༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་སློབ་ཐོན་དང་སློབ་ཟུར་རྣམ་པར་གསལ་བསྒྲགས།

འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ཐོས་བསམ་མཛད་དེ་དངོས་དང་བརྒྱུད་ནས་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་དང་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་བདེ་བར་གཤེགས་པ་ངག་དབང་ཀུན་དགའ་དབང་ཕྱུག་གི་གསུང་ལས་སྐྱེས་ཤིང། འཛམ་གླིང་ས་ཕྱོགས་གང་ས་ནས་ཆོས་དང་སྲིད་ཀྱི་བྱ་བ་རླབས་པོ་ཆེ་བསྒྲུབས་དང་སྒྲུབ་བཞིན་པའི་བཤད་གྲྭ་འདིའི་སློབ་ཟུར་བ་རྣམས་ཀྱི་ཞབས་དྲུང་དུ།

ཆེད་འབུལ།

 

འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་རྒྱ་བོད་དབྱིན་གསུམ་གྱི་དྲ་ཚིགས་ཤར་གཏོང་བྱས་ཤིང་། དྲ་ཚིགས་དེར་བཤད་གྲྭ་འདིའི་སློབ་ཐོན་སློབ་མ་ངོ་སྤྲོད་ཞུ་སའི་སྡེ་ཚན་ཞིག་ཡོད། སྡེ་ཚན་དེར་མཁན་ཆེན་བདེ་བར་གཤེགས་པ་གང་གི་ཐུགས་ཀྱི་སྲས་སུ་གྱུར་པ་འཕགས་ཡུལ་རྫོང་སར་བཤད་གྲྭ་འདི་ཉིད་དུ་ཕེབས་ཤིང་རྒྱལ་བའི་གསུང་རབ་ལ་སློབ་གཉེར་མཛད་དེ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་ཆེན་བདེ་བར་གཤེགས་པའི་ཕྲིན་ལས་ཀྱི་ཉི་ཟེར་འཛམ་གླིང་ཤར་ནུབ་ཀུན་ཏུ་བཀྱེ་བར་བྱེད་པའི་ཕོ་ཉ། ཕྱོགས་དང་རིས་སུ་མེད་པའི་བཤད་གྲུབ་ཀྱི་སྡེ་དང་སློབ་གཉེར་གྱི་བལྟེ་གནས། དེ་བཞིན་སྤྱི་ཚོགས་ཀྱི་ཚོགས་སྡེ་ཆེ་ཆུང་སོགས་ཤར་ནུབ་ཡུལ་གྲུ་གང་ས་ནས་ཆོས་དང་སྲིད་ཀྱི་བྱ་བ་རླབས་ཆེ་པོ་བསྒྲུབས་དང་སྒྲུབ་བཞིན་པའི་བཤད་གྲྭ་འདིའི་སློབ་ཐོན་དང་སློབ་ཟུར་བ་རྣམ་པ་རིམ་པ་བཞིན་ངོ་སྤྲོད་ཞུ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་ངེད་དྲ་ཚིགས་རྩོམ་སྒྲིག་པ་དག་ལ་ངོ་སྤྲོད་རྒྱུ་ཆའི་མཐུན་རྐྱེན་ཉུང་བའི་རྐྱེན་གྱིས་ཁྱེད་རྣམ་པ་ངོ་སྤྲོད་ཆ་ཚང་བ་ཞིག་ཡོང་བར་དཀའ་བས། ཁྱེད་རྣམས་ཀྱིས་ སོ་སོའི་ངོ་སྤྲོད་གནད་ཚང་མདོར་བསྡུས་ཤིག་བྲིས་ཏེ་ཉེ་ཆར་གྱི་སྐུ་པར་ཞིག གློག་འཕྲིན་ཁ་བྱང་ངམ་ཞལ་པར་ཨང་གྲངས་ཤིག་ བཅས་ངེད་བཤད་གྲྭའི་དྲ་ཚིགས་རྩོམ་སྒྲིག་པར་ངེས་གནང་ཡོང་བ་དང་། ཁྱེད་ཀྱི་ངོ་སྤྲོད་མདོར་བསྡུས་ལ་ད་དུང་རྩོམ་སྒྲིག་ཁང་ནས་ཉུང་ཕྲི་བྱ་དགོས་བྱུང་ན་བྱེད་ཆོག་པ་མཁྱེན། མཁྱེན། མཁྱེན།

 

རྩོམ་སྒྲིག་ཁང་གི་གློག་འཕྲིན་ཁ་བྱང། chokyilodro2017@gmail.com / tigerboymg@gmail.com

 

རྫོར་སར་བཤད་གྲྭའི་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གིས་སྤྱི་ལོ་ ༢༠༡༨ ཟླ་བ་ ༠༦ ཚེས་ ༠༤ ཉིན་ཕུལ།

གསལ་བསྒྲགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *