༈ རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ནང་ཆོས་ངོ་སྤྲོད།

 

འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང་ཉེ་འཁོར་བོད་མིའི་གཞིས་ཆགས་ཁག་གི་གནད་ཡོད་མི་སྣ་རྣམས་བཀའ་མོལ་བྱུང་དོན་བཞིན། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱིས་ཉེ་འཁོར་ས་གནས་མི་མང་ལ་དམིགས་ཏེ། མི་མང་རྣམས་གཞུང་ལུགས་ཆེན་པོར་སློབ་གཉེར་གནང་མ་ཐུབ་ཀྱང་ནང་ཆོས་ཀྱི་ལྟ་བ་དང་འགྲོ་སྟངས་ཤེས་པ། སོ་སོས་ཆོས་ཉམས་སུ་ལེན་སྟངས་ཤེས་པ། རང་གི་བུ་ཕྲུག་ལ་ཡང་ལམ་སྟོན་བྱེད་ཤེས་པ་ཡོང་ཕྱིར་ཟླ་རེ་ཐེངས་རེ་གནང་རྒྱུའི་<ནང་ཆོས་ངོ་སྤྲོད་>ཀྱི་ལས་རིམ་ཞིག་དབུ་བཙུགས་ཡོད་པ་དང། རྫོང་སར་བཤད་གྲྭས་༸དཔལ་ས་སྐྱའི་གདུང་སྲས་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་བཟང་པོ་ཐོབ་སྟེ། སྤྱི་ལོ་ 2018 ཟླ་བ་ 08 ཚེས་ 19 ཉིན་བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ས་གནས་གཞིས་ཆགས་ཁག་གི་མི་མང་དང་སློབ་ཕྲུག་བཅས་ལ་ནང་ཆོས་ངོ་སྤྲོད་ཐེངས་དང་པོ་དེ་གནང་ཡོད་པ་རེད།

༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེས་ཐོག་མར་མི་མང་རྣམས་ཀྱིས་ཀྱང་ནང་ཆོས་ལ་གོ་རྟོགས་ཡོང་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ་བཀའ་སློབ་ཕེབས་དོན། ནང་ཆོས་སྦྱོང་བ་དང་ཉམས་ལེན་བྱེད་པ་དེ་གྲྭ་པ་ཨ་ནེའི་ལས་ཀ་ཙམ་མ་ཡིན་པར་སྐྱ་སེར་ཕོ་མོ་དབྱེ་བ་མེད་པ། ཆོས་སྒྲུབ་པ་དེ་བདེ་སྐྱིད་ཐོབ་པའི་དོན་དུ་ཡིན་པས་བདེ་སྐྱིད་མི་འདོད་པའི་སེམས་ཅན་གཅིག་ཀྱང་མེད་སྟབས། བདེ་སྐྱིད་ཀྱི་རྒྱུ་དགེ་བ་ཡང་དག་པ་ཞིག་བསྒྲུབ་དགོས་པ་དང། དེ་ཡང་དགེ་བ་ཡང་དག་པ་ཞིག་སྒྲུབ་པར་སྒྲུབ་སྟངས་ཤེས་པར་བྱ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་དང། ང་རང་ཚོ་ཚང་མ་ཕ་མེས་ཡང་མེས་ནས་དཀྲུས་ནའང་མ་དག་པའི་ནང་པ་ཆགས་བསྡད་ཡོད་སྟབས་ནང་པ་ཞེས་པ་དེ་གང་འདྲ་ཞིག་ལ་འཇོག་དགོས་པ་དང། སྐྱབས་གནས་དཀོན་མཆོག་གསུམ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སོགས་ཤེས་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར། དེ་བཞིན་ནང་པ་སངས་རྒྱས་པ་ཡིན་མིན་གྱི་ཁྱད་པར་སྐྱབས་འགྲོའི་སྡོམ་པ་ཡོད་མེད་ཀྱི་ཐོག་ནས་འཇོག་དགོས་པས། ནང་པ་ཞིག་ཡིན་ཕྱིན་ཆད་སྐྱབས་འགྲོ་ཤེས་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་སོགས་ལམ་སྟོན་གནང་ཡོད་པ་དང།

དེའི་རྗེས་སུ་ནང་ཆོས་ངོ་སྤྲོད་དངོས་གཞི་ལ་བློ་ལྡོག་རྣམ་བཞི་སྟེ། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་དང། སྐྱབས་འགྲོ་ཡི་སྐོར་ནས་སྐྱབས་སུ་འགྲོ་ཞེས་པའི་གོ་དོན་དང། སྐྱབས་གནས་དཀོན་མཆོག་གསུམ་སོ་སོ་ངོས་འཛིན་གང་འདྲ་བྱེད་དགོས་མིན། སྐྱབས་སུ་འགྲོ་སྟངས་ཀྱི་རིམ་པ་བཅས་དཔེ་དོན་དང་སྦྱར་ནས་ཤིན་ཏུ་གོ་བདེ་བའི་ལམ་ནས་ངོ་སྤྲོད་གནང་ཡོད་པ་རེད།

 

<ནང་ཆོས་ངོ་སྤྲོད་>ཐེངས་དང་པོའི་སྐབས་ཀྱི་པར་རིས།

༸དཔལ་ས་སྐྱའི་གདུང་སྲས་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེས་ནང་ཆོས་ངོ་སྤྲོད་གནང་བཞིན་པ།

ནང་ཆོས་ངོ་སྤྲོད་གནང་སའི་ཡུལ་དངོས།

ནང་ཆོས་ངོ་སྤྲོད་གནང་སའི་ཡུལ་དངོས།

ནང་ཆོས་ངོ་སྤྲོད་གནང་སའི་ཡུལ་དངོས།

ནང་ཆོས་ངོ་སྤྲོད་གནང་སའི་ཡུལ་དངོས།

ནང་ཆོས་ངོ་སྤྲོད་གྲོལ་བ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *