༈ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ།

 

ནམ་མཁའི་སྙིང་པོ་ཪིན་པོ་ཆེ།

 

༧སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ནི། འབྲུག་ཤར་ཕྱོགས་བཀྲ་ཤིས་གཡང་རྩེ་སྟོང་ཞང་ཁྲུས་དགོན་ཉེ་འདབས་རྟོགས་དཀའ་ཕུ་ཞེས་པར་སྤྱི་ལོ་༡༩༦༦ལོར་ཡབ་ཚེ་རིང་རྒྱལ་མཚན་དང་། ཡུམ་ཤེས་རབ་བཟང་མོའི་སྲས་སུ་སྐུ་བལྟམས། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་གིས་ངོས་འཛིན་དང་འབྲུག་གཞུང་གིས་ཀྱང་རྩོད་མེད་དུ་ཆ་འཇོག་མཛད།

 

༡༩༧༢ལོར་གོང་མའི་ཁྲི་ལ་མངའ་གསོལ་ཞིང་སློབ་གཉེར་གྱི་དབུ་འཛུགས། ༧གོང་ས་མཆོག་གི་སྐུ་མདུན་དུ་གཙུག་ཕུད་ཕུལ། ༡༩༨༤ལོར་འབྲས་ལྗོངས་གནས་ནང་དང་བྷིར་རྫོང་གསར་བཤད་གྲྭར་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་སྐུ་མདུན་ནས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པར་གསན་བསམ་གནང་། གཞན་ཡང་༸གོང་ས་སྐྱབས་མགོན་ཆེན་པོ། ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ། ས་སྐྱ་ཁྲི་ཆེན་སྒྲོལ་མ་ཕོ་བྲང་། ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། གྲུབ་དབང་པད་ནོར་རིན་པོ་ཆེ། སྐྱབས་རྗེ་རྡོ་གྲུབ་ཆེན་བཞི་པ་སོགས་རིས་མེད་སྐྱེས་ཆེན་རྣམས་ཀྱི་དྲུང་ནས་གསར་རྙིང་གི་ཆོས་ཚུལ་དུ་མར་གསན་བཞེས་མཛད།

 

ཁྱད་པར་ཐུན་མིན་རིགས་བདག་༸སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་མཆོག་ནས་རྗེ་ཉིད་ཀྱི་གཏེར་ཆོས་དང་སྔ་འགྱུར་བཀའ་གཏེར་སོགས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་མནོས། ༡༩༨༢ལོར་འབྲུག་བུམ་ཐང་དུ་མཁར་ཆུ་གཉིས་པ་ཕྱག་བཏབ་ཅིང་གོང་མའི་ཕྱག་བཞེས་བྱང་གཏེར་ཆོས་བརྒྱུད་རྒྱུན་སྐྱོང་གནང་། སྤྱི་ལོ་༡༩༩༤ལོར་བཤད་པའི་གྲྭ་གསར་དུ་བཙུགས། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནས་བྱང་གཏེར་ཆོས་སྐོར་དང་། ཁྱད་པར་༡༩༩༦ལོར་བུམ་ཐང་མཁར་ཆུར་གདན་ཞུས་ཀྱིས་རིན་ཆེན་གཏེར་མཛོད་དབང་ལུང་དང་སྒྲུབ་སྡེ་ཞིག་གསར་བཙུགས་མཛད།

 

སྤྱི་ལོ་༢༠༠༡ དང་༢༠༡༤ སོགས་ལན་གྲངས་དུ་མར་བཅད་རྒྱ་དམ་པོས་བསྙེན་སྒྲུབ་ལ་གཞོལ་བ་དང་། སྐལ་ལྡན་གདུལ་བྱའི་མོས་བློ་དང་འཚམས་པར་བཀའ་ཆོས་སྤྱི་དང་། ཁྱད་པར་སྔ་འགྱུར་བཀའ་གཏེར་དབང་ལུང་གྱིས་མཚོན་རྒྱུད་ལུང་མན་ངག་རྒྱ་མཚོའི་ཆོས་ཆར་འབེབས་པ་སོགས་བཤད་སྒྲུབ་ལས་ཀྱི་འཁོར་ལོས་འབྲུག་ཡུལ་གཙོས་འཛམ་གླིང་ཁྱོན་ཀུན་རླབས་ཆེན་བསྟན་འགྲོའི་མཛད་བཟང་སྤེལ་བཞིན་པ་ལགས་སོ།།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *