༈ གནས་མཆོག་རྡོ་རྗེ་གདན་དུ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཞུང་འབྲེལ་མཁན་པོའི་ཕྱག་འཁྱེར་བསྩལད་པ།

 

སྟོན་པ་ཐུགས་རྗེ་ཅན་མངོན་པར་སངས་རྒྱས་ས་གནས་མཆོག་རྡོ་རྗེ་གདན་དུ་མཚན་མཆོག་གསུམ་ལྡན་གྱི་༸སྐྱབས་རྗེ་གདུང་སྲས་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གདུང་སྲས་ཨ་བྷཱ་ཡ་བཛྲ་རིན་པོ་ཆེ། ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རྣམ་པ་གསུམ་ཚོགས་ཀྱི་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས། དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སྨོན་ལམ་ཆེན་མོ་སྐབས་དྲུག་པ་འཚོགས་བཞིན་པའི་གནས་དུས་ཕུན་སུམ་ཚོགས་པའི་སྐབས་དང་སྟབས་བསྟུན་ནས། སྨོན་ལམ་ཉིན་བདུན་པ་སྟེ་སྤྱི་ལོ་ ༢༠༡༨ ཟླ་བ་ ༡༡ ཚེས་ ༡༢ ཉིན་གྱི་ཞོགས་པ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་པོ་གསར་པ་དྲུག་ལ་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེའི་དྲུང་དུ་བཤད་གྲྭ་འདིའི་བསྟན་པའི་བདག་པོ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཁན་པོའི་ཕྱག་འཁྱེར་བསྩལད་ཡོད།

 

མཁན་པོ་གསར་པ་རྣམས་པན་ཞྭ་གསོལ་ནས་མདུན་གྲལ་དུ་འཁོད་པ།

མཁན་པོའི་ཕྱག་འཁྱེར་སྩོལ་སྟངས་ཀྱི་རིམ་པ་ནི། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་གཞུང་ཆེན་བཀའ་པོད་ལྔའམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་སློབ་གཉེར་མཐར་ཕྱིན་ནས། བཤད་གྲྭའི་འཛིན་སྐྱོང་གི་ངོས་ནས་སྐྱོར་དཔོན་དང་དགེ་རྒན་གྱི་མཚན་གནས་རིམ་པར་གསོལ་བ་གང་ཞིག་ལ། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་དགེ་རྒན་གྱི་མཚན་ཐོག་ནས་དཔེ་ཁྲིད་དང་ཞབས་ཞུ་ཉུང་མཐར་ལོ་གསུམ་ལ་ཞུས་ཟིན་པའི་ཆ་རྐྱེན་ལྡན་པ་གཞིར་བྱས། དེའི་སྟེང་དུ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བཀའ་བརྟག་དགོངས་དཔྱད་གནང་ནས་མཐའ་མའི་གཏན་འབེབ་གནང་གི་ཡོད།

མཁན་པོ་གསར་པ་རྣམས་བཞུགས་གྲལ་དུ་འཁོད་པ།

༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཁན་པོ་གསར་པ་དྲུག་ལ་མཁན་པོའི་ཕྱག་འཁྱེར་བསྩལད་གྲུབ་པ་དང་བཀའ་སློབ་ཕེབས་དོན། “སྤྱིར་གཏང་མི་ཚང་མ་སེམས་ཁྲལ་མི་ཡོང་བའི་སྨོན་ལམ་རྒྱག་གི་ཡོད་རེད། ཡིན་ན་ཡང་རྫོང་སར་བཤད་གྲྭ་ ‘སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག།།’ ཟེར་ནས་ཉི་མ་རྟག་པར་སེམས་ཁྲལ་འབྱུང་བར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད་རེད། དེ་ཡིན་དུས་དེ་རིང་གི་མཁན་པོ་ཚོ་ཤཱཀྱ་ཐུབ་པའི་བསྟན་པ་ཉམས་ས་རེད་བསམས་ནས་སེམས་ཁྲལ་གྱིས་ཉིན་མོ་ཟས་ཟ་མི་འདོད་པ་དང། མཚན་མོ་གཉིད་མི་ཁུག་པར་ཆགས་པར་ཤོག་ཟེར་ནས་སྨོན་ལམ་རྒྱག་གི་ཡོད། དེ་དེ་བཞིན་དུ་འགྲུབ་པར་ཐམས་ཅད་ཀྱིས་མཐུན་འགྱུར་གནང་རོགས་གནང་།” ཞེས་བཀའ་སློབ་བསྩལད་ནས་མཛད་རིམ་ལེགས་པར་གྲུབ་བོ། །

 

མཁན་པོ་གསར་པ་རྣམས་བྱང་ཆུབ་ལྗོན་ཤིང་གི་འོག་ཏུ་དྲན་རྟེན་པར་བླངས་པ།

མཁན་པོ་གསར་པ་རྣམས་བཞུགས་གྲལ་དུ་འཁོད་པ།

ནང་ཆེན་ཆོས་སྒར་དགོན་གྱི་ཀུན་དགའ་ལྷུན་གྲུབ།

ལྷོ་ཟླ་གདོང་ཚང་དགོན་གྱི་རྡོ་རྗེ་རྒྱལ་མཚན།

ནང་ཆེན་ཙོང་མདའ་དགོན་གྱི་འཇམ་དབྱངས་བསམ་འཕེལ།

སྡེ་དགེ་དགོན་ཆེན་གྱི་བསྟན་འཛིན་ཕུན་ཚོགས།

འདན་མ་རབ་ཆོས་དགོན་གྱི་ཐུབ་བསྟན་བཟོད་པ།

སྡེ་དགེ་ལྗོངས་གནས་དགོན་གྱི་ཚེ་རིང་འགྱུར་མེད།

 

གནས་མཆོག་རྡོ་རྗེ་གདན་ནས་སྤེལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *