༈ ཚེ་རིང་།

ཚེ་རིང།

དགུང་ལོ་བདུན་ནས་རྒྱ་བོད་གཉིས་ཀྱི་ཡི་གེ་འབྲི་ཀློག་དང་ཨང་རྩིས་བཅས་ལ་སློབ་གཉེར་གནང་། དགུང་ལོ་དགུའི་ཐོག་བླ་མ་རྡོ་རྗེའི་མདུན་ནས་རབ་ཏུ་བྱུང་། དེ་ནས་དཔལ་ལྡན་ས་སྐྱའི་ནང་ཚན་ངོར་ལུགས་ཀྱི་ཆོ་ག་ཕྱག་ལེན་སྐོར་སྦྱངས་པ་མཐར་ཕྱིན་པར་མཛད་པ་མ་ཟད་དབུ་མཛད་དང་དགེ་རྒན་གཅིག་ལྕོགས་ལོ་གསུམ་ཙམ་གྱི་ཕྱག་ལས་གནང།  དེ་དག་གི་རིང་དུས་ཚོད་གང་ཡོད་དང་བཤད་གྲྭར་མ་ཞུགས་བར་སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་། སྤྲུལ་སྐུ་འཆི་མེད་རྡོ་རྗེའི་མདུན་ནས་ལམ་འབྲས་ཚོགས་བཤད་སོགས་གསུང་ཆོས་མང་དུ་ཞུས། དཔལ་ལྡན་ས་སྐྱའི་ཡི་དམ་ལྷ་ཡི་བསྙེན་མཚམས་ཡང་མང་དུ་བཞུགས་མཛད།

 

སྤྱི་ལོ་༡༩༩༢ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ཤིང་། མཁན་རིན་པོ་ཆེ་ངག་དབང་ཀུན་དགའ་དབང་ཕྱུག་ཡབ་སྲས་ཀྱི་ཞབས་ལ་བཏུག་སྟེ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་སློབ་གཉེར་མཐར་ཕྱིན་པར་མཛད། གཞན་ཡང་སྤྱི་ལོ་༡༩༩༢ནས་༢༠༠༨ བར་མཁན་རིན་པོ་ཆེ་ངག་དབང་ཀུན་དགའ་དབང་ཕྱུག་མདུན་ནས་ས་སྐྱ་བཀའ་འབུམ་དང་སྒྲུབ་ཐབས་ཀུན་བཏུས་ལ་སོགས་པ་དབང་ལུང་ཁྲིད་མན་ངག་ཕལ་ཆེ་བ་ཞུས།  ༸གོང་ས་སྐྱབས་མགོན་ཆེན་པོ། ༸སྐྱབས་མགོན་གོང་མ་ཁྲི་ཆེན། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན། སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་ཞལ་སྔ་ནས་དུས་འཁོར་དབང་ཆེན་དང་གསུང་ངག་ལམ་འབྲས་དང་སྒྲུབ་ཐབས་ཀུན་བཏུས་སོགས་དབང་དང་གདམས་ངག་ཟབ་མོ་མང་དུ་ཞུས། ལྷག་པར་དུ་སྤྱི་ལོ་༢༠༡༦ ལོར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཁོང་ཉིད་ཀྱིས་གསོལ་འདེབས་ཞུས་པར་ལྟར་དཔལ་ལྡན་ས་སྐྱའི་ཐུན་མོང་མ་ཡིན་པ་གུར་མགོན་རྗེས་གནང་ལ་སོགས་པ་ཉེར་གཅིག་ཙམ་ཞུས།

 

སྤྱི་ལོ ༡༩༩༣ ལོར་བཤད་གྲྭའི་མཆོད་དཔོན། ༡༩༩༤ ལོར་རོལ་དཔོན། ༡༩༩༥ ལོར་སླར་ཡང་མཆོད་དཔོན། ༡༩༩༧དང་༡༩༩༨ ལོ་གཉིས་ལ་སྒྲོལ་མ་བླ་མ། ༡༩༩༩ ལོར་དགེ་བསྐོས། ༢༠༠༠ ལོར་སྐྱོར་དཔོན། ༢༠༠༡དང་༢༠༠༢ གཉིས་ལོར་དཔེ་ཁྲིད་དགེ་རྒན། ༢༠༠༣ ལོར་མཁན་རིན་པོ་ཆེས་བཤད་གྲྭའི་མཁན་སློབ་འདུས་པ་རྒྱ་མཚོའི་དབུས་སུ་མཁན་པོའི་མཚན་གནས་བསྩལ་ནས་བཀྲ་ཤིས་ལྗོངས་དོན་བརྒྱུད་དགའ་ཚལ་གླིང་དུ་ལོ་གཅིག་གི་རིང་དཔེ་ཁྲིད་མཛད་དུ་གཏོང་གནང་མཛད་ན་ཡང་དོན་བརྒྱུད་དགའ་ཚལ་གླིང་གི་འདུས་མང་ནས་གསོལ་འདེབས་ལྟར་ལོ་ལྔའི་རིང་དུ་གཞུང་བཀའ་པོད་ལྔ་པོ་འཆད་ཁྲིད་མཛད། སྤྱི་ལོ༢༠༠༤ལོར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་༸གོང་ས་རྒྱལ་བ་རིན་པོ་ཆེའི་ཕྱག་ནས་མཁན་པོའི་ཕྱག་འཁྱེར་བསྩལ། སྤྱི་ལོ་ ༢༠༠༨ ལོར་མཁན་རིན་པོ་ཆེ་དང་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་དགོངས་ལྟར་བཤད་གྲྭར་ཕྱིར་ཕེབས་ནས་ད་བར་བཤད་གྲྭར་འཆད་ཁྲིད་གནང་དང་གནང་མུས་ལ། སྤྱི་ལོ་ ༢༠༡༣ ལོར་བཤད་གྲྭའི་གོ་སྒྲིག་བཞིན་ཐེ་ཝན་དུ་ལོ་གཅིག་རིང་ཆོས་ཁྲིད་མཛད་དུ་ཕེབས། བཤད་གྲྭའི་དབྱར་གནས་མཁན་པོ་ལོ་ལྔ་དང་དངུལ་གཉེར་ལོ་ལྔ་སོགས་བཤད་གྲྭའི་ཕྱག་ལས་གནང་དང་གནང་བཞིན་པའོ། །

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *