༈ འཇར་མན་ཧམ་བྷག་གཙུག་ལག་སློབ་གྲྭའི་སློབ་དཔོན། མཁྱེན་བརྩེ་བོད་བརྒྱུད་ནང་བསྟན་གསུང་རབ་སློབ་གཉེར་ལྟེ་གནས་གསར་དུ་འཛུགས་མཁན་དང་། ལྟེ་གནས་དེའི་ངེས་སྟོན་པ་མཁས་དབང་རྡོ་རྗེ་དབང་ཕྱུག་ལགས་སུ་རྫོང་སར་བཤད་གྲྭའི་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས་ “ARPI” ལས་གཞི་དང་འབྲེལ་བའི་བཅར་འདྲི།

 

(གསལ་བཤད། གུག་རྟགས་ནང་བཀོད་པ་རྣམས་རྩོམ་སྒྲིག་པའི་མཆན་ཡིན།)

 

ཆོས་བློ།  1. “ARPI” ལས་གཞི་འདི་དང་པོ་དམིགས་ཡུལ་གང་དང་གང་བཟུང་ནས་ཇི་ལྟར་འགོ་བཙུགས་པ་ཡིན་ནམ།
རྡོ་རྗེ་དབང་ཕྱུག  ཐོག་མར་འདི་ནས “ARPI” ལས་གཞི་འདི་དམིགས་ཡུལ་གང་འདྲ་བྱས་ནས་འགོ་བཙུགས་ཡོད་མེད་སྐོར་ལ་ཏོག་ཙམ་ཞུ་ན། སྤྱིར་བཏང་ཧམ་བྷག་གཙུག་ལག་སློབ་གྲྭ་ཆེན་མོ་(Universität Hamburg) འདི་ “Philology” དང་ “History” གྱི་ཐོག་ནས་བོད་པའི་ཆོས་དང་རིག་གཞུང་། དེ་བཞིན་རྒྱ་གར་གྱི་ཆོས་དང་རིག་གཞུང་གི་ལྟེ་བ་འདྲ་ཞིག་གལ་ཆེན་པོ་བརྩི་གིན་རེད། ང་འཇར་མ་ནེའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གི་འགན་ཁུར་ཚར་བའི་རྗེས་ལ། སྔོན་གྱི་དགེ་རྒན་རྣམས་དང་ཁོ་རང་ཚོའི་ལུགས་སྲོལ་གཞིར་བཞག་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཡར་རྒྱས་ག་འདྲ་བྱས་ནས་གཏོང་དགོས་པར་བསམ་བློ་བཏང་པ་ཡིན། དེས་ན་མུ་འཐུད་ནས་བོད་ཀྱི་ཆོས་དང་རིག་གཞུང་ཡར་རྒྱས་གཏོང་བའི་ཐབས་ཤེས་ལ། མཁྱེན་བརྩེ་ཐེབས་རྩ་ཚོགས་པས་རོགས་རམ་གནང་ནས་ངས་མཁྱེན་བརྩེ་ལྟེ་གནས་(Khyentse Center for Tibetan Buddhist Textual Scholarship)འདི་བཙུགས་པ་རེད། མཁྱེན་བརྩེ་ལྟེ་གནས་འདི་ལ་ཞིབ་འཇུག་དང་འབྲེལ་བའི་ལས་གཞི་བཞི་ལྔ་ཞིག་ཡོད་རེད། དེའི་ནང་ནས་གཙོ་བོ་དེ་ལྷོ་ཨེ་ཤི་ཡའི་ནང་ལ་སྲོལ་རྒྱུན་གྱི་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་དེ་ཚོ་ལ་དེང་དུས་ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པ་དང་ “Philology” ལ་མཐུན་པའི་སྲོལ་ཞིག་བོད་བརྒྱུད་ནང་བསྟན་ནང་ཡོད་ན་ཡག་པོ་འདུག་བསམ་སོང་།

 

དེ་འདྲ་བསམ་པ་དང་ཆབས་གཅིག་ཏུ་རྒྱ་གར་ལྷོ་ཕྱོགས་ཀྱི་རྣམ་གྲོལ་གླིང་གི་བཤད་གྲྭ་ནས་ང་ལ་འབྲེལ་བ་བྱས་སོང་། དེ་ཡང་རྣམ་གྲོལ་གླིང་བཤད་གྲྭའི་མཁན་པོ་ཞིག་གི་ཁ་པར་སླེབས་ཏེ། བཤད་གྲྭ་ལ་ཞིབ་འཇུག་ཅིག་འཛུགས་ཐུབ་དགོས་པ་དང་། དེ་ཡང་སྔོན་མ་ ༡༩༨༧ ནས་བཤད་གྲྭའི་སྒྲིག་གཞིའི་ནང་ལ་བཤད་གྲྭ་ནས་སློབ་སྦྱོང་གནང་ཚར་རྗེས་ཡིན་ཅིག་མིན་ཅིག་ཞིབ་འཇུག་ཅིག་གནང་དགོས་རེད་ཅེས་གཏན་ལ་ཕབ་བཞག་ཡོད་པ་དང་། དེ་ཡང་བླ་མ་མང་པོ་ཞིག་གིས་མཉམ་དུ་དགོངས་པ་བཞེས་ནས་ཐག་གཅོད་མཛད་ཡོད་པ། དེ་བཞིན་པད་ནོར་རིན་པོ་ཆེའི་དགོངས་གཞི་ཡང་དེ་འདྲ་ཆགས་བསྡད་ཡོད་པ། ཡིན་ན་ཡང་ད་ལྟ་བར་དུ་ལག་ལེན་བསྟར་ཐུབ་མེད་པས། ད་ཁྱེད་རང་གིས་ཐུབ་ན་ཐུབ་ས་རེད། ཁྱེད་རང་བཤད་གྲྭ་ནས་སྲོལ་རྒྱུན་གཞིར་བཞག་གི་སློབ་སྦྱོང་ཚར་བ་མ་ཟད། ནུབ་ཕྱོགས་ཀྱི་སློབ་སྦྱོང་ཡང་ཚར་བ་རེད། ད་ང་ཚོས་ཞིབ་འཇུག་ཅིག་འཛུགས་ཐུབ་ན་ཡག་པོ་འདུག་ཅེས་གསུངས་སོང། དེ་ནས་ང་རང་གི་ངོས་ནས་ཀྱང་ཏག་ཏག་རེད། རྗེས་མ་ང་རྒྱ་གར་ལྷོ་ཕྱོགས་ལ་རིན་པོ་ཆེའི་སྐུ་གདུང་མེ་མཆོད་འབུལ་སར་བཅར་ཡ་ཡིན། དེ་དུས་ང་ཚོས་གྲོས་བསྡུར་བྱེད་ཆོག་ཞུས་པ་ཡིན། དེ་ནས་ ༢༠༡༣ ལོར་རིན་པོ་ཆེའི་སྐུ་གདུང་མེ་མཆོད་ཕུལ་དུས་ཨོར་ན་(Dr. Orna Almogi)ངེད་གཉིས་ཀ་བཅར་བ་ཡིན། དེ་དུས་དགོན་པའི་མཁན་པོ་དང་དགེ་བའི་བཤེས་གཉེན། སྤྲུལ་སྐུ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་མང་པོ་ཞིག་འཛོམས་ནས་ཨོར་ན་ང་གཉིས་ཀ་ཕ་གིར་ཚོགས་ནས་ཞིབ་འཇུག་འཛུགས་ཡ་ལ་གཏན་འཁེལ་ནས། འཆར་གཞི་རོབ་ཙམ་ཞིག་བཞག དེ་རྗེས་གྲྭ་པ་བརྒྱ་དང་བདུན་ཅུ་ཙམ་འཛོམས་ཏེ་ཟབ་སྦྱོང་ཐེངས་དང་པོ་ཚོགས་ནས་ཚོད་ལྟ་འདྲ་བྱས་པ་རེད། དེའི་རྗེས་སུ་པུ་ན་ཁ་(Punakha)དེ་ཚོ་ལ་ཚོགས། དེ་ནས་རིམ་བཞིན་ཞིབ་འཇུག་གི་སྲོལ་དེ་ཚུགས་པ་རེད།

 

དེས་ན་ཞིབ་འཇུག་གི་སྲོལ་དེ་འཛུགས་ཡ་ལ་ང་ཚོ་ལ་སྟབས་ལེགས་པོ་གང་བྱུང་སོང་ཟེར་ན། ང་ཚོས་ཕར་ཨུ་ཚུགས་བརྒྱབ་པ་མ་ཡིན་པར་དགོན་པ་ཁོ་རང་ནས་དེ་འདྲ་ཞིག་དགོས་འདུག་ཅེས་ཚུར་ལ་གསུངས་པ་མ་ཟད། ང་ཚོ་ལའང་སྔོན་མ་ནས་དེ་འདྲ་ཞིག་འདོད་པ་ཡོད་པ་བཅས་སྟབས་འགྲིག་པས། ད་གཟོད་ང་ཚོས་སྔ་འགྱུར་ཞིབ་འཇུག་ལྟེ་གནས་འདི་བཙུགས་པ་རེད། ཞིབ་འཇུག་འདི་ཐོག་མར་བཛུགས་དུས་གྲྭ་པ་བཞི་དང་ཨ་ནེ་གཅིག་བཅས་སྡེ་ཚན་གཅིག་བཙུགས། སྡེ་ཚན་འདི་ལ་ “Pilot” (སྔོན་འགྲོ) ཟེར་ནས་མིང་བཏགས་པ་རེད།

 

ཞིབ་འཇུག་སློབ་མ་ཁོ་རང་ཚོ་ལ་སྤྲོ་བ་ཡོད་པ་དང་ཞིབ་འཇུག་གི་ལས་གཞི་འདི་དགོན་པ་ཁོ་རང་ཚོའི་ངོས་ནས་རྒྱ་ཆེ་རུ་གཏོང་ཐུབ་པའི་རེ་བ་ཡོད་པ། ང་ཚོའི་ངོས་ནས་ཀྱང་དགོན་པ་གཅིག་མ་ཡིན་པ། བྱུང་ན་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་ཁག་མང་པོ་ཞིག་གི་ནང་ལ་ཕར་རྒྱ་ཆེ་རུ་གཏོང་ཐུབ་ན་ཡག་པོ་ཡོང་ས་རེད་བསམ་ནས་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ལ་བཀའ་འདྲི་ཞུས་པ་ཡིན། དེ་ཡང་ང་ཚོས་ག་འདྲ་དགོས་མིན་སྐོར་ནས་སྙན་ཞུ་ཞིག་བྲིས་ནས་ཕུལ་བ་ཡིན། ཁོང་རྣམ་པས་དེ་ལ་ཡག་པོ་བརྩིས་གནང་སོང། དེ་འདྲ་བྱས་ནས་ “ARPI” ཞེས་པའི་ལས་གཞི་འདི་འགོ་བཙུགས་པ་རེད། ད་ལྟའི་ “ARPI” ལས་གཞི་དངོས་ལ་སྔོན་གྱི་ “Pilot” ཞིབ་འཇུག་པ་ཁོང་ཚོ་ཚུད་ཡོད་མ་རེད། ཁོ་རང་ཚོ་སྔོན་མ་ནས་ཡོད་རེད། དེས་ན་ཁོ་རང་ཚོའི་མིང་ལ་ “Pilot” ཞེས་བཏགས་དགོས་པའི་རྒྱུ་མཚན་དེ་ཡིན། ད་ལྟ་ཞིབ་འཇུག་སློབ་མ་སྡེ་ཚན་གཉིས་པའི་ནང་གི་རྫོང་སར་དང། མ་གིའི་(རྣམ་གྲོལ་གླིང)དང། ཞེ་ཆེན་བཅས་པ་ “ARPI” སྡེ་ཚན་དང་པོའི་ནང་ལ་ཚུད་པ་རེད། “ARPI” ཟེར་ན་ “Academic Research Project Initiative” རེད། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་དེ་སྲོལ་རྒྱུན་དེ་དེང་དུས་ནུབ་ཕྱོགས་ཀྱི་ “Philology” དང་ “History” བཅས་ལ་མཐུན་པའི་ཐོག་ལ། བོད་བརྒྱུད་ནང་བསྟན་གྱི་ཡིག་ཆ་དེ་ཚོ་ལ་ཞིབ་འཇུག་བྱེད་པར་ཕྱི་ལོགས་ནས་གཡར་བཞག་པའི་ཐབས་ཤེས་ནང་བཞིན་མ་ཡིན་པ། བོད་བརྒྱུད་ནང་བསྟན་ཁོ་རང་ནང་ལོགས་ལ་རང་རྐང་ཚུགས་པའི་ཞིབ་འཇུག་གནང་བའི་ཐབས་ཤེས་ཤིག་ཡོད་ན་ཡག་པོ་འདུག་བསམ་ནས་ “ARPI” ལས་གཞི་དེ་འགོ་བཙུགས་པ་རེད། ད་ངས་ཚིག་མང་པོ་འདྲ་བོ་ཆགས་སོང་ཕལ་ཆེར་ཕྱོགས་ཕྱོགས་དེ་ཙམ་ཡིན་རྒྱུ་བྱེད།

 

 

 

ཆོས་བློ།  2. “ARPI” ལས་གཞི་འདི་ག་དུས་ནས་འགོ་བཙུགས་པ་རེད།
རྡོ་རྗེ་དབང་ཕྱུག  སྤྱི་ལོ་ 2016 ཟླ་བ་ 8 པའི་ནང་ལ་འགོ་བཙུགས་ནས་ད་བར་ལོ་གཉིས་ཏག་ཏག་སོང་བ་རེད།

 

 

 

ཆོས་བློ།  3. ད་ལྟ་བར་ “ARPI” ལས་གཞི་འདི་ཐོག་མའི་དམིགས་ཡུལ་རྣམས་གཞིར་བཞག་གི་ཐོག་ནས་གྲུབ་འབྲས་ཇི་ཙམ་ཐོན་ཡོད་པར་ངོས་འཛིན་གནང་གི་ཡོད་དམ།
རྡོ་རྗེ་དབང་ཕྱུག  ད་ལྟ་མ་གཞི་ “Pilot” སྡེ་ཚན་ཁོ་རང་ཚོས་ “ARPI” ལ་རྒྱབ་སྐྱོར་དང་རྨང་གཞི་འདྲ་བོ་བྱས་ནས་དཔེ་ཡག་པོ་ཆགས་སོང་། ད་ལྟ་ “ARPI” དང་པོ་དེ་ཚར་ཡོད་མ་རེད། ཡིན་ན་ཡང་རྗེས་མ་ཉིས་སྟོང་ཉི་ཤུ་ནང་ཙམ་ལ་ཚར་གྱི་རེད། ད་ལྟའི་བར་དུ་ཧ་ལས་ཡ་དེ་འདྲ་ང་ཚོ་བློ་ཚིམས་པོ་ཞེ་བོ་བྱུང་སོང་། འབྲས་བུ་དེ་དངོས་གནས་ཞིབ་འཇུག་གི་སྤུས་ཚད་ཆ་ནས་བཤད་ན། ང་ཚོའི་ “Pilot” ཞིབ་འཇུག་པ་ཁ་ཤས་ཀྱིས་ལབ་ཀྱི་འདུག ད་ལྟ་ “ARPI” འདི་ “Pilot” ཁོ་རང་ཚོ་ལས་ཡག་ག་ཆགས་ས་རེད་ཟེར། དེ་འདྲའི་བསམ་བློ་བཏང་ན་དངོས་གནས་གཅིག་གིས་གཅིག་ལ་ཕན་གྱི་ཡོད་རེད། “ARPI” ནང་ལ་ཡོད་པ་གསར་པ་དེ་ཚོས་སྔ་མ་ལ་དཔེ་བལྟ་ས་ཡོད་རེད། གཞི་འདྲ་བོ་ཡོད་རེད། གཅིག་ནས་གསར་པ་གང་ཡང་གཏན་ལ་ཕབ་དགོས་པ་མ་རེད། ཕབ་ཟིན་པ་དེས་ལམ་ཁ་འདྲ་བོ་བཟོས་བཞག་ཡོད་རེད། དེ་ཡི་ནང་ལ་འགྲོ་ཆོག་ཆོག་འདྲ་བོ་ཞིག་བཟོོས་བཞག་ཡོད་རེད། གཉིས་ནས་ཁོ་རང་ཚོའི་རྣམ་དཔྱོད་དང་། གློག་ཀླད་ལ་མཁས་པ་དང་། ཁོར་ཡུག་དེ་ཆགས་ཙང་། ཁོང་ཚོ(Pilot)ས་ཁོར་ཡུག་ཆགས་ཡ་ལ་དཔེ་རོགས་པ་འདྲ་བོ་བྱས་སོང་། ཕལ་ཆེར་ང་ཚོའི་སྤྱོད་ཡུལ་ལས་འདས་པ་ནང་བཞིན་ཡར་རྒྱས་འདྲ་བོ་འགྲོ་ཡོད་རེད། རང་རྐང་ཚུགས་པའི་ཞིབ་འཇུག་པ་ཆགས་ས་རེད་བསམ་པའི་རེ་བ་འདྲ་བོ་བྱེད་ཀྱི་ཡོད་རེད།

 

གྲུབ་འབྲས་ངོ་མ་འདྲ་བོ་དེ་ལྟ་ཚར་ཡོད་མ་རེད་དེ། ཡིན་ན་ཡང་ “ARPI” ཐེངས་དང་པོའི་གྲུབ་འབྲས་དེ་ངེད་གཉིས་སློབ་སྟོན་པའི་ངོས་ནས་བཤད་པ་ཡིན་ན་ཧ་ལས་ཡ་དེ་འདྲ། ངེད་གཉིས་བློ་ཚིམས་པོ་འདྲ་བོ་འདུག མ་གཞི་ཚང་མའི་ངོས་ནས་རེད། སློབ་སྟོན་པའི་ངོས་ནས་ཡིན་ནའང་འདྲ། སློབ་གཉེར་བ་ཞིབ་འཇུག་པ་ཁོ་རང་ཚོའི་ངོས་ནས་ཡིན་ནའང་ཚད་དེ་ག་ཚོད་ཡིན་ན་ཡང་ཡག་ག་འདྲ་བོ་ང་ཚོའི་དགེན་ལགས་དེ་ཚོའི་ཚད་གཞག་ས་དེ་ལྟར་སླེབས་ཐུབ་པའི་འཆར་གཞི་འདྲ་པོ་དང་རེ་བ་འདྲ་བོ་བྱེད་ཀྱི་ཡོད་རེད། བློ་ཚིམས་པོ་མཐའ་གཅིག་ཏུ་བྱུང་གི་ཡོད་མ་རེད་དེ། ཡིན་ནའང་དབྱིན་སྐད་ལ་ “Strength” ལབ་ཀྱི་འདུག་ག སྟོབས་ཤུགས་ཡོད་པའི་ཆ་དང་མེད་པའི་ཆ་བཤད་ཡོང་དུས་ཡོད་པའི་ཆ་དེ་མང་བ་འདྲ་ཆགས་འགྲོ་ཡི་འདུག་བསམ་གྱི་འདུག མདོར་བསྡུས་ན་ད་ལྟའི་བར་དུ་སློབ་སྟོན་པའི་ངོས་ནས་བཤད་ན་གྲུབ་འབྲས་དེ་ཨོ་ཙམ་ཐོན་ཡོད་རེད་བསམ་གྱི་འདུག ཁོ་ཚོའི་ངོས་ནས་དངོས་གནས་ཕན་ཐོགས་པོ་འདུག་ཟེར། ཁོང་ཚོ་ལ་སྐད་ཆ་བཤད་ན་ཧ་གོ་ཡི་རེད་པ། རིན་ཐང་ཡོད་པ་ཡིན་པ་དེ་དངོས་གནས་ཁོ་རང་ཚོས་མཐོང་ཡོད་པ་གསལ་པོ་རེད། ག་དུས་ཡིན་ན་ཡང་བཤད་བསྡད་ཀྱི་འདུག

 

 

 

ཆོས་བློ།  4. “ARPI” ལས་གཞི་འདི་བརྒྱུད་ནས་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་གྱི་བཤད་གྲྭ་ཁག་གི་ནང་དུ་ཞིབ་འཇུག་གི་ཐབས་ལམ་ “Historical-Philological tools and techniques” འདི་དང་མཐུན་པའི་ཐོག་ནས་ཞིབ་འཇུག་བྱ་སའི་ལྟེ་གནས་བཙུགས་པ་དང། ཞིབ་འཇུག་གི་ཐབས་ལམ་འདིའི་ཐོག་ནས་ཞིབ་འཇུག་བྱེད་མཁན་གྱི་མཁན་པོ་དང་དགེ་བཤེས་གང་མང་བྱུང་ན་དེ་དག་ལ་ནུབ་ཕྱོགས་པའི་མཁས་པ་དག་གིས་གདེང་འཇོག་ག་འདྲ་ཞིག་བྱེད་སྲིད་པ་རེད།
རྡོ་རྗེ་དབང་ཕྱུག  དྲི་བ་འདི་གལ་ཆེན་པོ་ཆགས་ཡོད་རེད། གང་ཡིན་ཟེར་ན་ང་ཚོའི་དམིགས་ཡུལ་ནང་གོང་དུ་ཞུ་ཡག་བྱུང་མ་སོང་སྟེ། གཙོ་བོ་དེ་འདི་རེད། ང་ཚོའི་སྲོལ་རྒྱུན་གྱི་མཁས་པ་ཡོད་རེད་པ། ཁོང་ཚོ་མཁྱེན་རྒྱ་དེ་ཚོ་དཔེ་མི་སྲིད་པ་ཧ་ལས་ཡ་ཡོད་རེད། དེ་ནས་ང་ཚོའི་ལས་གཞི་ནང་ལོགས་ལ་དཔེར་ན་སློབ་སྦྱོང་གནང་ཚར་བ་དགོས་ཟེར་གྱི་ཡོད་རེད། གསར་པ་མ་ཡིན་པར་སློབ་སྦྱོང་གནང་ཚར་བའི་མི་དེ། ང་ཚོས་སྦྱོང་བརྡར་སྤྲད་ཡ་རེད། བྱས་ཙང་ཁོ་ཚོའི་ངོས་ནས་ཡོན་ཏན་དང་ཉམས་མྱོང་མང་པོ་འཁྱེར་ཡོང་གི་ཡོད། ཡིན་ན་ཡང་དེ་ནུབ་ཕྱོགས་དང་སྤྱིར་བཏང་རྒྱལ་སྤྱིའི་ནང་ལོགས་ལ་སློབ་གྲྭ་གཞན་དག་དང་མཐོང་སྣང་གཅིག་པ་འདྲ་དང་བརྩི་འཇོག་གཅིག་པ་འདྲ་དེ་མི་ཡོང་བ་དེ་ངས་བྱས་ན་ཐབས་ལམ་ཡག་པོ་མེད་ནས་མ་བྱུང་བ་རེད་མ་གཏོགས། ཡོན་ཏན་ཡོད་རེད། མ་རྩ་ཡོད་རེད། ཡིན་ན་ཡང་ཞིབ་འཇུག་པའི་བསམ་བློ་གཏོང་ཚུལ་ཞིག་ཡོད་རེད་པ། དེ་མ་འགྲིག་ནས་ཕན་ཚུན་འབྲེལ་ལམ་འདྲ་དེ་མ་ཆགས་པའི་བཟོ་འདྲ་བོ་ཞིག ཁོང་ཚོས་མཐོང་ཆུང་བྱེད་ཡག་དེ་དབྱིན་སྐད་ལ “Informer” ཟེར་གྱི་འདུག་ག གནས་ཚུལ་སྐྱེལ་མཁན་རེད། ཡང་ན་སྲོལ་རྒྱུན་གྱི་དགེ་རྒན་འདྲ་བོ་ལ་བརྩིས་བཞག ཡང་ན་ནི་གནས་ཚུལ་སྐྱེལ་མཁན་འདྲ་བོ་ལ་བརྩིས་བཞག་གི་རེད་མ་གཏོགས། ད་དུང་ཤེས་ཡོན་(Academic)ཞིབ་འཇུག་པ་ཡིན་པའི་མཐོང་སྣང་གི་བརྩི་འཇོག་བྱེད་ཀྱི་མི་འདུག་ག དགེ་རྒན་ལ་བརྩིས་ནའང་ཞིབ་འཇུག་པ་མ་ཡིན་པའི་དགེ་རྒན་ལ་བརྩིས། ཡང་ན་ནི་ཞིབ་འཇུག་པ་མ་ཡིན་པའི་གནས་ཚུལ་སྐྱེལ་མཁན་མ་གཏོགས་ཞིབ་འཇུག་པ་དང་ཞིབ་འཇུག་པ་ཡིན་པ་དེ་འདྲ་བརྩི་གནང་གི་མི་འདུག་ག བྱས་ཙང་ང་ཚོས་དེ་བརྩི་ཐུབ་པ་བཟོ་ཡ་དེ་དམིགས་ཡུལ་གཅིག་ཆགས་བསྡད་ཡོད་རེད། དེ་ཟམ་པ་ཡང་ཆགས་འགྲོ་ཡི་ཡོད་རེད།

 

དེ་ནས་ང་རང་ཚོའི་སྲོལ་འཛིན་གྱི་མཁས་པས་མ་ཤེས་པའི་ནུབ་ཕྱོོོོོགས་པའི་མཁས་པས་ཐབས་ལམ་སོགས་མང་པོ་ཞིག་མཁྱེན་གྱི་རེད། དེ་ག་ནང་བཞིན་ནུབ་ཕྱོགས་པའི་སློབ་ཕྲུག་དེ་ཚོ་དང་ཞིབ་འཇུག་པ་དེ་ཚོས་མ་མཁྱེན་པ་སྲོལ་འཛིན་མཁས་པས་མཁྱེན་པ་མང་པོ་ཡོད་རེད་པ། ད་དེ་གཉིས་དེ་ལམ་ཁ་དང། ཞིབ་འཇུག་པའི་བསམ་བློ་གཏོང་སྟངས་མཐུན་པ་དང། ཐབས་ལམ་གང་ཅིའི་ཐོག་ནས་གཅིག་པ་འདྲ་བོ་ཞིབ་འཇུག་བྱས་སོང་ན། ད་གཟོད་སུ་ཡི་ཞིབ་འཇུག་གི་འབྲས་བུ་དེ་ཡག་མི་ཡག་བལྟ་ཡ་རེད། ཚང་མས་གཅིག་གིས་གཅིག་ལ་སྐད་ཆ་བཤད་ཡ་ཡོད་རེད། ཞིབ་འཇུག་པ་ཞིབ་འཇུག་པ་མཉམ་དུ་སྐད་ཆ་བཤད་ཡ་ཡོད་རེད། གཙོ་བོ་དེ་ཁོ་རང་ཚོ་ཡི་མཐོང་སྣང་འགྱུར་གྱི་རེད་བསམ་གྱི་ཡོད་རེད། དེ་ནས་ཁོ་རང་གིས་མ་ཤེས་པ་དང། ཞིབ་འཇུག་གི་འབྲས་བུ་དེ་མ་བལྟ་ན་མ་གཏོགས་ལྟ་དུས་དངོས་གནས་དྲང་གནས་ཁོང་ཚོས་ཞིབ་འཇུག་དེ་ཚུལ་དང་མཐུན་པ་བཟོས་འདུག “Philology” དང་ “History” བཅས་ལ་མཐུན་པའི་ཐོག་ནས་སྐྱོན་གཏང་ཡ་ཞེ་དྲགས་མི་འདུག་ཟེར། མཐོང་སྣང་ལའང་དེ་འདྲ་འདྲ་བོ་ཞིག་མཐོང་གི་ཡོད་རེད། བརྩི་འཇོག་ཡིན་ནའང་རེད། གུས་བཀུར་ཡིན་ནའང་རེད། ཕལ་ཆེར་ཁོང་ཚོའི་ལྟ་སྟངས་དེ་ཏོག་ཙམ་ཡག་ཏུ་འགྲོ་ཡི་རེད་བསམ་པའི་རེ་བ་འདྲ་པོ་ཡིན།

 

དེ་ནས་རྒྱལ་སྤྱིའི་ཚོགས་འདུ་འདྲ་བོར་ཕེབས་ནས་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་འདུ་དེ་འདྲའི་ནང་རྩོམ་ཤོག་འདྲ་བོ་ཕར་སྤྱན་འབུལ་ཞུས་པ་ཡིན་ན། ནང་གི་བརྗོད་བྱ་ནི་མང་པོ་ཞིག་བཤད་རྒྱུ་ཡོང་གི་རེད། དེ་ག་ནང་བཞིན་ཐབས་ལམ་ཡང་ཞིབ་འཇུག་གི་ཚུལ་དང་མཐུན་པ། བསམ་ཚུལ་ཡང་ཞིབ་འཇུག་གི་ཚུལ་དང་མཐུན་པ། གང་ལྟར་ཞིབ་འཇུག་གི་ལྟ་བ་དང་། ཞིབ་འཇུག་གི་སྤྱོད་པ་ཡོད་པ་གཞིར་བཞག་གི་ཐོག་ནས་ཞིབ་འཇུག་གི་འབྲས་བུ་དེ་བསྟན་ཡོང་དུས། ངས་བྱས་ན་ཁས་ལེན་མ་བྱས་རང་བྱས་དང་། བརྩི་བཀུར་མི་བྱེད་ཀ་མེད་འདྲ་བོ་ཆགས་འགྲོ་ཡི་རེད་བསམ། དེ་འདྲའི་རེ་བ་འདྲ་བོ་ཞིག་ཡོད། དེ་ཡང་ང་རང་ཤར་ཕྱོགས་སྲོལ་རྒྱུན་གྱི་ལུགས་སྲོལ་གཞིར་བཞག་ནས་སློབ་སྦྱོང་བྱས་པའི་མི་ཞིག་དང། ནུབ་ཕྱོགས་ཀྱི་སློབ་སྦྱོང་གི་ལུགས་དང་མཐུན་པ་བྱས་ནས་མ་ནས་ཡར་འགོ་བཙུགས་ནས་སློབ་སྦྱོང་བྱས་བསྡད་པ་སོང་ཙང་། རྐང་པ་གཉིས་ཀ་འཛུགས་ཐུབ་པ་དེ་འདྲ་ཚོད་དཔག་བྱས་ན་ཡོང་ས་རེད་བསམ་པའི་བསམ་བློ་དེ་འདྲ་འཁོར་གྱི་འདུག

 

 

 

ཆོས་བློ།  5. བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་སློབ་གཉེར་བྱེད་སྟངས་དང། ནུབ་ཕྱོགས་གཙུག་ལག་སློབ་གྲྭ་ཁག་ནས་ནང་བསྟན་གསུང་རབ་ལ་སློབ་གཉེར་བྱེད་སྟངས་གཉིས་ཀྱི་མི་འདྲ་ས་གཙོ་བོ་དེ་གང་ཡིན་ནམ།
རྡོ་རྗེ་དབང་ཕྱུག  སྤྱིར་བཏང་ངས་ཁོང་ཚོ་ལ་ཐེངས་མང་པོ་ཞུས་ཚར་བ་རེད། དཔེར་ན་དེང་དུས་ཀྱི་ལུགས་སྲོལ་དང་མཐུན་པའི་བོད་བརྒྱུད་ནང་ཆོས་ཞིབ་འཇུག་འདི་གཅིག་པུ་མ་ཡིན་པར། སྤྱིར་བཏང་ནང་པའི་ཆོས་འདི་ཞིབ་འཇུག་བྱེད་སྟངས་སློབ་གྲྭ་ཆེན་པོའི་ནང་སྡེ་ཚན་འདྲ་མི་འདྲའི་ནང་ལོགས་ལ་བྱེད་སྲིད་པ་རེད། གཅིག་ནི་ངས་ད་གིན་ཞུས་པ་ནང་བཞིན་ཆོས་ལུགས་རིག་པ(Religious Study)འི་ནང་ལོགས་ལ་སློབ་སྦྱོང་བྱེད་ཡ་ཡོད་རེད། དེ་ག་ནང་བཞིན་ལྟ་གྲུབ་རིག་པའི་སྡེ་ཚན་(Department of Philosophy)ནང་ལོགས་ལ་ནང་པའི་ཞིབ་འཇུག་བྱེད་མཁན་དེ་འདྲ་ཡོང་གི་རེད། དེ་ག་ནང་བཞིན་མི་རིགས་རིག་པ(Anthropology)། སྤྱི་ཚོགས་རིག་པ (sociology)། ལོ་རྒྱུས་རིག་པ(History)། རྩོམ་རིག(Literature) སྐད་བརྡ་རིག་པ(linguistic)འི་ནང་ལོགས་བཅས་འདྲ་མི་འདྲ་ནང་ལ་ནང་པའི་ཆོས་འདི་ཏོག་ཙམ་ཡོང་སྡོད་ཀྱི་ཡོད་རེད། དེས་ན་ང་ཚོས་འདིའི་སྔོན་ལ་དེ་འདྲ་མང་པོ་ཡོད་པ་མཁྱེན་དགོས་ཀྱི་འདུག

 

འོ་ན་ང་ཚོས་ཁོ་རང་ཚོ་ལ་སློབ་སྟོན་ཕུལ་ཡ་དེ་སློབ་ཚན་གང་ཆགས་བསྡད་འདུག་ཞུ་ན། ལོ་རྒྱུས་(History)དང་ “Philology” ལ་མཐུན་པ་བྱས་ནས། གཙོ་བོ་ཡིག་ཐོག་ལ་ཕབ་བཞག་པའི་ཁུངས་དེ་ཚོ་ལ་བལྟས་ནས་ཞིབ་འཇུག་བྱེད་ཡ་ཡོད་པ་འདི་ང་ཚོས་བྱེད་ཐུབ་ཡ་ཆགས་བསྡད་ཡོད་རེད། བྱས་ཙང་ངས་ལབ་ཀྱི་ཡོད། འདྲ་བ་དང་མི་འདྲ་བའི་ཁྱད་པར་འདི་སློབ་ཚན་གཞན་དག་ལ་ཐུག་ན་ནི། མི་འདྲ་བའི་ཁྱད་པར་ཞེ་བོ་ཞིག་ཐུག་བསྡད་ཡོད་རེད། སོ་སོ་སྒེར་གྱི་ངོས་ནས་བསམ་བློ་བཏང་གཞག་པ་ཡིན་ན། ང་ཚོ་སྲོལ་རྒྱུན་གྱི་སློབ་སྦྱོང་གནང་སྟངས་ཅིག་ཡོད་རེད་པ། དེ་ལ་ཐག་ཉེ་ཤོས་དེ་ “History” དང་ “Philology” གྱི་ཐབས་ལམ་ལ་བརྟེན་ནས་ནང་ཆོས་ཀྱི་སྐད་དང་ཡིག་ཆ་འདི་ཚོ་ལ་ཞིབ་འཇུག་གནང་ཡ་འདི་ཡིན་པར་ཚོར་གྱི་ཡོད།

 

འདི་མ་ཡིན་པར་སྤྱི་ཚོགས་རིག་པ་(sociology)དང་མཐུན་པ་བྱེད་ན་དཔེ་ཐག་རིང་པོ་ཆགས་ཚར་བ་རེད། དེ་ག་ནང་བཞིན་སྐད་བརྡ་རིག་པ་(Linguistic)སྦྱོང་བརྡར་ཁོ་རང་བྱས་ཡོད་མ་རེད་པ། སྐད་བརྡ་རིག་པ་དཔེ་ཐག་རིང་པོ་ཆགས་བསྡད་ཡོད་རེད། ད་ག་ནང་བཞིན་ཆོས་ལུགས་རིག་པ་(Religious Study)ཐག་རིང་པོ་ཆགས་བསྡད་ཡོད་རེད། བྱས་ཙང་འདྲ་བའི་ཆ་དང་མི་འདྲ་བའི་ཆ་དེ་འདྲ་ཆགས་བསྡད་ཡོད་ཙང། འདྲ་ཤོས་དང་ཐག་ཉེ་ཤོས་དེ་ག་རེ་ཆགས་བསྡད་རེད་ལབ་ན། “History” དང་ “Philology” ལ་མཐུན་པ་བྱས་ནས་ནང་པའི་ཡིག་ཆ་ལ་ཞིབ་འཇུག་བྱེད་ཡ་དེ་ཐག་ཉེ་ཤོས་འདྲ་ཞིག་མཐོང་གི་འདུག

 

དེ་ནས་ “Philology” གཞིར་གཞག་བྱས་པ་ཡིན་ན་ཡང་། མ་གཞི་དམིགས་ཡུལ་སྲོལ་རྒྱུན་གྱི་མཁས་པ་དེ་ཚོ་ལ་དཀའ་ངལ་དེ་གཅིག་པ་འཕྲད་བསྡད་ཡོད་ས་རེད། དཔེར་ན་སྲོལ་རྒྱུན་གྱི་མཁས་པ་དེ་ཚོས་དཀའ་ངལ་གཅིག་པ་འཕྲད་ཡོང་དུས་གཅིག་གི་གཅིག་ལ་ཤན་མ་ཞུགས་པའི་དབང་དུ་བཏང་ན་ཡང་། སྐབས་སྐབས་ལ་ཐབས་ལམ་ཡང་གཅིག་པ་འདྲ་ཞིག་རག་ཡོང་གི་ཡོད་རེད། ཡང་སྐབས་སྐབས་འཕྲུལ་ཆས་དང་ལག་ཆ། རྒྱུ་དང་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཐབས་ལམ་ཁ་ཁ་ཡང་ཏོག་ཙམ་ཡོང་སྲིད་གྱི་རེད། དཔེར་ན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་དང་། བུ་སྟོན་རིན་ཆེན་གྲུབ་ཁོང་ཚོས་ང་ཚོའི་བཀའ་བསྟན་ཞུ་དག་བྱེད་ཡོང་དུས། བཟོད་དུ་མེད་པའི་དཀའ་ངལ་དེ་འདྲ་འཕྲད་ཡོད་པའི་བཟོ་ཞིག་མཐོང་གི་འདུག འོན་ཀྱང་ཁོ་རང་ཚོས་དཔལ་འབྱོར་དང་། ནུས་པ་དང་། ལག་ཆ་དང་བསྟུན་པའི་ཐབས་ཤེས་གནང་ཡོད་རེད། ཡིན་ན་ཡང་དེང་དུས་ནུབ་ཕྱོགས་ཀྱི་ “Philology” འདི་ལ་ཁྲན་(Latin)དང། གྷི་རིག་(Greek) དང། Bible Study(ཡི་ཤུའི་གསུང་རབ་ལ་ཞིབ་འཇུག་བྱེད་པའི་རིག་པ) ཁོ་རང་ཚོའི་ཉམས་མྱོང་མ་འདྲ་བ་ཞིག་བསགས་ཡོད་རེད། ད་ “Philology” ཟེར་ན་ཁོ་རང་ཚོས་ “Classical Study” ལབ་གྱི་འདུག་ག འོ་དེ་དང་མཐུན་པ་བྱས་ནས་ལོ་བརྒྱ་ཕྲག་མང་པོའི་ཐུན་མོང་མ་ཡིན་པའི་ཐབས་ལམ་དེ་འདྲ་ཡོད་བསྡད་རེད། གཙོ་བོ་ “Philology” ཟེར་ན་འཇར་མ་ནེ་ (Germany) དང་ཡོ་རོབ་(Europe) ཁོ་རང་ཚོ་ཡིས་སྔ་མ་ནས་གཏན་ལ་ཕབ་བཞག་པའི་ཐབས་ལམ། ཡི་གེ་རྙིང་པ་དེ་ཚོ་ལ་ཞིབ་འཇུག་བྱེད་ཡ་ལ་ཐབས་ལམ་དཔེ་ཡག་པོ་འདྲ་ཆགས་བསྡད་ཡོད་རེད།

 

བོད་བརྒྱུད་ནང་བསྟན་ནང་ལ་དེ་འདྲ་ཡོད་ན་དཔེ་ཁེ་སང་ཆེན་པོ་ཡོད་ས་རེད་དེ་འདྲ་བསམ་ནས་འདིའི་ཐབས་ལམ་དེ་ཕར་ “Organic” (ལྷན་སྐྱེས) བཟོ་ཡ་ཆེད་དུ། ཕྱི་ལོགས་ནས་གཤག་བཅོས་བརྒྱབ་ནས་ནང་དུ་བཙུགས་བཞག་པ་འདྲ་ཞིག་མ་ཡིན་པར། བོད་བརྒྱུད་ནང་བསྟན་ཁོ་རང་རང་གི་ནང་ལོགས་ནས་ཡར་རྒྱས་ཕྱིན་པའི་ཐབས་ལམ་ཞིག་བཟོ་བའི་ཆེད་དུ་ཡིན། དེས་ན་ཞིབ་འཇུག་ལྟེ་བ་བཙུགས་ཡོང་དུས་ཡིན་ཅིག་མིན་ཅིག་བཤད་གྲྭའི་ཆ་རྐྱེན་མེད་དུ་མི་རུང་བ་ཡིན་དགོས་རེད་ཅེས་ང་ཚོས་རེ་བསྐུལ་ཞུ་ཡ་དང། རིན་པོ་ཆེ་དེ་ཚོའི་དགོངས་པ་ཡང་དེ་འདྲ་རེད་འདུག མ་གིར་(རྣམ་གྲོལ་གླིང)བསམ་བློ་གཏང་ན་བཤད་གྲྭའི་ཆ་རྐྱེན་ཡིན་དགོས་རེད་ཅེས་རིན་པོ་ཆེ་རྣམ་པས་ཡང་ནས་ཡང་དུ་གསུངས་གནང་སོང་། དེ་ག་ནང་བཞིན་འདི་གར་རྫོང་སར་ཡིན་ན་ཡང་བཤད་གྲྭའི་ཆ་རྐྱེན་དང། ཞེ་ཆེན་ཡང་དེ་ག་རེད། དེ་མ་ཡིན་ན་ཕྱི་ལོགས་ཀྱི་ “Foreign Element” (གཞན་གྱི་ཆ་ལག) ནང་བཞིན་ཚོར་ན་ནི། ད་དུང་ཞེ་དྲགས་ཕན་གྱི་མ་རེད་པ། ཁ་ཁ་འདྲ་ཞིག་བརྩིས་ན་དེ་འདྲ་རེད། ད་འདི་འདྲ་བ་དང་མི་འདྲ་བའི་མདོར་བསྡུས་རོབ་རོབ་དེ་འདྲ་ཞིག་ཡིན།

 

 

 

ཆོས་བློ།  6. ད་བར་དུ་ “ARPI” ལས་གཞི་འདི་ལ་རྒྱ་བལ་འབྲུག་གསུམ་གྱི་བཤད་གྲྭ་ཁག་གིས་ལྟ་ཚུལ་གང་འདྲ་ཞིག་འཛིན་གྱི་འདུག
རྡོ་རྗེ་དབང་ཕྱུག  ལྟ་ཚུལ་འདི་མ་གཞི་ང་ཚོ་སྲོལ་རྒྱུན་གྱི་བཤད་གྲྭ་ནང་ལོགས་ལ་མཁས་པ་མང་པོ་དང་མི་འབོར་མང་པོ་ཡོད་རེད། ཚང་མས་ཞིབ་འཇུག་ཁོ་རང་སྟེང་ནས་རྒྱུས་མེད་ཙང་མཐོང་ཚུལ་དེ་གང་འདྲ་ཡོད་ང་ཚོས་ལབ་ཤེས་ཀྱི་མ་རེད། ཡིན་ན་ཡང་རྒྱུས་ཡོད་པའི་མི་ཞིག་ཡིན་ན་མཐོང་ཚུལ་རྣམ་པ་ཀུན་ཏུ་ཡག་པོ་འདུག་བསམ་སོང་། རྒྱུས་མ་ལོན་ན་ནི་བྱེད་ཡ་ཡོད་མ་རེད་རེད། ཞིབ་འཇུག་འདི་ག་རེ་ཡིན་མིན་ཏོག་ཙམ་མ་དགོངས་ན་ནི་ག་རེ་ཡིན་ནམ་བསམ། ཡང་ན་ནི་སྡུག་ཅག་ཅིག་ཡིན་ན་དགོངས་སྲིད་པ་ཞིག་རེད། ཡིན་ན་ཡང་ང་ཚོའི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། མཁན་རིན་པོ་ཆེ་དེ་ཚོ་རེད། དེ་ག་ནང་བཞིན་སྤྲུལ་སྐུ་རིན་པོ་ཆེ་རྣམ་པ་རེད། ཁོང་ཚོས་ཞིབ་འཇུག་དེ་འདི་འདྲ་ཞིག་ཡིན་ས་རེད་དགོངས་སྡོད་མཁན་དེ་ཚོས་ནི་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་གི་འདུག ང་ཚོར་སྡེ་ཚན་གསུམ་ཡོད་རེད། འདི་ལ་(རྫོང་སར་ལ)ཡིན་ནའང་རིན་པོ་ཆེ་དང་མཁན་པོ་དེ་ཚོས་རྒྱབ་སྐྱོར་གནང་གི་འདུག་ག རྒྱ་གར་ལྷོ་ཕྱོགས་ལ་ཡང་ད་ག་རེད། ད་གིན་ཞུས་པ་ནང་བཞིན་ཁོང་ཚོས་བཙུགས་ན་ཡག་པོ་འདུག་གསུངས་ནས་ང་ཚོས་གང་ཐུབ་ཐུབ་ཞབས་ཕྱི་ཞུ་གི་ཡིན་ཟེར་ཞུས་རེད། དེ་ག་ནང་བཞིན་ཞེ་ཆེན་འདྲ་ཞིག་ལ་བསམ་བློ་བཏང་ན། རབ་འབྱམས་རིན་པོ་ཆེ་དང་། མཁྱེན་བརྩེ་ཡང་སྲིད། དེ་ག་ནང་བཞིན་ཨ་འཛོམས་རྒྱལ་སྲས་ཁོང་རྣམ་པས་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་གི་འདུག མཁན་རིན་པོ་ཆེ་དེ་ཚོ་ཡང་གཅིག་པ་རེད། འདི་གར་(རྫོང་སར་ལ)མཁན་རིན་པོ་ཆེ་རྣམ་པས་རྒྱབ་སྐྱོར་གནང་བཞིན་པ་མངོན་གསལ་དོད་པོ་རེད། རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་ཡང་དེ་ག་རང་རེད།

 

བྱས་ཙང་ལྟ་ཚུལ་དེ་ག་ལེར་ག་ལེར་བྱས་ནས་གང་ཅིའི་ཐོག་ནས་ཕན་ཐོགས་ས་རེད་བསམ་པ་འདུག དཔེ་ཆ་འཁྲིད་ཡ་དང་། ཁུངས་ལུང་སྤྲད་ནས་ཐོས་བསམ་བྱེད་ཡ་དང་། ཐ་ན་རྩོམ་ཡིག་ཅིག་འབྲི་བ་ལ་སོགས་པ་གང་ཅིའི་ཐོག་ནས་ཕན་ཐོགས་པོ་འདྲ་བོ་ཞིག་ཁོང་ཚོས་ཚོར་གྱིན་ཡོད་རེད། ཞིབ་འཇུག་པའི་ངོས་ནས་བཤད་ཤེས་ཀྱི་མ་རེད། ཞིབ་འཇུག་པའི་ངོས་ནས་ལུང་གི་བསྟན་པ་ལ་ཕན་ཡ་རེད། སེམས་ཅན་ཐམས་ཅད་ལ་ཕན་ཡ་རེད། བསྟན་པ་དང་སེམས་ཅན་ལ་ཕན་གྱི་རེད། དེ་འདྲའི་འབོར་ཤོབ་ང་ཚོས་བཤད་ཐུབ་ཡ་ཡོད་མ་རེད་ཅེས་ལབ་ཀྱི་ཡོད། ཡིན་ན་ཡང། དངོས་གནས་དྲང་གནས་བསམ་ཡོང་དུས་ཞིབ་འཇུག་གི་ཐབས་ལམ་ལ་ངེས་ཤེས་ཡག་པོ་ཞིག་དྲངས་ཡོད་པའི་མི་ཞིག་གིས་ཡང་ཡང་གསུང་གིན་འདུག ང་ཚོས་ལུང་གི་བསྟན་པའི་ཞབས་འདེགས་འདི་ནས་བསྒྲུབ་ཐུབ་ས་རེད། ཁུངས་བཙན་པོ་བཟོ་ཡ་དང་། ཁུངས་འཁྲེགས་པོ་བཟོ་ཡ། ཡུན་རིང་དུ་གནས་པར་བྱ་བའི་ཆེད་དུ་ཞིབ་འཇུག་གི་ལས་ཀ་འདིས་ཕན་ས་རེད་ཅེས་ཁོང་ཚོས་ག་དུས་ཡིན་ན་ཡང་དེ་འདྲ་གསུང་གིན་འདུག ཡིན་ན་ཡང་ང་ཚོ་སློབ་སྟོན་པའི་ངོས་ནས་རེ་ཞིག་མ་ཡིན་པར་ཏོག་ཙམ་ཡུན་རིང་དུ་གནས་ནས་བརྟན་པོ་རང་རྐང་ཚུགས་པ་ཞིག་བཟོ་ཐུབ་ན་བསམ་པ་དེ་ང་ཚོའི་དམིགས་ཡུལ་ཡིན། གཙོ་བོ་སེམས་ཁྲལ་ཡང་དེ་ཡིན། ད་ལྟ་ཨ་གསར་ཞིག་བྱེད་ག་བྱས། དེ་ནས་རྗེས་མ་སོ་སོ་རང་རྐང་ཚུགས་པ་དང་བརྟན་པོ་ཅི་ཡང་མེད་ན་ནི་རིན་པོ་ཆེའི་དགོངས་པ་དེ་ཚོ་མ་རྫོགས་པའི་ཉེན་ཁ་དང་། ད་ག་ནང་བཞིན་འགྲོ་སོང་གཏོང་མཁན་དེ་ཚོར་འགྲོ་སོང་ག་ཚོད་བཏང་ན་ཡང་འགྲུབ་འབྲས་མ་ཐོན་པའི་སྣང་བ་འབྱུང་ས་རེད་བསམ་པའི་སེམས་ཁྲལ་འདྲ་པོ་བྱུང། ཡིན་ན་ཡང། གཟབ་གཟབ་བྱས་ན་Optimisticགི་(རེ་བཟང་ཕུགས་བཅོལ་གྱི་)རེ་བ་རྒྱག་འོས་པ་ཞིག་མཐོང་གིན་འདུག

 

 

 

ཆོས་བློ།   7. ལས་གཞི་འདིའི་ལས་རིམ་རེ་རེ་ལ་ལོ་ག་ཚོད་ཀྱི་འཆར་གཞི་རེད།
རྡོ་རྗེ་དབང་ཕྱུག   ལོ་བཞི་བཞི་རེད། ལས་གཞི་འདི་མུ་འཐུད་ནས་འགྲོ་ཐུབ་མིན་དེ་ད་ལྟ་བཤད་ཚོད་ཐུབ་མ་སོང་། ལས་གཞི་དང་པོ་དེ་འགོ་བཙུགས་ཟིན་ནས་སྤྱི་ལོ་ ༢༠༢༠ ལ་ངེས་པར་དུ་མཇུག་རྫོགས་པ་བྱེད་དགོས་རེད། ཡིན་ན་ཡང་ལས་གཞི་ཐེངས་གཉིས་པ་དེ་ཡོད་མེད་ད་ལྟ་ཞུ་ཐུབ་ཀྱི་མི་འདུག དེ་ཡོད་མེད་དེ་སྤྱི་ཟླ་བཅུ་གཉིས་པ་ལ་ལན་ཞིག་རག་པ་དང་ཧ་གོ་གི་རེད། དེ་དུས་ངས་ཁོ་རང་ཚོ་ལ་ཞུ་དགོས་བསམ་ཡོད། དེ་ཡོད་ན་ཡག་པོ་འདུག་ལབ་ནས་ང་ཚོས་བསམ་འཆར་བཏོན་པ་རེད། གང་ཡིན་ཟེར་ན། ལས་གཞི་ཐེངས་དང་པོ་རང་གིས་བརྟན་པོ་བྱེད་པའི་དུས་ཚོད་རག་ས་མ་རེད།

 

 

ལས་གཞི་ཐེངས་གཉིས་པ་ཡོད་པ་ཡིན་ན་ “ARPI” དང་པོ་དང “pilot” ཁོང་རྣམ་པས་དགེ་རྒན་མཛད་ནས་སློབ་སྟོན་པ་ང་གཉིས་ཏོག་ཙམ་འགྱངས་ཙམ་བྱ་ཡ་དང་། ང་ཚོའི་མདུན་དུ་ཁོ་རང་ཚོ་བཞག ཁོང་རྣམ་པས་དགེ་རྒན་གཙོ་བོ་གནང་ནས་ང་ཚོས་མཚམས་མཚམས་སྦྱོང་བརྡར་སྤྲད་ས་ལ་བསླབ་བྱ་དང་སློབ་སྟོན་འདྲ་བོ་བྱེད། རྗེས་མ་དམིགས་ཡུལ་གཙོ་བོ་དེ་ཁོ་རང་ཚོ་རང་གིས་རང་རྐང་ཚུགས་པའི་སྒོ་ནས་ཞིབ་འཇུག་པ་ལ་སློབ་སྟོན་པ་གནང་ཐུབ་པའི་འཆར་གཞི་ཡིན། དེས་ན་ “ARPI” ལས་གཞི་གཉིས་པ་དེ་ཡོད་ན་བརྟན་ཆེ་ས་རེད། “ARPI” ལས་གཞི་གསུམ་པ་དེ་ད་ལྟ་ཡོད་མེད་བཤད་ཐུབ་ཀྱི་མི་འདུག དུས་ཚོད་དང་སོ་སོའི་ནུས་པ་སོགས་འདང་ཡ་ཁག་པོ་མིན་འགྲོ་བསམ། གང་ལྟར་ད་ལྟ་འཆར་གཞི་མེད།

 

 

 

ཆོས་བློ།   8. “ARPI” ལས་གཞིའི་ཁོངས་གཏོགས་སུ་ཞིབ་འཇུག་སློབ་མ་འགྲོ་བ་ལ་སྤྱིར་བཏང་གི་ཆ་རྐྱེན་དང་སྐད་ཡིག་གཉིས་པའི་ཆ་རྐྱེན་ག་རེ་དགོས་ཀྱི་ཡོན་ན། སྐད་ཡིག་གཉིས་པ་མི་ཤེས་མཁན་ཞིག་ཡིན་ཚེ་ལས་གཞི་འདིའི་ཞིབ་འཇུག་གི་སློབ་མ་ལ་འགྲོ་ཐུབ་ཀྱི་ཡོད་དམ།
རྡོ་རྗེ་དབང་ཕྱུག   སྤྱིར་བཏང་དེ་གལ་ཆེན་པོ་རེད། ང་ཚོས་ “ARPI” ལས་གཞི་གཉིས་པ་དེ་ཡོད་མེད་ཟླ་དགུ་པའི་ནང་དུ་ཤེས་པ་ཡིན་ན་ལམ་སེང་ཆ་རྐྱེན་དེ་ཡང་བསྐྱར་གཏོང་གི་ཡིན། ང་ཚོས་སྔ་མ་ནས་གཏན་འབེབས་བྱས་ཡོད། རྡོག་རྡོག་ཞུ་ན། དགེ་འདུན་པའི་ནང་ལ་གཞུང་ལུགས་ཡག་པོ་མཁྱེན་མཁན་ལ་དབྱིན་ཡིག་དེ་ཙམ་མེད་པའམ་རྩ་བ་ནས་མི་མཁྱེན་མཁན་ཡོད་རེད་ལ། འགའ་ཤས་དབྱིན་སྐད་ཡག་པོར་མཁྱེན་པ་ལ་གཞུང་ལུགས་མེད་མཁན་ཡོད་རེད། ང་ཚོ་ལ་དགོས་ཡ་དེ་གཞུང་ལུགས་ཡག་པོ་མཁྱེན་མཁན་དེ་དགོས་རེད། གཞུང་ཡག་པོ་མཁྱེན་ན་དབྱིན་སྐད་དེ་ཙམ་མེད་ནའང་འགྲིག་གི་འདུག ཡིན་ན་ཡང་དབྱིན་སྐད་སྦྱོང་དགོས་པ་ངས་ལབ་པ་ཡིན། སྔོན་མ་མཁན་པོ་བཀྲ་རྡོ་ཁོང་རྣམ་པ་ཚོ་ལ་ཨུ་ཚུགས་བརྒྱབ་ནས་སྦྱང་བཅུག་པ་ཡིན། དབྱིན་ཡིག་ཉི་ཤུ་རྩ་དྲུག་རང་རེད། སྦྱོང་མི་ཐུབ་པ་ག་རེ་ཡོད་རེད་ལབ་པ་ཡིན། དེ་བཞིན་དབྱིན་སྐད་ཀྱི་གྲངས་ཀ་གཅིག་ནས་བཅུ་བར་དུ་སྔོན་ལ་ཤེས་ན་འགྲིག་གི་རེད། དེ་ནས་མར་མུ་འཐུད་ནས་སྦྱོང་དགོས་རེད་ལབ་ཡིན། མཁན་པོ་བཀྲ་རྡོ་ཁོང་རྣམ་པ་ཚོས་དང་པོ་དབྱིན་ཇི་མཁྱེན་གྱི་ཡོད་མ་རེད། གང་ལྟར་ང་ཚོས་ཐག་བཅད་པ་དེ་ནོར་མི་འདུག་བསམ་གྱི་ཡོད།

 

ང་ཚོ་ལ་དགོས་ཡ་དེ་གཞུང་ལུགས་ཡག་པོ་ཡོད་པ་དང་། བརྩོན་འགྲུས་དང་ཤེས་རབ་ཡག་པོ་ཡོད་པ། བློ་བརྟན་པོ་ཡོད་དགོས་པ་དེ་རེད། མདོར་ན་ལས་ཀ་དེ་འགོ་བཙུགས་ནས་མཐའ་ཕུད་ཐུབ་མཁན་ཞིག་དགོས་རེད། དེས་ན་དབྱིན་ཇི་དེ་སྐད་ཡིག་གཉིས་པ་ཡིན། ཤེས་ན་ཡག་ཤོས་ཡིན་མ་ཤེས་ནའང་དེ་འདྲ་རེད། དཔེ་བཞག་ན་མཁན་པོ་བཀྲ་རྡོ་ནང་བཞིན་རེད། ཁོང་དང་པོ་ང་ཚོའི་ལས་གཞི་ལ་ཞུགས་དུས་ཕལ་ཆེར་དབྱིན་ཇིའི་གསལ་བྱེད་ཙམ་ཡང་མཁྱེན་གྱི་ཡོད་ཧ་གོ་མ་སོང། ཡིན་ན་ཡང་ད་ལྟ་ང་ཚོའི་ཞིབ་འཇུག་པའི་ནང་ནས་ཧུར་བརྩོན་ཆེ་ཤོས་དང་། བོད་རྒྱུད་ནང་བསྟན་གྱི་གཞུང་ཚིག་ལས་ཧ་གོ་མིན་ལ་མ་ལྟོས་པར་ཁུངས་སྤྲད་ཡ་ལ་ཐ་ན་སཾསྐྲྀཏའི་ནང་ནས་ཀྱང་བཙལ་ཡ་ཐབས་ཤེས་གནང་གི་ཡོད་རེད། དེ་དཔེ་འཇོན་ཐང་འདྲ་བོ་ཆགས་ཡོད་རེད། དེས་ན་དབྱིན་ཇི་གལ་ཆེ་ཤོས་དེ་མ་རེད། གལ་ཆེ་ཤོས་དེ་ཤེས་རབ་ཡག་པོ་ཡོད་པ་དང་། དཔེ་ཆ་ཤེས་ཚད་ཡག་པོ་ཡོད་པ་དེ་རེད། དེའི་ཐོག་ལ་དབྱིན་ཇི་ལ་ཤུགས་རྒྱག་རོགས་གནང་ཞུ་ཡ་རེད།

 

 

 

ཆོས་བློ།   9. ཞིབ་འཇུག་གི་ཐབས་ལམ་ནང་ནས་ “Historical-Philological Tools and Techniques” ཞེས་པའི་ནང་གི་ “Historical” ཟེར་བ་འདི་ག་རེ་ཟེར་གྱི་ཡོད་རེད།
རྡོ་རྗེ་དབང་ཕྱུག   ད་དེ་འདི་འདྲ་ཞིག་རེད། སྤྱིར་བཏང་སྐད་ཆ་འདི་ཉན་མཁན་སུ་ཡིན་ཧ་གོ་མ་སོང་། སྤྱིར་བཏང་འཛམ་གླིང་ནང་གི་ལོ་རྒྱུས་ལས་ཕལ་ཆེར་ལ་ཁྲན་(Latin)དང་གྷི་རེག་(Greek)གི་ལོ་རྒྱུས་དེ་དག་ཡག་ཤོས་བརྩི་ཡི་ཡོད་ས་རེད། དཔེར་ན། ཁོང་ཚོའི་ལོ་རྒྱུས་ལ་མཚན་ཉིད་རིག་པ་འདི་ཡིས་འདི་བྲིས་རེད་ཟེར་ནས་ཁ་གསལ་པོ་དང་ལོ་ཚིགས་དེ་དག་ཏག་ཏག་བྲིས་འདུག དེ་བཞིན་རྒྱ་ནག་གི་སྔོན་གྱི་ལུགས་སྲོལ་ལ། གསུང་རབ་བསྒྱུར་བ་ལ་བསམ་ན། དུས་རབས་གསུམ་པ་དང་བཞི་པ། གཉིས་པ་ལ་སོགས་པ་ལ་ལོ་འདི་ལ་གསུང་རབ་འདི་དང་འདི་བསྒྱུར་རེད་ཟེར་ནས་ཚེས་གྲངས་དེ་དག་ཏག་ཏག་བཀོད་འདུག དགེ་འདུན་ཆོས་འཕེལ་གྱིས་གསུངས་ཡོད་རེད། ང་ཚོ་བོད་པ་དེ་རྒྱ་ནག་ནང་བཞིན་རང་ལོ་རྒྱུས་ཡག་པོ་ཡོད་མ་རེད། ཡིན་ན་ཡང་རྒྱ་གར་ལས་ང་ཚོ་ཨོ་ཙམ་ཡག་ག་ཡོད་རེད། ཅེས་གསུངས་པ་དེ་འདྲ་ཆགས་པོ་འདུག་བསམ་སོང་།

 

ལོ་རྒྱུས་ཀྱི་བསམ་བློ་དེ་ “Philology” དང་དབྱེར་མེད་པར་འགྲོ་གི་ཡོད་རེད། ལོ་རྒྱུས་ནི་གཙོ་བོ་དུས་ཀྱི་གོ་རིམ་དང་བསྟུན་ནས་བསམ་བློ་གཏོང་སྲོལ་དེ། དབྱིན་སྐད་དུ་ “Sense of History” ཟེར་རེད། ལོ་རྒྱུས་ཀྱི་དབང་པོ་མ་འདྲ་བ་ཞིག་གམ་ཡང་ན་ལོ་རྒྱུས་ཀྱི་ཚོར་སྣང་མ་འདྲ་བ་ཞིག་དགོས་ཀྱི་ཡོད་རེད། བོད་ཀྱི་སྲོལ་རྒྱུན་མཁས་པའི་ནང་ལ་ལོ་རྒྱུས་དཔེ་ཡག་པོ་ཡོད་མཁན་ཡོད་རེད། དཔེར་ན། ཕལ་ཆེར་ཇོ་ནང་ཏ་ར་ན་ཐ་ཡིན་བསམ་སོང་། ཐེག་ཆེན་གྱི་མདོ་དུས་འདི་འདྲ་ཞིག་ལ་འཇིག་རྟེན་འདི་ལ་བྱུང་བ་རེད་ཅེས་གསུངས་ཡོད་རེད། དེ་འདྲ་བོ་ཡིན་ན་ལོ་རྒྱུས་ཀྱི་ཚོར་སྣང་ཡོད་པའི་སྐད་ཆ་རེད། ཐེག་པ་ཆེན་པོའི་མདོ་དེ་སུས་དེ་འདྲ་བཟོས་པ་རེད་ཟེར་བའི་སྐད་ཆ་དེ་དང་པོར་བཤད་ཀྱི་མེད། དེ་ག་དུས་དར་བ་དང་། ག་འདྲ་བྱས་ནས་དར་བ་སྔོན་ལ་ཤེས་དགོས་ཀྱི་རེད། དཔེར་ན། ང་ཚོའི་བླ་མ་ལ་བསམ་བློ་གཏང་ན། བླ་མ་ག་དུས་འཁྲུངས་པ་དང་། བླ་མ་དགུང་ལོ་ཆུང་ཆུང་དུས་སུ་སྐུ་ཡོན་ག་འདྲ་ཡོད་པ། རྗེས་ལ་སྤང་རྟོགས་ཀྱི་ཡོན་ཏན་ག་ཚོད་ཡོད་མེད་ཚང་མ་ཤེས་འདོད་ཡོད་རེད། དེ་དང་གཅིག་པ་གཅིག་རྐྱང་རེད། གཞུང་དེ་ཚོ་ལའང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ལ་ལོ་རྒྱུས་ཡོད་རེད།

 

གཅིག་འདི་འདྲ་ཟེར་རེད། ལོ་རྒྱུས་ཁས་ལེན་པའི་མི་ཡིན་ན། གཞུང་གི་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གཉིས་ཀ་ལ་སྲོག་ཡོད་པ་ནང་བཞིན་འགུལ་བསྐྱོད་གཏོང་གི་ཡོད་པར་ཚོར་གྱི་ཡོད། ལོ་རྒྱུས་ཀྱི་ཚོར་བ་མེད་ན་གཡོ་བ་མེད་པ་སྣང་གི་ཡོད། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ག་རང་འགྱུར་བ་མེད་པར་ང་ཚོའི་ས་ལ་སླེབས་བསྡད་པ་འདྲ་བོ་ཞིག་དམིགས་ཀྱི་ཡོད་རེད། དེ་འདྲ་ཡིན་ན་ང་ཚོས་ཞིབ་འཇུག་བྱེད་ཐུབ་ཡ་ཡོད་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱི་ལོའི་སྔོན་ལ་གསུངས་པ་དེ་ག་རང་ད་ལྟ་དུས་རབས་ཉེར་གཅིག་པ་ལ་སླེབས་ཡོད་རེད་ལབ་ན། ལོ་རྒྱུས་ཀྱི་བསམ་བློ་གཏོང་སྟངས་རྩ་བ་ནས་ཡོང་གི་མ་རེད། སོང་ཙང་ངས་ཁ་སང་ཞུས་པ་ནང་བཞིན། “Philology” ཟེར་བ་དེ་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་ལོ་རྒྱུས་གཉིས་ཀ་ཆགས་བསྡད་ཡོད་རེད། དེ་ཧ་མ་གོ་ན། དཔེར་ན། གཞུང་གི་དཔེ་ཆ་ཞིག་ཐོག་མ་ག་འདྲ་བྱས་ནས་བྱུང་བ་དང། བར་དུ་ག་འདྲ་བྱས་ནས་བརྒྱུད་པ། མཐའ་མ་ང་ཚོའི་མདུན་ལ་ག་འདྲ་བྱས་ནས་སླེབས་པ་ཤེས་ཀྱི་མ་རེད། བོད་ལ་མཚོན་ན། བསྒྱུར། ཞུས། གཏན་ལ་ཕབ་པ་ཟེར་བ་དེ། དང་པོར་ལོ་ཙཱ་བ་སུས་བསྒྱུར་བ། ག་འདྲ་བྱས་ནས་བསྒྱུར་བ། ག་དུས་བསྒྱུར་བ། བསྒྱུར་བའི་རྗེས་སུ་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་སོགས་ལ་བཀོད། དེ་ནས་མར་རིམ་བཞིན་ལག་པས་བྲིས་བཤུས་གང་མང་བྱས་རྗེས་ཤིང་དཔར་ལ་བཀོད། ཤིང་དཔར་དེ་དག་ཀྱང་མཚམས་རེ་མེས་ཚིག དེ་འདྲ་བྱས་ནས་བོད་ཀྱི་གཞུང་དེ་དག་དུས་རབས་ཉེར་གཅིག་པའི་ནང་ལ་སླེབས་པ་རེད། དེ་འདྲ་དེ་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་ལ་སྤྲོ་སྣང་ཡོད་མཁན་གྱི་མི་ཞིག་ཡིན་ན། འདི་དག་གི་ལོ་རྒྱུས་ངེས་པར་དུ་དོ་སྣང་བྱེད་འོས་པ་ཞིག་རེད། དཔེར་ན། གང་ཟག་ལ་དོ་སྣང་སྤྲོད་མཁན་ཞིག་གིས་གང་ཟག་དེའི་རྣམ་ཐར་ཚང་མ་ཤེས་འདོད་ཡོད་པ་ལྟ་བུ། སོ་སོའི་ཕ་མ་དང་བླ་མ་གང་ཡིན་ཡང་ཤེས་འདོད་ཡོད་པ་དེ་སྔ་མ་ནས་བཟུང་ད་ལྟ་བར་ཤེས་དགོས་རེད་མ་གཏོགས་ད་ལྟ་བཞུགས་པའི་བླ་མ་གཅིག་པུ་ལས་ཚང་མ་ཤེས་ཐུབ་ཀྱི་མེད་པ་ནང་བཞིན་རེད། གཞུང་གི་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་ལའང་དེ་བཞིན་རེད།

 

དེ་འདྲ་ཡིན་ཙང་ “Philology” ཟེར་བ་དེ་ལོ་རྒྱུས་ “History” དང་ཁ་དབྲལ་ན་ཁྱོན་ནས་ལོ་གི་ཡོད་མ་རེད། རྩོམ་པ་པོ་སུ་ཡིན་མིན། ཡང་ན་སྒྲིག་པ་པོ་སུ་ཡིན་མིན། དེ་ནས་སྒྱུར་བ་པོ་སུ་ཡིན་མིན། དཔེར་ན་གཞུང་གི་དགོངས་པ་འདི་རེད་ཅེས་ལབ་དུས། ཐོག་མར་རྩོམ་པ་པོ་ཁོ་རང་མ་ངེས་ན་གཞུང་གི་དགོངས་པ་ཡིན་པ་ག་འདྲ་བྱས་ནས་ལབ་དགོས་རེད། དཔེར་ན། རྩོམ་པ་པོ་སློབ་དཔོན་ཐོགས་མེད་ཡིན་པར་མ་ངེས་ན། ཁོང་གི་དགོངས་པ་ཡིན་པ་ག་འདྲ་བྱས་ནས་ལབ་ཐུབ་ཀྱི་རེད། དེ་བཞིན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་མིན་མ་ངེས་ན་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པ་ག་འདྲ་བྱས་ནས་ལབ་ཐུབ་ཀྱི་རེད། སོང་ཙང་དབྱིན་སྐད་ལ་ “Authorship” ཟེར་བ་དེ་རེད། རྩོམ་པ་པོ་སུ་ཡིན་མིན་དང། ད་ག་ནང་བཞིན་ག་དུས་བྱུང་མིན། དེ་དཀའ་ལས་རེད། ཡིན་ཡང་ཞིབ་འཇུག་པས་ཡིན་གཅིག་མིན་གཅིག་རྟོགས་པར་བྱེད་དགོས་པ་དང་གཟབ་གཟབ་བྱེད་དགོས་པའི་གཞི་གཅིག་ཆགས་བསྡད་ཡོད་རེད།

 

དེ་བཞིན་གཅིག་པ་རེད། ལོ་རྒྱུས་ལ་འཇུག་དུས་ཡུན་ག་ཚོད་རིང་བ་དེ་ཙམ་གྱིས་རྟོགས་དཀའ་བ་དང་དཀའ་ལས་ཆེ་བ་ཡོད་རེད། སོ་སོའི་སྤྱི་ཚོགས་དང། སོ་སོའི་དུས་དང་། སོ་སོའི་ཁོར་ཡུག་དང། སོ་སོའི་བསམ་བློ་གཏོང་ཚུལ་དང། སོ་སོའི་ཤེས་རབ་ཀྱི་ཁོར་ཡུག་ལ་ཐག་ག་ཚོད་ཉེ་བ་དེ་ཙམ་གྱིས་ང་ཚོས་གསལ་པོ་བཤད་ཐུབ་ཀྱི་རེད། དེ་མ་ཡིན་པར་ག་ཚོད་ཐག་རིང་བ་དེ་ཙམ་གྱིས་དཀའ་ལས་ཡོད་རེད། སོང་ཙང་ངས་ག་དུས་ཡིན་ན་ཡང་ “Diachronic” (དཀྱུས) དང་ “Synchronic” (ཞིང) གཉིས་བཤད་བསྡད་པ་དེ་རེད། ཡིན་གཅིག་མིན་གཅིག་ཕྱོགས་གཉིས་ཀའི་སྒོ་ནས་ལྟ་དགོས་རེད། “Diachronic” སྟེ་ལོ་རྒྱུས་དང་མཐུན་པའི་ལྟ་ཚུལ་ཞིག་དགོས་རེེད། དེ་བཞིན་དུས་ཚོད་གཅིག་ལ་མཁས་པ་འདྲ་མི་འདྲ་ཡི་གསུང་ཚུལ་དེ་མཁྱེན་དགོས་རེད། དེ་ལ་ “Synchronic” ལབ་ཀྱི་རེད། ཞིབ་འཇུག་པ་ལ་ “Diachronic” གཅིག་པུའི་ “Perspective” (དཀྱུས་ཀྱི་ལྟ་ཚུལ) ཡིས་འགྲིག་གི་མ་རེད། “Synchronic” གཅིག་པུའི་ “Perspective” (ཞིང་གི་ལྟ་ཚུལ) དེས་འགྲིག་གི་མ་རེད། དེ་གཉིས་ཀ་དགོས་རེད། གཞི་ནས་ཡོངས་སུ་རྫོགས་པ་འདྲ་བོ་ཞིག་དང་གནད་འགག་འདི་འདྲ་ཞིག་ཡིན་ས་རེད་བསམ་པའི་སྒོ་ནས་གདེང་ཚོད་ཆགས་ཐུབ་པ་ཞིག་བཟོ་ཡ་དེ་ཞིབ་འཇུག་གི་དམིགས་ཡུལ་རེད་བསམ་གི་ཡོད།

 

 

ཆོས་བློ།   10. “ARPI” ལས་གཞི་དང་འབྲེལ་ནས་བོད་བརྒྱུད་ནང་བསྟན་གྱི་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་གསུང་འདོད་པ་དེ་འདྲ་ཡོད་དམ།
རྡོ་རྗེ་དབང་ཕྱུག   (གད་མོ་དང་བཅས) ཡོད། ལབ་ཡ་ཞིག་ཡོད། ངས་ག་དུས་ཡིན་ནའང་ཞུས་འདོད་པ་ཞིག་ནི། ང་ཚོ་གྲྭ་པ་སློབ་གཉེར་བ་ཡིན་པ་ལ་དཔེ་ཆ་བ་ཡིན་པ། བཤད་གྲྭ་ལ་ཚར་བསྡད་མཁན་དེ་ཚོར་མི་ཚེ་སྐྱེལ་སྟངས་ཀྱི་ལམ་ཁ་དེ་ཁ་ཤས་ཤིག་མཐོང་གི་འདུག་ཞུ་ཡ་ཡིན། གཅིག་ནི་ཚེ་དང་སྒྲུབ་པ་མཉམ་པ་མི་ལ་རས་པ་ནང་བཞིན་སྒྲུབ་པ་ཉམས་ལེན་བྱེད་དུ་དབེན་པའི་རི་ཁྲོད་ལ་འགྲོ་ན་ང་ཚོ་ཚང་མས་ཕྱག་འཚལ་གྱི་ཡིན། དངོས་གནས་བྱས་ན་དེ་ག་རང་ཡིན་དགོས་ཀྱི་རེད། ཆོས་ཐོས་བསམ་གནང་བའི་དམིགས་ཡུལ་དེ་སྒོམ་ཉམས་ལེན་བྱས་ནས་སངས་རྒྱས་གོ་འཕང་འཐོབ་ཡ་དེ་རེད། སྒོམ་མ་བརྒྱབ་ན་སངས་རྒྱས་གོ་འཕང་ཐོབ་སྲིད་ཀྱི་མ་རེད། དགེ་འདུན་པ་དེ་ཚོས་ཕྱག་དཔེ་མང་པོ་གཟིགས་ནས་སྒོམ་ཉམས་ལེན་གནང་ནས་དབེན་པའི་རི་ཁྲོད་ལ་བཞུགས་ཡ་ཡིན་ལབ་ན། དེ་ག་རང་གནང་རོགས་བྱོས་ཟེར་ནས་ང་ཚོས་རེ་བསྐུལ་ཞུ་ཡ་རེད།

 

དེ་མ་ཡིན་པའི་མི་ཁ་ཤས་ཉོབ་ནས་གྲྭ་པ་བྱེད་སྙིང་མ་བྲོ། དཔེ་ཆ་ནི་བལྟས་ཚར། ལས་ཀ་གཞན་དག་ནི་བྱེད་སྙིང་མ་བྲོ་ནས་འགྲོ་ས་གཞན་དག་ནི་ཞེ་དྲགས་ཡོད་མ་རེད། མི་སྐྱའི་ལས་ཀ་ལས་དགོས་རེད་པ། མི་སྐྱ་འདྲ་ཞིག་ཆགས། ཟ་ཁང་ལས་ཀ་འདྲ་བྱེད། ད་ལྟ་བར་དུ་མི་སྐྱའི་ལས་ཀ་ལས་མྱོང་ཡོད་མ་རེད་པ། ཕོར་བ་དང་སྡེར་མ་དེ་ཚོ་འཁྲུད་དེ་དཔེ་མྱངས་ནས་འཚོ་བ་བསྐྱལ་དགོས་ན་སོ་སོས་སློབ་སྦྱོང་གནང་ཡོད་པ་ཆ་ཚང་འཕྲོ་བརླག་དང་། སོ་སོའི་ངོས་ནས་ཀྱང་དཀའ་ལས་མང་པོ་རྒྱག་དགོས་པའི་གནས་ཚུལ་དེ་འདྲ་ཆགས་ས་རེད་པ། དེ་ནི་འགྲོ་སའི་ལམ་ཁ་ཡག་པོ་ཅི་ཡང་མཐོང་གི་མི་འདུག མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་དགོངས་པ་དང་འགལ་བ་གཞིར་བཞག་རེད། ང་ཚོའི་ངོས་ནས་བསམ་བློ་གཏང་ནའང་ལམ་ཁ་དེ་ཡག་པོ་ཞེ་དྲགས་མིན་པ་འདྲ་ཞིག ཡིན་ན་ཡང་སོ་སོ་ག་བར་འགྲོ་ན་རང་དབང་དང་ཡོད་རེད།

 

ཡིན་ནའང་དེ་མ་ཡིན་པའི་དཀྱིལ་མ་དེ་ལ་ཕོར་བ་དང་སྡེར་མ་འཁྲུད་ནས་མི་ཚེ་སྐྱེལ་ཡ་ལ་འདོད་པ་མེད། དབེན་པའི་རི་ལ་ཡང་འགྲོ་ཐུབ་ས་མ་རེད་དགོངས་མཁན་ཡོད་རེད། ད་དགོན་པ་ལ་བཞུགས་དགོས་རེད་པ། དགོན་པ་ལ་བཞུགས་དུས་ཉོབ་འགྲོ་ཡ་ཉེན་ཁ་ཡོད་རེད། ངས་ག་དུས་ཡིན་ནའང་ཞུ་ཡི་ཡོད། ང་རང་ཚོ་ཐེག་པ་ཆེན་པོ་ཡིན་གསུང་གི་ཡོད་རེད། དེ་ནས་དམིགས་ཡུལ་ནི་སངས་རྒྱས་གོ་འཕང་འཐོབ་པའི་ཕྱིར་བསྐལ་པ་མང་པོ་ཞིག་ཚོགས་གསག་དགོས་རེད་གསུང་གི་ཡོད་རེད། ཐོས་བསམ་མང་པོ་ཞིག་བྱེད་དགོས་རེད། སངས་རྒྱས་གོ་འཕང་མ་ཐོབ་བར་དུ་གསན་བསམ་གནང་ཡ་རྫོགས་ཡ་ཡོད་མ་རེད་གསུང་གི་ཡོད་རེད་པ། བྱས་ཙང་ང་ཚོ་དངོས་གནས་དྲང་གནས་དཔེ་ཆ་བ་གང་ཞིག་དབེན་པའི་རི་ཁྲོད་ལ་བཞུགས་འདོད་མེད། ཕོར་བ་དང་སྡེར་མ་ཡང་འཁྲུད་འདོད་མེད་ན། དངོས་གནས་དྲང་གནས་དགེ་རྒན་བྱས་ནའང་འདྲ། སློབ་སྦྱོང་རང་གནང་ནས་ཐོས་བསམ་པ་བྱས་ནས་བཞུགས་སྡོད་མཁན་འདྲ་ཞིག་ཡིན་ན་ནི། ཞིབ་འཇུག་པ་བྱེད་པ་འདི་དཔེ་ཆ་བལྟས་ནས་མི་ཚེ་བསྐྱལ་ཡ་ལ་ཐབས་མཆོག་ཏུ་གྱུར་པ་ཞིག་རེད་བསམ་གྱི་ཡོད།

 

ང་རང་ཚོ་བསླབ་པ་གསུམ་གྱི་ནང་ནས་ཤེས་རབ་ཀྱི་བསླབ་པ་འདི་བདག་པོ་རྒྱག་མཁན་དེ་ཞིབ་འཇུག་པ་ཡིན་དགོས་རེད། ཤེས་རབ་ཀྱི་བསླབ་པའི་ཐོག་ནས་འཚོ་བ་སྐྱེལ་སྡོད་མཁན་དེ་ཞིབ་འཇུག་པ་ཡིན་དགོས་རེད། སྐུ་གསུང་ཐུགས་ཀྱི་ནང་ནས་གསུང་ལ་སྤྲོ་བ་སྐྱེས་སྡོད་མཁན་དེ་ཞིབ་འཇུག་པ་ཆགས་བསྡད་ཡོད་རེད། ཐོས་བསམ་སྒོམ་གསུམ་ནང་ནས་བསམ་པ་དེ་གཙོ་བོ་བདག་པོ་རྒྱག་མཁན་དེ་ཞིབ་འཇུག་པ་རྣམ་པ་ཆགས་བསྡད་ཡོད་རེད། ལུང་དང་རྟོགས་པའི་ནང་ནས་ལུང་གི་བསྟན་པ་ལ་ཞབས་ཕྱི་ཞུ་སྡོད་མཁན་དེ་ཆགས་བསྡད་ཡོད་རེད། ཐོས་པས་མི་ངོམས་པ་བྱས་ནས་ཉིན་མཚན་དུས་དྲུག་ཏུ་དཔེ་ཆ་དང་མཉམ་དུ་མི་ཚེ་སྐྱེལ་དགོས་ན་ནི་ཞིབ་འཇུག་འདི་ཐབས་མཆོག་ཏུ་གྱུར་པ་ཆགས་བསྡད་འདུག་བསམ་གྱིན་ཡོད།

 

ཞུ་དགོས་ཡ་གཅིག་དེ། སོ་སོའི་ཉམས་མྱོང་ཐོག་ནས་ཏོག་ཙམ་ཞུ་ན། ང་རང་ཚོ་བོད་བརྒྱུད་ནང་བསྟན་ནང་ལ་མ་ཚད། འཛམ་གླིིང་ནང་ལ་ཆོས་ལུགས་འདྲ་མི་འདྲ་ཡོད་རེད། དེ་ག་ནང་བཞིན་བོད་བརྒྱུད་ནང་བསྟན་ལ་བསམ་བློ་གཏང་བ་ཡིན་ན་ཆོས་བརྒྱུད་འདྲ་མི་འདྲ་མང་པོ་ཡོད་རེད། སོ་སོའི་དགེ་བའི་བཤེས་གཉེན་དང་བླ་མ་འདྲ་མི་འདྲ་ཡོད་རེད། སོ་སོའི་ཕ་མ་སོ་སོ་ཡིན་པ་ནང་བཞིན། སོ་སོའི་བླ་མ་དང་དགེ་རྒན་དེ་ཚོ་འདྲ་མི་འདྲ་ཡོད་རེད། སྐབས་སྐབས་ལ་ཆོས་བརྒྱུད་ག་རེ་ཡིན་མིན་སོ་སོས་འདམ་ག་བརྒྱབ་ཡོད་མ་རེད། དེའི་ནང་ལ་ཚུད་འགྲོ་རེད། སོ་སོ་ཆོས་བརྒྱུད་གང་ལ་ལས་ཀྱི་དབང་གིས་སླེབས་བསྡད་པ་དེ་མིན་ཟེར་ནས་ལབ་ཐུབ་ཡ་ཡོད་མ་རེད། སོ་སོའི་ཕ་མ་དེ་ངའི་ཕ་མ་མིན་ལབ་ན་འགྲིག་གི་མ་རེད་པ། འདི་ཡིན་པ་གཞིར་བཞག་བྱེད། ང་ཚོས་མིན་ཟེར་ནས་ཁྱོན་ནས་ཞུ་ཐུབ་ཡ་ཡོད་མ་རེད། དཔེར་ན་ང་འདྲ་བོ་ཞིག་ཡིན་ན་རྙིང་མའི་དགོན་པ་ལ་དཔེ་ཆ་སྦྱངས་རེད། བསྙོན་དུ་དོར་ན་མ་གཏོགས་ང་རྙིང་མ་པ་མིན་མདོག་མདོག་བྱེད་ཡ་ཁོ་རང་ཡོད་མ་རེད། ངའི་ཕ་མ་སྟབས་ལེགས་ན་ཡང་འདྲ་མ་ལེགས་ན་ཡང་འདྲ་ངའི་ཕ་མ་རེད། དེ་ག་ནང་བཞིན་ངའི་ཆོས་བརྒྱུད་དེ་དེ་ག་རང་ཆགས་བསྡད་ཡོད་རེད།

 

ཡིན་ནའང་ངས་སོ་སོའི་ཉམས་མྱོང་ཐོག་ནས་བཤད་ན། ཞིབ་འཇུག་བྱས་ནས་ཞིབ་འཇུག་གི་ལྟ་བ་དང་ལག་ལེན་བསྟར་ཚུལ་ཞིག་ཡོད་རེད། དེའི་དམིགས་ཡུལ་དངོས་གནས་དྲང་གནས་དེ་གང་རེད་ཟེར་ན། རྩོམ་པ་པོ་སུ་ཞིག་ཡིན་ནའང་འདྲ། མཁས་པ་སུ་ཞིག་ཡིན་ནའང་འདྲ། གཞུང་གང་ཞིག་ཡིན་ནའང་འདྲ། ཁོ་རང་གི་དགོངས་པ་སྒྲོ་མ་བཏགས་པ། སྐུར་བ་མ་བཏབ་པར་ཤེས་ཡ་དེ་ང་ཚོ་ཞིབ་འཇུག་གི་དམིགས་ཡུལ་ཆགས་ཙང། སོ་སོའི་སྒེར་གྱི་བསམ་ཚུལ་དང་མཐུན་མི་མཐུན་ལ་ལྟོས་པ་མ་ཡིན་པར། སོ་སོ་སྒེར་སྣང་བ་འགྲོ་མི་འགྲོ་ལ་མ་ལྟོས་པར་གཞུང་གང་ཡིན་ནའང་། མཁས་པ་སུའི་ཡིན་ནའང་སྒྲོ་སྐུར་མེད་པར་ཤེས་ཡ་དེ་ཞིབ་འཇུག་གི་འབྲས་བུ་ཆགས་བསྡད་ཡོད་རེད། དམིགས་ཡུལ་དང་ལྟ་ཚུལ་དེ་འདྲའི་སྒོ་ནས་ཐོས་བསམ་བྱས་པ་ཡིན་ན། ཆགས་སྡང་ཕྱོགས་རིས་དངོས་གནས་དྲང་གནས་མེད་པ་ཆགས་འགྲོ་ཡི་ཡོད་རེད། སྣང་བ་མ་འགྲོ་མཁན་ཡང་ཡོང་གི་རེད། ཡིན་ན་ཡང་སྣང་བ་འགྲོ་མི་འགྲོའི་དགག་སྒྲུབ་བྱེད་པའི་སྔོན་ལ་ཁོང་གི་དགོངས་པ་དེ་སྒྲོ་སྐུར་མེད་པར་ཧ་གོ་ཐུབ་སོང་མ་སོང་། དྲི་བ་འདི་འདྲི་དགོས་རེད། སྒྲོ་སྐུར་མེད་པར་ཧ་གོ་བཞིན་དུ་ད་ང་སྣང་བ་འགྲོ་གི་མི་འདུག་ལབ་ན། དེ་འདྲ་ལབ་འོས་པ་ཞིག་ཆགས་ཀྱི་ཡོད་རེད། ཡིན་ན་ཡང་ང་ཚོར་ཉེན་ཁ་དེ་ག་རེ་འདུག་ལབ་ན། ཕ་གི་དེ་ཏག་ཏག་མ་ཤེས་བཞིན་དེའི་སྔོན་ལ་དགག་སྒྲུབ་བྱེད་བཞག་ཡ་འདི་འགའ་ཞིག་འདུག་ག བྱས་ཙང་དེ་འདྲ་དམིགས་ཡུལ་གཞིར་བཞག་བྱེད་དུས། སོ་སོ་སྒེར་གྱི་ངོས་ནས་བསམ་བློ་བཏང་བཞག་པ་ཡིན་ན་ཆགས་སྡང་ཕྱོགས་རིས་འདི་ཁྱོན་ནས་བྱེད་མི་འོས་པ་ཞིག་དང་ཆོ་མེད་པ་ཞིག་མཐོང་གི་ཡོད་རེད།

 

དེ་འདྲའི་བསམ་བློ་བཏང་བ་ཡིན་ན་གང་ཟག་སྒེར་ཡིན་ན་ཡང་གུ་ཡངས་པོ་ཆགས་འགྲོ་རེད། མི་དེ་ཚོས་དགག་པ་རྒྱག་པ་དང་ལྟ་བ་མི་མཐུན་པ་ཆགས་ན་ཡང་སེམས་ཁྲལ་བྱ་དགོས་ཡ་དང། སེམས་ལ་ཕོག་དགོས་ཡ་གང་ཡང་མེད་པ། དེ་སྔོན་མ་འདས་པ་རེད་པ། ད་ལྟ་ང་ཚོ་བསམ་བློ་གུ་ཡངས་པོ་བྱས་ནས་ཁས་བླངས། མཐུན་པའི་ཆ་ཡོད་ན་ག་རེ་བྱས་ནས་མཐུན་པ་ཡིན་ནམ། མ་མཐུན་པའི་ཆ་འབྱུང་ན་ག་རེ་བྱས་ནས་མ་མཐུན་པ་འབྱུང་བ་ཡིན་ནམ། དངོས་གནས་དྲང་གནས་ཤེས་འདོད་ཡོད་ཙང་ཕྱོགས་རིས་ཀྱི་གཞི་མ་ཡིན་པར་ཡག་པོ་བྱས་ནས་ཤེས་འདོད་ཡོད་པ་ཆགས་ཙང་། གང་ཟག་སྒེར་གྱི་བསམ་བློ་བཏང་གཞག་པ་ཡིན་ནའང་དཔེ་སྐྱིད་པོ་འདྲ་ཞིག་ཆགས་པའི་སྣང་བ་འཆར་གྱིན་འདུག ཕྱོགས་རིས་ཡོད་པའི་མི་དེ་ག་དུས་ཡིན་ནའང་སེམས་པ་མ་སྐྱིད་པ་འདྲ་བོ། སྐྲག་སྣང་དང་དོགས་པ་འདྲ་བོ་ཡོང་གི་ཡོད་རེད། ཞིབ་འཇུག་པ་ཏོག་ཙམ་ལྷོད་ལྷོད་འདྲ་ཞིག མིས་དགག་པ་འདྲ་ཞིག་བརྒྱབ་ནའང་ཏོག་ཙམ་གུ་ཡངས་པོ་འདྲ་ཞིག འདི་གང་ཟག་སྒེར་གྱི་ཕན་ཡོན་རེད་འདུག བྱས་ཙང་སོ་སོ་སྐྱིད་པོ་ཚོར་འདོད་ཡོད་ནའང་ཞིབ་འཇུག་གནང་དགོས་འདུག

 

ངས་ནམ་རྒྱུན་ནས་འབོར་ཤོབ་མ་ཤོད་རོགས་གནང་ཞེས་ཞུ་ཡི་ཡོོད། རྟག་ཏུ་དམན་ས་འཛིན་རོགས་གནང་། ཞིབ་འཇུག་གི་འབྲས་བུ་འདི་བསྟན་པ་སེམས་ཅན་ཐམས་ཅད་ལ་ཕན་ཡ་ཆེད་དུ་མ་རེད། ཞིབ་འཇུག་གི་འབྲས་བུ་འདི་གང་ཐུབ་སྤུས་དག་པོ་ཞིག་བཟོ་ཡ་ཐབས་ཤེས་གནང་རོགས་གནང་། འདི་ཞིབ་འཇུག་གི་འབྲས་བུ་ཡིན་ཞེས་ཞུ་གིན་ཡོད། འདི་ཞིབ་འཇུག་གི་འབྲས་བུ་རེད། གལ་སྲིད་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ན་ནི་ཞར་འབྱུང་གི་འབྲས་བུ་འདྲ་བོ་ཆགས་བསྡད་ཡོད་རེད་མ་གཏོགས་དམིགས་ཡུལ་དེ་ཁུངས་བཙུན་པོ་དང་། ཡིད་ཆེས་ཐུབ་པའི་གྲུབ་འབྲས་ཤིག་བཟོ་དགོས་རེད། སྐབས་སྐབས་མ་གཞི་འགན་ཆེན་པོ་ཞིག་འདུག ཞིབ་འཇུག་གི་འབྲས་བུ་དེ་སུ་གང་ཞིག་གིས་ཡིད་ཆེས་མ་ཐུབ་པ་ཞིག་ཆགས་ན་བསམ་ནས་སེམས་ཁྲལ་དཔེ་ཡོང་གིན་འདུག སོ་སོས་ག་ཚོད་གཟབ་གཟབ་བྱས་པ་དེ་ཙམ་གྱིས་སྤུས་དག་པོ་ཡིད་ཆེས་ཐུབ་པ་ཆགས་ཀྱི་རེད་བསམ་གིན་འདུག ཡིན་ན་ཡང་ང་ཚོ་མི་རེད་པ། ནོར་འཁྲུལ་མང་པོ་འབྱུང་གི་རེད། ཡིན་ན་ཡང་ཞིབ་འཇུག་གི་ཡོན་ཏན་ཞིག་ག་རེ་འདུག་ཟེར་ན། ངས་ག་དུས་ཡིན་ན་ལབ་ཀྱི་ཡོད། ཆོས་དང་འདྲ་གི་མ་རེད། Dogma(གྲུབ་མཐའ)དང་འདྲ་གི་མ་རེད། གང་ཡིན་ཟེར་ན། ཆོས་ལུགས་ཀྱིས་གཅིག་གཏན་ལ་ཕབ་ཚར་དུས་སྒྱུར་ཆོག་ཆོག་ཅིག་ཡོད་མ་རེད། ཡིན་ན་ཡང་ཞིབ་འཇུག་གི་འབྲས་བུ་དེ་མ་འགྲིག་ན། ཁུངས་གསར་པ་དང་སྒྲོ་བཏགས་ཀྱི་ཆ་རྗེས་མ་མཐོང་ཡོང་དུས་ག་ལེ་ག་ལེར་ནོར་འཁྲུལ་སེལ་གྱིན་སེལ་གྱིན། ཡར་རྒྱས་གཏང་ཆོག་གི་རེད། དེའི་ཐོག་ནས་བཤད་པ་ཡིན་ན་དངོས་གནས་ཞིབ་འཇུག་ནི་ཚན་རིག་རང་གི་ལམ་ཁ་རེད་བསམ་གྱི་འདུག འབྲས་བུ་ལ་ཡར་རྒྱས་གཏང་ཡ་ཡོད་པ་དང་། མ་ཤེས་པ་དང་ལོག་པར་རྟོག་པའི་ཆ་དེ་དག་ག་དུས་ཡིན་ན་ཡང་ཡང་དུ་བསལ་རྒྱུ་ཡོད་པ་དང་ཡར་རྒྱས་གཏང་རྒྱུ་ཡོད་པ་དེ་ཚན་རིག་གི་ལམ་དང་མཐུན་གྱི་ཡོད་རེད། མདོར་བསྡུས་ན། ཞིབ་འཇུག་གི་ལམ་ཁ་འགྲོ་མཁན་རྣམ་པར། མི་ཚེ་གཅིག་ལ་ཕྱག་དཔེ་གཟིགས་ནས་མི་ཚེ་བསྐྱལ་འདོད་ཡོད་ན་མ་འོངས་པར་ཞིབ་འཇུག་གང་ཐུབ་ཐུབ་གནང་ཐུབ་ན་ཕན་ཐོགས་ས་རེད་ཅེས་ང་རང་སྒེར་གྱི་ངོས་ནས་ཞུ་ཡ་ཡིན།

 

 

 

ཆོས་བློ།   མཁས་དབང་མཆོག་ནས་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ།
རྡོ་རྗེ་དབང་ཕྱུག   ཐུགས་རྗེ་ཆེ།

 

 

 

སྤྱི་ལོ་ ༢༠༡༨ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་ “ARPI” ལས་གཞིའི་ཟབ་སྦྱོང་ཚོགས་སྐབས་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གིས་བཅར་འདྲི་ཞུས་ཤིང། ༢༠༡༩ ལོ་འགོར་སྒྲ་ཕབ་ཞུས་པའོ།།

 

 

བོད་བརྒྱུད་ནང་བསྟན་གསུང་རབ་ཞིབ་འཇུག་ཐབས་ལམ་གྱི་ཟབ་སྦྱོང་རིམ་པ་ལྔ་པ། མདུན་གྲལ། བཤད་གྲྭའི་ལས་ཐོག་མཁན་པོ་བསམ་གྲུབ། གཙུག་ལག་སློབ་དཔོན་ཆེན་མོ་མཁས་དབང་རྗེ་རྗེ་དབང་ཕྱུག མཁས་དབང་ལྕམ་སྐུ་ཨོར་ན། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *