་དགའ་བར་བྱེད་པ་ཟློས་གར་གྱི་བསྟན་བཅོས། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པ་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱ་སྟེ། བྱང་ཆུང་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་རོ།། ཞེས་གསུངས་པ་ལྟར་ཕྱིས་ནས་ཆབ་གཅིག་བཞེད་པར་སྣང་བ་ལས། ཞེས་མཚམས་སྦྱོར་བའོ།།” (མཆན། << ཤེས་བྱ་ཀུན་ཁྱབ་ཀྱི་མཛོད་བཞུགས་སོ།།>> འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། དཔལ་སྤུངས་གསུང་རབ་སྤར་སྐྲུན་ཁང་། སྤྱི་ལོ་2005 ༼བར་ཆ།༽ P.313-314) ཞེས་རིག་གནས་ཆུང་བ་ལྔའི་གྲངས་འདྲེན་ཚུལ་རྒྱུད་ལ་ཁུངས་གཏུགས་པ་ནི་ལེགས་པར་སྣང་། མ་གཞི་སྔོན་ཆད་བོད་ཀྱི་རིག་གནས་དང་དེའི་གྲངས་འདྲེན་ཚུལ་རྒྱ་གར་ནས་ཚུར་ལེན་བྱས་པ་མ་ཡིན་ནམ།

 

སློབ་དཔོན་བློ་བཟང་བསྟན་འཛིན་མཆོག་གིས། “ཡིན་ནའང་ང་ཚོ་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་པ་ལྔ་ཞེས་རིག་གནས་བཅུ་ཞེས་པ་ཞིག་འདུག་ག དེ་ང་རང་ཚོ་བོད་པས་བཟོས་བཞག་པ་ཞིག་མིན་འགྲོ་བསམ་གྱི། དེ་ངས་དོགས་པ་རེད། རྒྱ་གཞུང་ནང་ལ་རིག་པའི་གནས་ལྔ་ཡི་སྐད་ཆ་དེ་མ་གཏོགས་རིག་གནས་བཅུ་ཡི་སྐད་དེ་ངས་ད་ལྟ་བར་མཐོང་མ་སོང་།”ཞེས་སོ།། གསུང་འདི་ལ་གོ་རྒྱུ་ཆེན་པོ་ཡོད་པར་འདོད།

 

 

རིག་གནས་ཀུན་རིག་གནས་ཆེ་བ་ལྔར་བསྡུ་ཚུལ།

༠༡ འདུལ་བ་གཞི་རྒྱ་ཆེན་འགྲེལ་བ་ལས། རིག་པའི་གནས་ཐམས་ཅད་ཅེས་བྱ་བ་ནི་རྟོག་གེ་དང་། ལུང་དང་། གསོ་བ་དང་། སྒྲ་དང་། ལས་དང་། བཟོའི་རིག་པ་དག་གོ། (མཆན། བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ཙུ༽ (87) <<འདུལ་བ་གཞི་རྒྱ་ཆེན་འགྲེལ་པ>> P. 514) ཞེས་གསུངས།

 

༠༢ ས་སྐྱ་པཎ་ཆེན་གྱི་མཁས་པ་རྣམས་འཇུག་པའི་སྒོ་ལས། གཞན་ལས་གཞན་དག་རྣམ་བཤད་པ།། འདི་ཡི་ནང་དུ་འདུས་ཤེས་བྱ།། མདོ་ལས་རིག་པའི་གནས་བཅོ་བརྒྱད་ཅེས་གསུངས་པའང་ལྔ་པོ་འདིར་འདུས་པར་ཤེས་པར་བྱའོ།། (མཆན། <<ས་སྐྱ་བཀའ་འབུམ>> ༼ཐ༽ ཐེ་ཝན་ནས་པར་དུ་བསྐྲུན། སྤྱི་ལོ་2009 P.268) ཞེས་གསུངས།

 

༠༣ གཟུངས་འབུམ་ཐར་གྱིས་སྒྲ་རིག་པའི་ཁོངས་སུ་སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་འདུས་པ་དང་། གསོ་བ་རིག་པའི་ཁོངས་སྐར་རྩིས་བསྡུས་ཏེ་ཡན་ལག་གི་རིག་གནས་སུ་བགྲངས། (མཆན། << བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས།>> གཟུངས་འབུམ་ཐར་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2004 ལོར་པར་དུ་བཏབ། P.8) ཞེས་སོ།།

 

 

རིག་པའི་གནས་གསུམ་དུ་བསྡུ་ཚུལ།

༠༡ མདོ་སྡེ་རྒྱན་ལས། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་།། བདག་གཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།། (མཆན། བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་པ། ཕི༽ (70) <<ཐེག་པ་ཆེན་པོ་མདེ་སྡེའི་རྒྱན་ཞེས་བྱ་བ་ཚིག་ལེའུར་བྱས་པ།>> འཕགས་པ་བྱམས་པས་མཛད། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། P. 837) ཞེས་གསུངས་པ་ལྟར། རིག་པའི་གནས་ཀུན་ཚར་བཅད་དང་རྗེས་བཟུང་། ཀུན་ཤེས་གསུམ་དུ་བསྡུས་པ་ཡིན།

 

༠༢ དེ་བཞིན་དུ་ཤེས་བྱ་ཀུན་ཁྱབ་ཀྱི་མཛོད་ལས། དེའི་གནས་ཐམས་ཅད་བསྡུ་ན་རིག་པའི་གནས་བཅུ་ལ་འདུ་ཞིང་། དེའང་རིག་གནས་ཆུང་བ་ལྔ་པོ་སྒྲ་ལ་སོགས་པའི་ཡན་ལག་ཡིན་པས་གཙོ་བོར་རིག་པའི་གནས་ལྔ་དང་། དེའང་། སྒྲ་དང་ཚད་མས་ཚིག་དོན་ལ་འཁྲུལ་པ་ཚར་གཅོད། བཟོ་དང་གསོ་བས་གདུལ་བྱ་སྤྱི་དང་བྱེ་བྲག་རྗེས་སུ་འཛིན། ནང་དོན་རིག་པས་བདག་ཉིད་ཀུན་མཁྱེན་བསྒྲུབ་པའི་ལམ་གྱི་རྣམ་པ་ཀུན་ཤེས་པར་བྱེད་པས་ན། ཚར་བཅད། རྗེས་འཛིན། ཀུན་མཁྱེན་གྱི་རིག་གནས་སུ་དུའང་འདུས་པས་དེ་དག་ལ་བསླབ་པར་བྱ་སྟེ། (མཆན། <<ཤེས་བྱ་ཀུན་ཁྱབ་ཀྱི་མཛོད་བཞུགས་སོ།།>> འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། དཔལ་སྤུངས་གསུང་རབ་སྤར་སྐྲུན་ཁང་། སྤྱི་ལོ་2005ལོར་པར་དུ་བཏབ། ༼བར་ཆ།༽ P.2019-2020) ཞེས་རིག་གནས་གསུམ་དུ་བསྡུ་ཚུལ་གསལ་བོ་བཀོད་འདུག

 

རིག་པའི་གནས་གཉིས་སུ་བསྡུ་ཚུལ།

བོད་མཁས་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན་ལས། དེ་ལས་ནང་རིག་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ནི་བསྟན་པ་ལ་ཞུགས་པ་ཁོ་ནའི་ཁྱད་པར་གྱི་ཆོས་ཡིན་པས་ཐུན་མོང་མ་ཡིན་པ་དང་། གཞན་བཞི་ཕྱི་ནང་ཀུན་གྱི་ཐུན་མོང་དུ་བསླབ་བྱ་ཡིན་པས་ཐུན་མོང་བའི་རིག་གནས་སུ་བཞག་ (མཆན། <<སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན།>>བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ལག་བྲིས་མ། ཤེས་རིག་པར་ཁང་། སྤྱི་ལོ་1994 P.11) ཅེས་རིག་པའི་གནས་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གཉིས་སུ་ཕྱེས་ནས་བསྡུས་པའོ།།

 

 

རིག་པའི་གནས་གཅིག་ཏུ་བསྡུ་ཚུལ།

༠༡ སློབ་དཔོན་ངོ་བོ་མེད་པས་མཛད་པའི་མདོ་སྡེ་རྒྱན་གྱི་རྒྱ་ཆེར་བཤད་པ་ལས།མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་རིག་པའི་གནས་ལྔ་རྣམ་པར་བཞག་པ་ནི་ཆོས་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ།། དེ་ལས་གཞན་པའི་རིག་པའི་གནས་རྣམས་ནི་དེའི་ཁོངས་སུ་འདུས་པ་ཁོ་ན་སྟེ། ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དོ་ཞེས་བྱ་བ་ནི་ནང་རིག་པ་ནི་ཐེག་པ་ཆེན་པོ་སྟེ་ནང་རིག་པའོ།། གནས་གཞན་བཞི་པོ་གསོ་བ་དང་། གཏན་ཚིགས་དང་། སྒྲ་དང་། བཟོའི་ལས་ཀྱི་རིག་པའི་གནས་རྣམས་ནི་དེའི་ཁོངས་སུ་འདུས་པ་ཡིན་ནོ།། (མཆན། བསྟན་འགྱུར་དཔེ་སྡུས་མ། སེམས་ཙམ་པ། བི༽ (71) <<ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་གྱི་རྒྱ་ཆེར་བཤད་པ>> སློབ་དཔོན་ངོ་བོ་ཉིད་མེད་པས་མཛད། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། P.389-390) ཞེས་རིག་པའི་གནས་གཞན་དག་ནང་རིག་པའི་ཁོངས་སུ་བསྡུས་ཡོད། འདི་ནི་རྒྱ་གར་གྱི་ནང་པའི་མཁས་པ་རྣམས་ཀྱིས་རིག་གནས་དབྱེ་བསྡུ་གནང་སྟངས་ཤིག་ཡིན་པར་འདོད།

 

༠༢ སྟག་ཚང་ལོ་ཙཱ་ཤེས་རབ་རིན་ཆེན་གྱིས། ཡིད་བཟོ་ཐོས་བསམ་བྱ་ཡུལ་དུ་མ་འདུས་པའི་རིག་གནས་མེད་པ་དེའི་ཕྱིར་བཟོའི་རིག་གནས་འདིར་རིག་གནས་མཐའ་དག་འདུས་པས་རིག་གནས་ཀུན་གྱི་ལུས་ཡིན་པའི་ཕྱིར་ཟས་འཚོལ་བའི་རིག་གནས་ཞེས་བརྙས་པར་མི་བྱའོ།། (མཆན། མེས་པོའི་ཤུལ་བཞག (29) སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད་དང་པོ། <<རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཉུང་གསལ་ཀུན་དགའ>> དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2007 ལོར་པར་ཐེངས་དང་པོ། P.44) ཞེས་རིག་གནས་ཀུན་བཟོ་རིག་པའི་གནས་སུ་བསྡུ་ཚུལ་གསུངས་ཡོད། རིག་གནས་ཀུན་ལུས་ངག་ཡིད་གསུམ་གྱི་བཟོ་རིག་གི་ནང་དུ་མ་ཚུད་པ་མེད་ཅེས་མཁས་པ་ཀུན་ལ་ཡོངས་སུ་གྲགས་པ་ཡང་ཡིན།

 

རིག་གནས་ཀྱི་དབྱེ་བ་དང་བསྡུ་བའི་ཚུལ་བསྟན་པའི་ལུང་ཤིན་ཏུ་མང་ཡང་དོན་གོང་དུ་བཀོད་པ་དེ་དག་ལ་མ་ཚུད་པ་མེད་པས་འདིར་མང་པར་དོགས་ནས་རེ་རེ་བཞིན་བཀོད་པའི་ངལ་བ་བྱས་མེད།

 

 

ལྔ་བ། བསླབ་གཞི་དང་འབྲེལ་བའི་དཔྱད་གཞི་ངོ་སྤྲོད།

ས་པཎ་གྱི་<<མཁས་པ་རྣམས་འཇུག་པའི་སྒོ་རྩ་འགྲེལ།>> བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི་<<རིག་གནས་ལྔའི་རྣམ་བཞག་མདོར་བསྡུས་སྔོན་འགྲོ་བཤད་ཐབས་དང་བཅས་པ་བློ་གསལ་རྣ་རྒྱན།>> དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་<<ཆོས་འབྱུང་མཁས་པའི་དགའ་སྟོན།>> སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་<<རིག་གནས་ཀུན་ཤེས་>>སྔ་ཕྱི་གཉིས། འདར་སྟོད་དགྲ་འདུལ་དབང་པོས་མཛད་པའི་<<ཐ་སྙད་རིག་གནས་ལྔ་ཇི་ལྟར་བྱུང་བའི་ཚུལ་གསལ་བར་བཤད་པ་བློ་གསལ་མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ།>> ཀློང་རྡོལ་བླ་མ་རིན་པོ་ཆེས་མཛད་པའི་<<རིག་གནས་ཆེ་བ་སྒྲ་རིག་པ། སྙན་ངག སྡེབ་སྦྱོར། ཟློས་གར། མངོན་བརྗོད། བརྡ་གསར་རྙིང་གི་ཁྱད་པར་རྣམས་ལས་བྱུང་བའི་མིང་གི་རྣམ་གྲངས།>> << བཟོ་དང་། གསོ་བ། སྐར་རྩིས་ལས་བྱུང་བའི་མིང་གི་རྣམ་གྲངས།>> འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་<<ཤེས་བྱ་ཀུན་ཁྱབ་མཛོད།>> སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་གྱིས་མཛད་པའི་<<བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ།>> སློབ་དཔོན་བློ་བཟང་བསྟན་འཛིན་གྱིས་མཛད་པའི་<<འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང་།>> ཛེ་སྨད་བློ་བཟང་དཔལ་ལྡན་གྱིས་མཛད་པའི་<<རིག་གནས་ལྔའི་བྱུང་བ་བརྗོད་པ་གཏམ་ཚངས་པའི་རོོལ་མོ།>> དགེ་བཤེས་ངག་དབང་བསམ་གཏན་གྱིས་མཛད་པའི་<<བོད་ཀྱི་རིག་གཞུང་ངམ་ལེགས་བྱང་དང་སྐད་ཀྱི་སྲུང་སྐྱོབ།>> གླང་རི་བ་ཐུབ་བསྟན་སྦྱིན་པས་བརྩམས་པའི་<<བརྡ་དག་སྙན་ངག་སོགས་ཐ་སྙད་རིག་གནས་ལས་བརྩམས་པའི་འབེལ་གཏམ།>> དགའ་བ་པ་སངས་ཀྱིས་བརྩམས་པའི་<<རྩོམ་རིག་གཤིབ་བསྡུར་རིམ་ལམ་ལས་རིག་གནས་ཞེས་པའི་བརྡ་རྟགས་དང་འབྲེལ་བའི་གཏམ།>> གཟུངས་འབུམ་ཐར་གྱིས་བརྩམས་པའི་བོད་ཀྱི་<<རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས།>> ཨ་འཁོར་བཟོད་པས་བརྩམས་པའི་<<བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ།>> རེ་མདོ་སེངྒེས་བརྩམས་པའི་<<བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས།>> སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་གིས་བརྩམས་པའི་<<ནུབ་ཕྱོགས་པའི་རིག་གནས་ཀྱི་བསྟན་དོན།>> འབའ་སྟོད་ཚེ་དབང་རྡོ་རྗེས་བསྒྱུར་བའི་<<རིག་གནས་མིའི་རིགས་རིག་པའི་གཞུང་ལུགས་གྲུབ་མཐའི་རྣམ་བཤད།>> ར་ས་བསྟན་འཛིན་ཆོས་གྲགས་ཀྱིས་བསྒྱུར་སྒྲིག་བྱས་པའི་<<རིག་གནས་རིག་པའི་སྤྱི་བཤད།>> སོགས་ནི་ངེས་པར་ལྟ་ཀློག་བྱེད་དགོས་པའི་དཔྱད་གཞི་ཡིན།

 

བོད་ཀྱི་རིག་གནས་ཀྱི་བྱུང་བའི་ལོ་རྒྱུས་དང་དེའི་གོ་དོན། དབྱེ་བསྡུ། མཐའ་དཔྱད་བཅས་ཀྱི་དཔྱད་གཞི་ངོ་སྤྲོད་བྱས་པ་ནི། ངས་ནི་སློབ་ཚན་འདི་ལས་རིག་གནས་དང་འབྲེལ་བའི་བཀའ་བསྟན་དང་བོད་ཀྱི་མཁས་པས་མཛད་པའི་ལུང་མང་པོ་དྲངས་ཡོད། དེ་དག་ནི་སློབ་གཉེར་བ་རྣམས་དཔེ་མང་ཀློག་པར་བསྐུལ་བའི་ཕྱིར་དང་། གཞན་དཔྱད་གཞི་ཉུང་ཙམ་ཞིག་ངོ་སྤྲོད་བྱེད་པ་འདི་ཡང་བོད་ཀྱི་རིག་གནས་ཀྱི་བྱུང་བ་དང་ངོ་བོ། དབྱེ་བསྡུ་བཅས་ལ་རྒྱུས་མངའ་ཞིག་ཡོད་པར་བསྐུལ་བར་དམིགས་པ་ཡིན་པས། ལུང་ཚིག་དེ་དག་གི་མ་དཔེ་དང་དཔྱད་གཞི་འདི་དག་ལ་ངེས་པར་གཟིགས་ནས་ལྟ་རྒྱ་ཡངས་པོར་བསྐྱེད་པའི་རེ་བ་དང་། གཞན་འདིར་མ་བཀོད་པའི་བོད་ཀྱི་རིག་གནས་དང་འབྲེལ་བའི་དཔྱད་ཞིབ་གང་མང་ལ་ངེས་པར་གཟིགས་རོགས་གནང་ཞེས་ནན་གྱིས་བསྐུལ་བའོ།།

 

 

 

མཇུག་གི་གཏམ།

འཆད་ཁྲིད་ཟིན་བྲིས་འདི་འདེབས་པར་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་གསུང་གི་མཛད་པ་སྣ་ཚོགས་ཀྱིས་བསྐྱངས་པ་དང་། གཞན་བདག་གི་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་གིས་བརྩེ་བས་ལམ་སྟོན་གནང་བ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒྱ་བོད་ཀྱི་མཁས་པ་རྣམས་དང་སློབ་དཔོན་ཁོང་གི་ལམ་སྟོན་མེད་ན་འཆད་ཁྲིད་ཟིན་བྲིས་འདི་འདྲ་ཞིག་འདེབས་པ་ནི་རྨི་ལམ་ཙམ་རེད། རྫོང་སར་བཤད་གྲྭའི་མཐོ་སློབ་ཀྱི་དཔེ་མཛོད་ཁང་ནས་ཟུར་ལྟ་དང་དཔྱད་གཞི་གང་དགོས་དུས་ལྟར་གཡར་བོ་གནང་བ་དང་། དུས་ངེས་མེད་དུ་དཔེ་ཀློག་གི་གོ་སྐབས་གནང་བ་ལའང་ཐུགས་རྗེ་ཆེ་ཞུས་པ་ཡིན།

 

ངས་གོང་དུ་ཡི་གེའི་ཚོགས་སྤུངས་པ་ནི་ཆེད་རྩོམ་དང་དཔྱད་རྩོམ་དེ་འདྲ་གང་ཡང་མིན། དེ་བས་ཟུར་མཆན་དེ་དག་ཀྱང་དཔྱད་རྩོམ་ལྟར་ཨང་གྲངས་བསྒྲིགས་ནས་མཐའ་ལ་མ་བཀོད་པར་སློབ་གཉེར་བས་ལྟ་བདེ་བའི་ཆེད་དུ་ལུང་གང་དང་གང་གི་ཐད་ཀར་ཐད་སོར་བཀོད་ཡོད།

 

གཞན་ཟིན་བྲིས་འདི་ལས་ལུང་ཁུངས་འགོད་སྟངས་དང་ལུང་ལ་འགྲེལ་བ་སོགས་ནོར་བའི་ཆ་ཅི་ཞིག་ཡོད་ན་གཟུར་གནས་མཁས་པ་རྣམས་དང་དམིགས་བསལ་སློབ་གཉེར་བ་རྣམས་ལ་བཟོད་གསོལ་དང་འབྲེལ་དགོངས་འཆར་ལྷུག་སྩོལ་ཡོད་པར་ཞུ། ཟིན་བྲིས་འདི་ལ་ཕན་པ་དང་དགེ་བའི་ཆ་ཅུང་ཙམ་མཆིས་ནས་རང་གཞན་གྱི་ཤེས་རབ་ཀྱི་རྩལ་ཆེས་ཆེར་འཕེལ་བའི་རྒྱུ་རུ་བསྔོས་པ་ཡིན། སྤྱི་ལོ་༢༠༡༨ ཟླ་༡༢ ཚེས་༩ ལ་མེ་འོད་དགེ་ལྡན་དུ་འབོད་པས་གུས་ཕུལ།

 

 

 (རང་གི་འཆད་ཁྲིད་ཟིན་བྲིས་ལས་བཤུས།)

མཆན་འདེབས། མཆན་བསུབ།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *