༈ འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མི་མང་ལ་ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ་གནང་བ།

མཁན་རིན་པོ་ཆེ་བསམ་གྲུབ་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་བཞིན་པ།

བོད་རྒྱལ་ལོ་ ༢༡༤༥ སྤྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩:༣༠ ནས་ཆུ་ཚོད་ ༡༡ བར་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ། བཤད་གྲྭ་འདི་གའི་ལས་ཐོག་མཁན་རིན་པོ་ཆེ་བསམ་གྲུབ་མཆོག་ནས་བཤད་གྲྭའི་གཞི་རིམ་སློབ་གྲྭའི་འཛིན་གྲྭ་གོང་མའི་དགེ་སློབ་རྣམས་དང། བྷིར་དང་ཅཱོན་ཏ་ར་གཞིས་ཆགས་ཀྱི་ས་གནས་མི་མང་། དེ་བཞིན་ཅཱོན་ཏ་ར་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་ཕྲུག་རྣམས་གཙོས་པའི་དད་ལྡན་དོན་གཉེར་ཅན་གྱི་ཆོས་ཞུ་བ་སེར་སྐྱ་མི་མང་ ༥༠༠ ཡས་མས་ལ་ <ནང་པའི་གང་ཟག་དང་དེའི་ལྟ་སྤྱོད། སྐྱབས་འགྲོ།>ཞེས་པའི་བརྗོད་གཞིའི་ཐོག་ནས་བཤད་གྲྭ་འདི་གའི་ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ་དེ་གནང་ཡོད་པ་རེད།

 

གསུང་ཆོས་ཀྱི་ཐོག་མར་མཁན་རིན་པོ་ཆེ་མཆོག་གིས། ང་ཚོའི་བཤད་གྲྭའི་ངོས་ནས་ད་ལོ་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་བཙུགས་དགོས་དོན་དེ། སྤྱི་ཚོགས་ནང་ལ་ཆོས་བསྒྲུབ་ཡ་དེ་གཙོ་བོ་བླ་མ་གྲྭ་པའི་ལས་འགན་ཡིན་པ་འདྲ་བོ། དེའི་ནང་ནས་ཆོས་ཀྱི་དོན་དག་ཧ་གོ་བའི་སྒོ་ནས་ཆོས་ཀྱི་དོན་རྣམས་ལ་ཞིབ་འཇུག་བྱེད་མཁན་གྱི་གྲས་དེ་བཤད་གྲྭ་བ་ཚོ་རང་ཡིན་དགོས་པའི་ལྟ་སྟངས་དང་ལུགས་སྲོལ་ཞིག་ཡོད་བསྡད་དུས། ང་ཚོའི་མི་སྐྱ་ཕོ་མོ་རྣམས་ཀྱིས་ཕྱག་དང་སྐོར་བ་དང་། དབང་ཞུ་ཡ་འདྲ་བོ་མ་གཏོགས། དངོས་གནས་ཆོས་ཀྱི་དོན་དག་གང་ཡིན་མིན་ལ་ཞིབ་འཇུག་བྱ་རྒྱུའི་ལུགས་སྲོལ་དེ་ཞེ་དྲགས་མེད་པ་འདྲ་བོ་ཆགས་བསྡད་འདུག

 

དེ་ཡིན་སྟབས། མདོར་ན། ང་ཚོས་ཆོས་སྒྲུབ་ཟེར་དུས། དཔེར་ན་ཁང་པ་ཞིག་བཟོ་ཡ་ཡིན་ལབ་པ་དང་འདྲ་བོ་རེད། ངས་ཁང་པ་བཟོ་ཡ་ཡིན་ཟེར་དུས། ཁང་པ་བཟོ་སྟངས་གང་འདྲ་ཡིན་མིན་ཧ་མ་གོ་ན། ཁང་པ་བཟོ་ཐུབ་ཐབས་རྩ་བ་ནས་ཡོད་མ་རེད། དེ་ག་ནང་བཞིན་ང་རང་ནང་པ་བཟོ་གི་ཡིན། ནང་པ་ཞིག་བྱས་ནས་ཆོས་བསྒྲུབ་ཡ་ཡིན་ཟེར་དུས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་ཆོས་བྱེད་ཡ་ཡིན་ལབ་ཀྱི་ཡོད་རེད། ཆོས་དེ་སྒྲུབ་སྟངས་མ་ཤེས་ན། དེ་ག་ཙམ་ཁ་ནས་ལབ་སྡོད་པ་ལས་དོན་དངོས་སུ་གནད་ལ་སྨིན་མི་ཐུབ། ཅེས་དང། ཟབ་ཅིང་རྒྱ་ཆེ་བའི་ནང་ཆོས་ཆ་ཚང་བ་ཟླ་བ་རེ་རེའི་ནང་ཆོས་ངོ་སྤྲོད་ཐེངས་རེ་རེའི་ནང་བཤད་ཐུབ་ཡ་དཀའ་ལས་ཁག་པོ་རེད། ཡིན་ནའང་ནང་ཆོས་སྐོར་ལ་གང་ལ་གང་འཚམ་ཞིག་དང་། ཕྱོགས་ཕྱོགས་ཤིག་ཤེས་ཐུབ་ན་ཨོ་ཙམ་ཡག་པོ་ཡོད་ན་དྲན་ནས། ང་ཚོ་མང་པོ་ཞིག་གིས་གྲོས་བསྡུར་བྱས་ཏེ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་དེ་འདྲ་བྱས་ནས་བཟོས་པ་རེད། ཅེས་དད་ལྡན་ཆོས་ཞུ་བ་ཚོར་འདི་ག་བཤད་གྲྭའི་ངོས་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་བཙུགས་དགོས་པའི་དམིགས་ཡུལ་དང་འབྲེལ་ལམ་སྟོན་བཀའ་སློབ་གནང་བ་དང་།

ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ།

དངོས་གཞི་ནང་ཆོས་ངོ་སྤྲོད་སྐབས། ནང་པའི་གང་ཟག་དེ་མདོར་བསྡུས་ན་ཐེག་པ་ཆེ་ཆུང་གི་གང་ཟག་གཉིས་སུ་འདུས་པ་དང་། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་དེ་ལྟ་སྤྱོད་ཀྱི་སྒོ་ནས་འབྱེད་པ། ལྟ་བ་གང་ཟག་གི་བདག་མེད་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཉན་རང་གི་ལྟ་སྤྱོད་ཡིན་ཚུལ། ལྟ་སྤྱོད་དེ་དག་གི་སྟེང་དུ་ཆོས་ཀྱི་བདག་མེད་ཀྱི་ལྟ་བ་དང་གཞན་ཕན་སྒྲུབ་པའི་སྤྱོད་པ་ཐེག་པ་ཆེན་པོའི་གང་ཟག་གི་ལྟ་སྤྱོད་ཡིན་ཚུལ། ལྟ་སྤྱོད་དེ་དག་ཆོས་ཕྱོགས་ཙམ་མ་ཡིན་པར་འཇིག་རྟེན་གྱི་ཉིན་རེའི་འཚོ་བའི་ཁྲོད་དུའང་ལག་ལེན་བསྟར་ན་ཕན་རླབས་ཆེན་པོ་ཡོད་པ་མ་ཟད། ཉིན་རེའི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་ཚུལ་སོགས་ཀྱི་སྐོར་ནས་ངོ་སྤྲོད་གནང་བ་དང།

བརྗོད་གཞི་གཉིས་པ་སྐྱབས་འགྲོའི་སྐོར་ནས། སྐྱབས་འགྲོ་འདི་ཆེས་ཤིན་ཏུ་རྩ་ཆེན་པོ་ཡིན་ཚུལ་དང་། དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་གཉིས་ཡོད་ཚུལ། སྐབས་དེར་ཆོས་ཞུ་བ་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པས་གཙོ་བོ་ཐེག་ཆེན་སྐྱབས་འགྲོའི་སྐོར་ལ་བཤད་རྒྱུ་ཡིན་གསུངས་ནས། ཐོག་མར་ཐེག་ཆེན་སྐྱབས་འགྲོའི་ངོ་བོ་གང་ཡིན་མིན་དང་། ངོ་བོ་ངོས་ཟིན་ཚར་ནས་སྐྱབས་འགྲོ་སྐྱེ་བྱེད་ཀྱི་རྒྱུ་འཇིགས་པ་དང་། དད་པ། སྙིང་རྗེ་གསུམ་ཡིན་ཚུལ། དེ་ནས་སྐྱབས་སུ་འགྲོ་སའི་ཡུལ་དཀོན་མཆོག་གསུམ་གྱི་ངོ་སྤྲོད། དཀོན་མཆོག་གསུམ་ངོས་ཟིན་ཚར་ནས་དེ་དག་ལ་སྐྱབས་སུ་ཇི་ལྟར་འགྲོ་ཚུལ། སྐྱབས་སུ་སོང་ནས་བཟུང་བླང་དོར་གྱི་བསླབ་བྱ་གང་དང་གང་ལ་ཉམས་ལེན་བྱེད་དགོས་མིན། དེ་ལྟར་སྐྱབས་སུ་སོང་བ་དང་། དེའི་བསླབ་བྱ་སློབ་པའི་ཕན་ཡོན་ནམ་དགེ་མཚན་གང་ཡོད་མེད་སོགས་ཀྱི་སྐོར་ལ་ཟབ་ཅིང་རྒྱས་པའི་སྒོ་ནས་ངོ་སྤྲོད་གནང་བ་མ་ཟད། ཆོས་ཞུ་བ་རྣམས་ལ་གོ་བརྡ་གསལ་པོ་འཕྲོད་པའི་ཆེད་དུ་དཔེ་དོན་སྣ་ཚོགས་བེད་སྤྱོད་དང་བཅས་ཏེ་གཙོ་བོར་ཕལ་སྐད་རང་གི་ཐོག་ནས་ངོ་སྤྲོད་གནང་ཡོད་པ་བཅས་སོ། །

ནང་ཆོས་ངོ་སྤྲོད་ལ་བཅར་བའི་ཆོས་ཞུ་བ།

ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ།

ནང་ཆོས་ངོ་སྤྲོད་ལ་བཅར་བའི་ཆོས་ཞུ་བ།

ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ།

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *