༈ ཀུན་དགའ་ཤེས་རབ།

ཀུན་དགའ་ཤེས་རབ།

 

བོད་ལྗོངས་ལྷོ་ཁ་གོང་དཀར་རྫོང་ཁུལ་དུ་འཁྲུངས། གོང་དཀར་རྫོང་ས་གནས་ཀྱི་སློབ་ཆུང་དང་སློབ་འབྲིང་དུ་གཞི་རིམ་སློབ་གཉེར་མཛད། སློབ་འབྲིང་མཐར་ཕྱིན་རྗེས་དཔལ་གསང་རྭ་བ་སྨད་དགོན་དུ་ཆོས་ཞུགས་མཛད། དགོན་དེར་གཞི་གསུམ་གྱི་ཕྱག་ལེན་རྣམས་ལ་སློབ་གཉེར་མཛད།

 

དེ་ནས་མཁན་ཆེན་དམ་པ་བྱམས་པ་ངག་དབང་དཔལ་འབྱོར་ཡེ་ཤེས་ཀྱི་མདུན་ས་སྐྱའི་སྔོན་འགྲོའི་ཁྲིད་ཡིག་དང་སྡོམ་གསུམ་རབ་དབྱེ། སྤྱོད་འཇུག་སོགས་གཞུང་ཆེན་ཁག་ཅིག་ལ་ཐོས་བསམ་མཛད། དེ་ནས་འཕགས་ཡུལ་དུ་ཕེབས་ཏེ་འཕགས་ཡུལ་རྫོང་སར་བཤད་གྲྭར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱི་འོག མཁན་ཆེན་བདེ་བར་གཤེགས་པ་ཀུན་དགའ་དབང་ཕྱུག་གི་ཞབས་པད་ལ་གཏུགས་ཏེ་རྒྱ་བོད་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང། བསླབ་པ་མཐར་ཕྱིན་རྗེས་བཤད་གྲྭ་འདི་རུ་སྐྱོར་དཔོན་དང་དགེ་རྒན། མཁན་པོའི་ཕྱག་འཁྱེར་བཞེས་ཤིང་འཆད་ཁྲིད་མཛད།

 

 

དེ་རྗེས་༸སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང། མཁན་ཆེན་ཀུན་དགའ་དབང་ཕྱུག་རྣམ་གཉིས་ཀྱི་བཀའ་དགོངས་བཞིན། ༸སྐྱབས་མགོན་གོང་མ་རིན་པོ་ཆེའི་སྐུ་ཉེ། སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེའི་གདན་ས་འབྲས་ལྗོངས་ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཕེབས་ནས། དགོན་པ་དེར་བཤད་གྲྭ་གསར་འཛུགས་མཛད་དེ། གཞུང་ཆེན་སློབ་ཁྲིད་ཀྱི་མཁན་པོ་དང་སློབ་སྤྱིའི་ཐུགས་འགན་ལོ་མང་བཞེས། བཤད་གྲྭ་དེར་གཞུང་ཆེན་འཆད་སྤེལ་ཐུབ་པའི་མཁན་པོ་ཡང་སྐྱེད་སྲིང་མཛད།

 

 

དེ་རྗེས་ཨ་རིའི་གཙུག་ལག་སློབ་གྲྭ་ University of Wisconsin Milwaukee ཞེས་པའི་ནང་དུ་དབྱིན་ཡིག་སློབ་གཉེར་གནང། དེ་ནས་ཁེ་ན་ཌའི་ནང་དུ་གནས་སྤོས་དང་མཉམ་དུ། ཁེ་ན་ཌའི་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་སྡེ་ཚན་གྱི་ཁྱབ་ཁོངས་སུ། གཉུག་གནས་མཁས་དབང་(Scholar-in-Residence)གི་མཚན་ཐོག་ནས་ནང་ཆོས་དགེ་རྒན་དང་བོད་རིག་པའི་ཞིབ་འཇུག་སློབ་སྟོན་གྱི་ཕྱག་ལས་གནང། ལོ་གཉིས་རིང་ཁེ་ན་ཌ་མངའ་སྡེ་དང་རྒྱལ་ཡོངས་སློབ་ཡོན་གྱི་བྱ་དགའ་OGS and SSHRCཞེས་པ་ཐོབ་སྟེ་མཐོ་སློབ་དེར་དགེ་རྒན་གྱི་ལས་གནས་བཞེས་པ་དང་མཉམ་དུ། ཆོས་ལུགས་ཐོག་ནས་གཙུག་ལག་རབ་འབྱམས་པ་(M.A)ཡི་མཚན་རྟགས་བཞེས། ད་ལྟ་གཙུག་ལག་སློབ་གྲྭ་དེར་དགེ་རྒན་དང་ཞིབ་འཇུག་སློབ་སྟོན་པའི་ཕྱག་ལས་གནང་མུས་ཐོག ཁེ་ན་ཌ་རྒྱལ་ཡོངས་སློབ་ཡོན་ཚད་མཐོ་ཤོས་SSHRCཞེས་པའི་བྱ་དགའ་ཐོབ་སྟེ་འབུམ་རམས་པའི་(Ph.D)བསླབ་གནས་ཐོག་ཏུ་སློབ་གཉེར་གནང་བཞིན་པའོ། །

མཆན་འདེབས། མཆན་བསུབ།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *