ཚད་མ་རིག་པ་འཕགས་ཡུལ་རྒྱ་གར་ན་བྱུང་ཚུལ་རག་ཙམ་གླེང་བ།

 

 

____ བསྟན་པ་བཟང་པོ། འཛིན་གྲྭ་བཞི་པ

 

༄༅། །ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །

བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །

 

 

དེ་ཡང་ཚད་མ་རིག་པ་འདི་ཉིད་འཕགས་ཡུལ་རྒྱ་གར་ན་བྱུང་ཚུལ་རགས་ཙམ་གླེང་བ་ལ། སྟོན་པ་བདེ་བར་གཤེགས་པ་འཕགས་ཡུལ་དུ་མ་འཁྲུངས་པའི་སྔོན་ནས། གྲངས་ཅན་པ་སོགས་ཀྱི་ལྟ་གྲུབ་དང། དེ་སྟོན་པའི་བསྟན་བཅོས་མང་དུ་བརྩམས་པར་གསལ། ལྷག་པར་དུ་བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་ཤིང་ལྟ་བུའི་རིག་བྱེད་བཞི་སོགས་སྟོན་པའི་སྔ་རོལ་ནས་དར་བ་ནི་ཆེས་གསལ། སྟོན་པ་བདེ་བར་གཤེགས་པས་དམིགས་གཏད་ཀྱིས་ཚད་མ་རིག་པའི་བསྟན་བཅོས་གསུངས་པའི་མདོ་འདི་ཡིན་ཞེས་པ་གསལ་པོར་མཐོང་ཐོས་སུ་མ་གྱུར་ཀྱང། དགོངས་པ་ངེས་འགྲེལ་དུ། མགོ་གཅིག་དང། རྣམ་པར་དབྱེ་བ་དང་། དྲིས་ཏེ་ལན་གདབ་པ་རྣམ་པར་གཞག་པའམ། བཞག་པ་རྣམ་པར་བཞག་པའམ། ཞེས་ལན་གདབ་པའི་ཚུལ་དང། རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། འཐད་པ་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པའོ། །ཞེས་རིགས་པ་བཞི་གསུངས་པ་དང། དེའི་འཐད་སྒྲུབ་ཀྱི་རིགས་པ་བཤད་པའི་སྐབས་སུ་དེ་ཉིད་ལས། དེ་ལྟར་འཐད་པས་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང། རྗེས་སུ་དཔག་པའི་ཚད་མ་དང། ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ། །ཞེས་སོགས་མངོན་རྗེས་སོགས་ཀྱི་ཐ་སྙད་གསལ་བར་འབྱུང་བ་འདི་བཞིན། དུས་ཀྱི་འཁོར་ལོ་རྩ་རྒྱུད་དང། དེ་འགྲེལ་གྱི་བསྟན་བཅོས་སོགས་ནས་ཀྱང་དེ་ལྟར་འབྱུང་ལ། འདི་དང་འདི་ལྟ་བུའི་མདོ་དང་བསྟན་བཅོས་མཐའ་དག་རང་རང་གཞུང་ལུགས་ནས་འབྱུང་བའི་གཞི་དེ་གཏན་ལ་འབེབས་བྱེད་ཀྱི་ཚད་མ་དང། དེ་རྟོགས་པའི་ཤེས་པ། དེ་ལས་ལྡོག་པའི་འཁྲུལ་པ་རེ་ངོས་འཛིན་པ་རྐྱང་རྐྱང་ཡིན་པས་ཚད་མ་རིག་པ་ནི་སྔར་ནས་ཡོད་པར་གསལ་མོད། དེ་ཉིད་བརྗོད་བྱར་བྱས་པའི་བསྟན་བཅོས་ཀུན་གྱི་ཐོག་མ་ནི། དྲང་སྲོང་རྐང་མིག་གིས་བརྩམས་པའི་རིགས་པའི་མདོ་ཞེས་བྱ་བ་རྟོག་གེ་པའི་ཚིག་དོན་བཅུ་དྲུག་བརྗོད་བྱར་བྱས་པ་ཞིག་ཡོད་པར་གསལ་བས་དེ་ཉིད་རྟོག་གེའི་ཚིག་དོན་བརྒྱད་པོ་བརྗོད་བྱར་བྱས་ནས་བསྟན་པའི་བསྟན་བཅོས་ཀུན་གྱི་ཐོག་མར་ངོས་འཛིན།

ཕྱིས་སུ་དབྱིག་གཉེན་ཆེན་པོས་ཀྱང་བརྩམས་པར་འགའ་ཞིག་བཞེད་ལ། འགའ་ཞིག་གིས་མི་བཞེད་མོད། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་པ་བརྒྱ་རྩ་བརྒྱད་དང། དེ་ཡོངས་ཀྱི་དོན་བསྡུས་པ། ཚད་མ་མདོ་ཀུན་ལས་བཏུས་པ་མཛད་པ་ནང་པའི་སློབ་དཔོན་གྱིས་ཚད་མ་རིག་པར་དོ་སྣང་གནང་བའི་ཐོག་མར་བཤད་ཆོག དེ་ནས་སློབ་དཔོན་དབང་ཕྱུག་སྡེ་ལས་ཆོས་ཀྱི་གྲགས་པས་ཚད་མ་གསན་ནས་ཚད་མ་སྡེ་བདུན་བརྩམས་ཏེ་འཕགས་ཡུལ་ན་དར་ཞིང་རྒྱས་པར་གྱུར་ཏོ། །

ཚད་མའི་བསྟན་བཅོས་དེ་དག་ལས་བོད་དུ་འགྱུར་བ་ནི། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར། དེའི་ཚེ་མཁན་ཆེན་ཞི་བ་འཚོས་ཀྱང་ཚད་མའི་འཆད་ཉན་མཛད་པར་གྲགས།

དེའི་རྗེས་རྔོག་ལོ་ཙཱ་བ་རྒྱ་གར་དུ་ཕེབས། བསྟན་བཅོས་གྲངས་མེད་ཅིག་བོད་སྐད་དུ་བསྒྱུར་བ་ལས། ཚད་མ་སྡེ་བདུན་ཡང་ཆ་ཚང་བ་བསྒྱུར་བར་མཛད། ད་དུང་ཁོང་གིས་རྣམ་ངེས་ལ་འགྲེལ་བཤད་མཛད། ཚད་མའང་རྣམ་ངེས་ཀྱི་སྟེང་ནས་འཆད་པའི་སྲོལ་ཆེན་པོ་བཏོད། ཕྱི་ལོ་༡༠༧༣ ལོར་རྔོག་ལོ་ཆེན་པོས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་བཏབ། ས་མིང་ལུང་བསྟན་སོགས་རྗེ་རིན་པོ་ཆེས་མཛད་ལ། ཆོས་བརྒྱུད་ནི་དང་ཐོག་བཀའ་གདམས་པ་ཡིན་མོད། ཕྱིས་སུ་ས་སྐྱ་དང་དགེ་ལུགས་པ་གཉིས་ཀྱི་ལུགས་དར་ཏེ་གྲྭ་ཚང་བཅོ་བརྒྱད་ཙམ་དུ་གྱེས།

དགོན་པ་འདི་ཉིད་དུ་རྔོག་ལོ་ཆེན་པོས་ཚད་མའི་འཆད་ཉན་གྱི་གཞི་བཙུགས། རིགས་པའི་དབང་ཕྱུག་ཕྱྭ་པ་ལ་སོགས་པའང་བྱོན། རྗེ་ཙོང་ཁ་པའང་གནས་འདི་ཉིད་ནས་ཚད་མ་ལ་འཆད་ཉན་གནང། རོང་སྟོན་ཆེན་པོས་ཀྱང་དེ་ལྟར་གནང་ལ། པཎ་ཆེན་རིན་པོ་ཆེས་ཀྱང་འཆད་ཉན་འདི་ནས་གནང་བས། ཚད་མ་ཤིན་ཏུ་དར་བར་གྱུར་པའི་ཆོས་གྲྭ་ཆེན་པོ་ཐོག་མ་འདི་ཉིད་ཡིན།

ཕྱིས་སུ་པཎ་ཆེན་ཆོས་ཀྱི་རྗེ་ས་སྐྱ་པ་མཆོག་གིས་བོད་སྔ་རབས་པའི་ཚད་མ་དག་གི་བཤད་ཡམས་ལ་བློ་མི་ཁེངས་པར་གྱུར། ཁ་ཆེ་པཎ་ཆེན་ལ་འདྲི་གཏུག་ལེགས་པར་གནང། སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་མཐའ་དག་ལེགས་པར་གཟིགས་པས། དེ་དག་གི་དོན་ཕྱོགས་གཅིག་ཏུ་བསྡོམས་པ་རིགས་པའི་གཏེར་གྱི་རྩ་འགྲེལ་རྒྱ་སྐད་དང་བོད་སྐད་གཉིས་ཀར་བརྩམས་ཏེ་རྒྱ་བོད་གཉིས་ཆར་ནའང་གྲགས་པ་ཁྱབ། རྣམ་འགྲེལ་སླར་ཡང་བསྒྱུར་ཏེ་རྣམ་འགྲེལ་གྱི་འཆད་ཉན་གསར་དུ་བཙུགས་པས་དེ་སྔོན་རྣམ་འགྲེལ་ལ་གཙིགས་འཛིན་མི་བྱེད་པ་ཡིན་མོད། ཕྱིས་སུ་ཀུན་གྱིས་འདི་གཙུག་ཏུ་བཀུར་བར་གྱུར།

དེ་ནས་གཡག་པ་ཆེན་པོས་ཚད་མ་ལ་བཤད་པ་གནང་བའི་ཚེ། རྗེ་ཙོང་ཁ་པས་ཉིན་ཪེར་རྣམ་འགྲེལ་གྱི་ཚིག་དོན་ཏོག་ཙམ་རེ་མ་ཆད་པར་འཆད་ཉན་གནང་བའི་དམ་བཅའ་ཕུལ་བ་ཡིན་ལ། རོང་སྟོན་ཆོས་རྗེ་སོགས་དམ་པ་གོང་མ་མཐའ་དག་གིས་རིགས་པའི་གཏེར་འདིའི་དགོངས་པ་རྒྱས་པར་མཛད། དེ་བས་པཎ་ཆེན་གྱི་དུས་སུ་ཚད་མའི་བརྒྱུད་པ་ས་སྐྱ་པ་ལས་མ་བརྒྱུད་པ་གཞན་མི་སྣང་གསུངས་སོ། །

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *