སྤྲུལ་སྐུའི་གཏམ་ཚོགས།

____ ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།

 

༄༅། །དང་པོ། སྤྲུལ་སྐུ་དང་ཡང་སྲིད་ཀྱི་སྐོར།

སྤྱིར་ཡང་སྲིད་ཅེས་པའི་ཐ་སྙད་དེ་སྐྱེ་བ་སྔ་མ་སྔོན་དུ་སོང་བ་ཞིག་སླར་སྐྱེ་བའི་སྲིད་པ་ལེན་པ་ལ་ཟེར་གྱི་ཡོད། དེས་ན་ཡང་སྲིད་ཅེས་པའི་ཐ་སྙད་དེ་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བའི་སྲིད་པ་མུ་མཐུད་ནས་ལེན་མཁན་མཆོག་དམན་བར་མ་ཐམས་ཅད་ལ་འཇུག་ཆོག་གི་ཡོད་ཀྱང་བོད་ཀྱི་ལུགས་སྲོལ་ལ་ཡང་སྲིད་ཅེས་པའི་ཐ་སྙད་དེ། སྐབས་མཚམས་བླ་མ་དང་དགེ་བའི་བཤེས་གཉེན་ཆེ་གེ་མོ་ཞིག་འདས་གྲོངས་ཕྱིན་རྗེས་དེའི་དེ་མ་ཐག་པའི་ཡང་སྲིད་ཡིན་ཞེས་འདོགས་པའི་ལུགས་སྲོལ་དེ་འདྲ་ཞིག་ཆགས་པ་རེད། སྤྲུལ་སྐུ་ཟེར་བ་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྗེ་དང་མཛད་པ་ཕྲིན་ལས་ཀྱིས་སྤྲུལ་པའི་འཕགས་པའི་ཡོན་ཏན་གྱི་སྐད་ཆ་ཞིག་རེད། རྒྱུ་མཚན་དེ་ལྟར་ན་ཡང་སྲིད་ཡིན་ན་སྤྲུལ་སྐུ་ཡིན་པས་ཁྱབ་པ་མེད་ལ། སྤྲུལ་སྐུ་ཡིན་ནའང་ཡང་སྲིད་ཡིན་པས་ཁྱབ་པ་མེད་པ་ལྟ་བུ་རེད། སྤྱིར་བོད་བརྒྱུད་ནང་བསྟན་དུ་སྤྲུལ་སྐུ་དང་ཡང་སྲིད་ཀྱི་ཐ་སྙད་དེ། སྐབས་འགར་ཐ་དད་དང་སྐབས་འགར་གཅིག་ཏུ་བྱས་ནས་འཇུག་ལྡོག་བྱེད་ཀྱི་ཡོད། རང་ཅག་བོད་ཀྱི་ཡུལ་ལ་དུས་ཡུན་རིང་པོ་ཞིག་ནས་ནང་པ་སངས་རྒྱས་པའི་ཆོས་དེ་རྣམ་ཀུན་བོད་མི་ཚོའི་འགྲོ་འདུག་ཚུན་ཆད་ཀྱི་གོམས་གཤིས་སོགས་དང་ཤིན་ཏུ་འདྲེས་ཤིང་། ཧ་ཅང་གི་གཏིང་ཟབ་ཅིང་རྒྱ་ཆེན་པོའི་གཞི་རྐང་ཚུགས་ཡོད་པས། བོད་ཀྱི་རིགས་གཞུང་དང་བསམ་བློའི་གོམས་གཤིས་ནང་དུའང་ཡང་སྲིད་དང་སྤྲུལ་སྐུའི་ཐ་སྙད་དེ་ཆོས་དང་འཇིག་རྟེན་འདྲེས་མར་དུས་ཡུན་རིང་པོ་ཞིག་ནས་སྲ་བརྟན་དུ་སླེབས་ཡོད་སྟབས། བླ་མ་ཆེ་གེ་མོའི་ཡང་སྲིད་དང་བྱང་ཆུབ་སེམས་དཔའ་ཆེ་གེ་མོའི་སྤྲུལ་པ་ཡིན་ཟེར་བའི་ཐ་སྙད་དེ་ཡང་འདྲ་མིན་སྣ་ཚོགས་ཤིག་ཡོང་བཞིན་པ་རེད། ཡང་སྲིད་ཅེས་པའི་དོན་འདི་རྣམ་ཤེས་ཀྱི་རིགས་འདྲའམ་རྒྱུན་མུ་མཐུད་ནས་ཡོད་པ་ཞིག་ལ་གོ་བ་བླངས་ན་འགྲིག དཔེར་ན་ཁ་སང་གི་ང་དང་དེ་རིང་གི་ང་གཉིས་རིགས་འདྲ་རྒྱུན་མུ་མཐུད་ནས་ཡོང་བ་རེད། དེ་ནང་བཞིན་ཚེ་འདིའི་སྣང་བ་ནུབ་ནས་སྲིད་པ་བར་དོའི་རྣམ་ཤེས་ཚེ་ཕྱི་མའི་ལུས་རྟེན་ལ་ཞུགས་དུས་རིགས་འདྲ་མུ་མཐུད་ནས་ཡོད་པ་ཞིག་ལ་གོ་རྒྱུ་རེད།

དེང་སང་ཕྱི་ནང་གཉིས་ཀའི་ཤེས་ཡོན་ཅན་ཚན་རིག་པ་ཕལ་མོ་ཆེ་དང་། དེ་དག་གི་ནང་ནས་ཀྱང་སོ་སོ་ནང་པ་ཡིན་པར་ཁས་ལེན་པའི་ཡུ་རོབ་པ་མི་ཉུང་བ་ཞིག་ནང་པ་སངས་རྒྱས་པའི་ཆོས་ཟབ་མོ་སྟོང་པ་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། བྱམས་པ་དང་སྙིང་རྗེ་ཟེར་བ་འདི་ཚོ་ལ་ངོ་མཚར་སྐྱེ་བཞིན་ཡོད་ན་ཡང་། སྐྱེ་བ་སྔ་ཕྱི་དང་ཡང་སྲིད་ཡོད་པར་འདོད་པ་འདི་ཕལ་ཆེར་བོད་པའི་བསམ་བློ་གཏོང་སྟངས་ཤིག་གམ་ཡང་ན་བོད་ཀྱི་ནང་ཆོས་དེ་རྒྱ་གར་ནས་དར་བ་ཡིན་པར་བརྟེན། རྒྱ་གར་གྱི་གནའ་བོའི་བསམ་བློ་གཏོང་ཕྱོགས་རྙིང་པ་བོད་དུ་ཁྱེར་བ་ཞིག་མ་གཏོགས་ནང་ཆོས་ངོ་མ་དེ་མ་རེད་ཟེར་མཁན་དེ་འདྲ་ཡང་ཡོད་རེད། ཁོང་ཚོ་ལ་དགེ་བཤེས་དང་མཁན་པོ་ཁ་ཤས་ཀྱིས་ལན་འདེབས་གནང་དུས། ཚད་མའི་གཞུང་གཞིར་བཞག་ནས་སྐྱེ་བ་སྔ་ཕྱི་སྒྲུབ་སྟངས་དང་། སྒྲུབ་བྱེད་ཀྱི་གཏན་ཚིགས་དང་དཔེ་མཚོན་མང་པོ་ཞིག་སྦྱར་ནས་འགྲེལ་བཤད་རྒྱག་གི་ཡོད།

དཔེར་ན་བྱིས་པ་ཆུང་ཆུང་འགའ་ཞིག་གིས་རང་གི་སྐྱེ་བ་སྔ་མ་དྲན་པའི་ལོ་རྒྱུས་ངོ་མཚར་ཅན་དེ་ཚོ་དཔེར་བཀོད་ནས་སྐྱེ་བ་སྔ་ཕྱི་ཡོད་པ་སྒྲུབ་ཀྱི་ཡོད་ཀྱང་ཁོང་ཚོའི་ངོར་དེ་ལྟ་བུའི་རིགས་ལམ་དང་དཔེ་མཚོན་དེ་ཚོས་སྐྱེ་བ་སྔ་ཕྱི་མཐའ་གཅིག་ཏུ་སྒྲུབ་ཐུབ་མིན་སོམ་ཉི་རེད།ཁོང་ཚོའི་ངོ་ལ་སྐྱེ་བ་སྔ་ཕྱི་ཡོད་པ་བསྒྲུབ་ཐུབ་ན་འདྲ། མ་ཐུབ་ཀྱང་རུང་ང་རང་ཚོ་དཔའ་ཞུམ་དགོས་པ་གང་ཡང་མེད་པ་རེད། ང་རང་ཚོས་ཀྱང་ཐ་སྙད་དུ་མ་བརྟག་མ་དཔྱད་པར་སྐྱེ་སྔ་ཕྱི་དེ་དག་རྟེན་འབྲེལ་བསླུ་བ་མེད་པ་རྨི་ལམ་དང་སྒྱུ་མ་ལྟ་བུ་ཙམ་ཞིག་ཏུ་ཁས་ལེན་པ་མ་གཏོགས་དོན་དམ་དུ་ཡོད་པ་མི་འདོད་པ་རེད། སྐྱེ་བ་སྔ་ཕྱི་གཅིག་པུ་མ་རེད་མྱང་འདས་དང་། མྱང་འདས་ལས་ལྷག་པའི་ཆོས་ཤིག་ཡོད་ནའང་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་འདོད་མཁན་གྱི་རྗེས་སུ་འབྲང་མཁན་ཞིག་ཡིན་པས་དེ་ཙམ་གྱིས་དཔའ་ཞུམ་དགོས་དོན་མེད།

ཚན་རིག་པ་ཁོ་རང་ཚོས་ཀྱང་ཁས་ལེན་པའི་ཚོང་དང་དཔལ་འབྱོར་གྱི་འགྲོ་སྟངས་དཔེར་བཞག་ན། ཚན་རིག་གི་གཞི་རྩ་དང་སྒྲུབ་བྱེད་མཆོག་ཏུ་གྱུར་པ་གཅིག་ནི་ཨང་རྩིས་རེད། ཨང་རྩིས་ལ་མཚོན་ན་བཞི་གཉིས་དེ་བརྒྱད། ལྔ་གཉིས་དེ་བཅུ། དྲུག་གཉིས་དེ་བཅུ་གཉིས་ཡིན་པ་ལྟར་དེ་རྣམས་མང་ཚོགས་ཀྱིས་འདོད་རྒྱལ་དུ་ཁས་ལེན་ནས་བླང་དོར་གྱིས་འཇུག་ལྡོག་བྱེད་ཆོག་གི་ཡོད། འོན་ཀྱང་ནང་ཆོས་ལྟར་ན་ཨང་རྩིས་ཀྱི་སྒོ་ནས་ཐག་ཆོད་པ་དེ་ཚོ་ཡང་རྨི་ལམ་དང་སྒྱུ་མ་ལྟ་བུར་ཁས་ལེན་པ་ལས་དོན་དམ་དངོས་པོའི་གནས་ཚུལ་དུ་ནམ་ཡང་འགྱུར་མི་སྲིད། དེ་བཞིན་དུ་ཡང་སྲིད་ཀྱི་རྒྱུན་མུ་མཐུད་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་བསམ་ཚུལ་དང་། ལས་རྒྱུ་འབྲས་ཀྱི་རྣམ་གཞག་རྣམས་ཐ་སྙད་ཀུན་རྫོབ་ཀྱི་གནས་སྐབས་ལ་ཤིན་ཏུ་ནས་འཐད་ཀྱང་། དོན་དམ་པར་ནི་སྐྱེ་བ་སྔ་ཕྱི་ཡོད་པ་དང་མེད་པ་གཉིས་ཀ་ཁས་མི་ལེན། འཇིག་རྟེན་ཐ་སྙད་མ་བརྟག་མ་དཔྱད་པའི་བློ་ངོར། དུས་དང་། ཕྱོགས་དང་། རྒྱུན་ཟེར་བ་དེ་ཚོའང་ཁས་ལེན་དགོས། རྒྱུ་མཚན་དེ་ལྟར་ན་ཐ་སྙད་དུ་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་ཡང་སྲིད་སྐྱེ་བ་ལེན་པ་དང་། ཡང་ན་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བསམ་བཞིན་དུ་སྲིད་པ་བཟུང་བའི་ཡང་སྲིད་སོགས་ཀྱང་འདོད་ཆོག་གི་ཡོད། སྤྲུལ་པའི་སྐུ་ཟེར་བ་དེ་ནི་གཙོ་བོ་གདུལ་བྱའི་ངོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་པ་དང་། ཐུགས་བརྩེ་བ་ཆེན་པོ་སོགས་ཀྱིས་བསྟན་པའི་ཆོ་འཕྲུལ་ཞིག་ཡིན། དཔེར་ན་ཆུ་དྭངས་མའི་ནང་དུ་ནམ་མཁའ་དྭངས་པའི་ཟླ་བའི་གཟུགས་བརྙན་འཆར་བ་བཞིན། གདུལ་བྱའི་སེམས་རྒྱུད་དད་པ་དང་ངེས་འབྱུང་སོགས་ཀྱི་ཆུ་གཙང་མ་ལྟ་བུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་གཟུགས་བརྙན་སྤྲུལ་པ་འཇུག་ཏུའང་རུང་ཞིང་། འཇུག་པ་ལ་སྤྲུལ་སྐུ་ཞེས་བརྗོད། གདུལ་བྱ་ལ་ཡང་ཁམས་དང་མོས་པ་དབང་པོ་རྣོ་རྟུལ་མི་འདྲ་བ་སྣ་ཚོགས་ཡོད་པའི་དབང་གིས་སྤྲུལ་པ་ལ་ཡང་འདྲ་མིན་ཐ་དད་སྣ་ཚོགས་སུ་སྣང་གི་ཡོད་པ་སྟེ། དཔེར་ན་འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་སྟོན་པའི་མཆོག་གི་སྤྲུལ་སྐུ་ལྟ་བུ་དང། དེ་བཞིན་དུ་ཐུགས་རྗེའི་འཇུག་པ་སྣ་ཚོགས་སྤྲུལ་སྐུ་དང་། སེམས་ཅན་ལ་དངོས་སུ་ཕན་པའི་ལུས་སུ་སྤྲུལ་པའི་སྐྱེ་བ་སྤྲུལ་སྐུ་དང་། དེ་བཞིན་དུ་དུས་ངན་མུ་གེ་ལྟ་བུ་བྱུང་བའི་ཚེ་ཉ་བོ་ཆེ་ལྟ་བུའི་སྤྲུལ་པ་དང། ཡང་བཟོ་ཡི་སྤྲུལ་སྐུ་ཞེས་སེམས་མེད་བེམ་པོའི་རྣམ་པ་དཔེར་ན་རི་ལ་སྤྲུལ་པ། སྐབས་འགར་པདྨ་དང་། སྐྱེད་མོས་ཚལ་དང་། ཟམ་པ་ལ་སོགས་པ་མདོར་ན་སེམས་ཅན་ལ་ཕན་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་སུ་སྤྲུལ་གྱི་ཡོད། བོད་བརྒྱུད་ནང་བསྟན་དུ་ཡོད་པའི་སྤྲུལ་སྐུའི་ཐ་སྙད་དེ་ཡང་གཞི་རྩ་གཞག་ས་དེ་ལྟ་བུ་ཞིག་ཡིན་པ་སྨོས་མི་དགོས་ཀྱང་། བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་བྱུང་དང་འབྱུང་བཞིན་པའི་ཡང་སྲིད་དང་སྤྲུལ་སྐུའི་ཐ་སྙད་འདོགས་སྟངས་དེ་ཅུང་ཟད་དེ་དག་དང་མི་འདྲ་བ་ཞིག་ཆགས་ཡོད། དཔེར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྤྲེའུ་དང་བྱ་ལ་སོགས་པའི་གཟུགས་སུ་ཡང་ཡོད་པ་གོང་དུ་ཞུས་པ་ལྟར་བསྙོན་དུ་མེད་ཀྱང་། དེ་རྣམས་སྤྲུལ་སྐུར་ངོས་འཛིན་བྱེད་ཅིང་ཁྲི་ཁར་བཀོད་ནས་ཁྲི་འདོན་མངའ་གསོལ་གྱིས་གོང་མའི་གདན་ས་དང་། སྐུ་རྒྱུ་ཕྱག་རྫས་སོགས་རྩིས་སྤྲོད་བྱེད་ཚུལ་དེ་འདྲ་ཡོད་མ་རེད། ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་དུ་ཡོད་པའི་བླ་སྤྲུལ་མང་ཤོས་ཤིག་ནི་སྐུ་གོང་མ་རང་གི་གདན་ས་དང་། བླ་བྲང་ཁག་གི་བདག་པོར་བསྐོས་ནས་དེ་རྣམས་སྐྱོང་བཅུག་པ་དང་། སྐབས་འགར་ཆོས་སྲིད་གཉིས་ཆར་གྱི་དབུ་ཁྲིད་ཀྱི་མཚན་གནས་མཐོན་པོ་སོགས་ཕུལ་བའི་ལུགས་སྲོལ་ཞིག་དར་བ་རེད།

དེས་ན་ཆོས་ཕྱོགས་ཀྱིེེ་འགྲོ་སྟངས་རྐྱང་པ་མིན་པར་འཇིག་རྟེན་པའི་འགྲོ་ལུགས་ཀྱི་རིམ་པ་ཞིག་ཀྱང་ཡང་སྲིད་ཀྱི་ལམ་སྲོལ་ནང་ལ་སླེབས་བསྡད་ཡོད། དེས་རྐྱེན་པས་བོད་བརྒྱུད་ནང་བསྟན་དུ་ཡོད་པའི་བླ་སྤྲུལ་ཡང་སྲིད་རྣམས་ལ་མཚོན་ན། ཆོས་དང་འཇིག་རྟེན་གཉིས་ཀ་ལ་ཕན་པའི་རྣམ་ཐར་སྐྱོང་མཁན་དང་། ཐེ་ཚོམ་དང་ཡིད་མུག་སྐྱེ་བའི་ལོ་རྒྱུས་ཡོད་མཁན་དེ་འདྲ་གཉིས་ཆར་ཡོང་དང་ཡོང་བཞིན་པ་རེད་ལ། ད་དུང་མ་འོངས་པར་མུ་མཐུད་ནས་ཡོང་ལས་ཆེ། བོད་རིགས་མེད་པ་དང་། ནང་པ་མེད་པའི་ས་གནས་གཞན་ཕྱི་རྒྱལ་ལུང་པ་དེ་ཚོའི་ནང་ལ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་མང་པོ་ཡོད་པ་མ་ཟད། ནང་ཆོས་དང་འབྲེལ་བ་ཡོད་པའི་ས་གནས་དཔེར་ན་རྒྱ་དཀར་ནག་གི་རྒྱལ་ཁབ་ལྟ་བུ། སྔོན་མ་ནང་ཆོས་ཤུགས་ཆེན་པོ་དར་ཞིང་སྐྱེ་བ་སྔ་ཕྱི་ཁས་ལེན་སའི་ཡུལ་གྲུ་འདི་ཚོའི་ནང་དུའང་དེང་སང་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཐེ་ཚོམ་ཟ་མཁན་དང་། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་མང་དུ་འགྲོ་བཞིན་ཡོད། དེ་ལྟར་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་དུས་རབས་ཤིག་དང་སྤྱི་ཚོགས་ཀྱི་ནང་དུ། བྱིས་པ་ཆུང་ངུ་རང་གི་སྣབས་རྟུག་ཙམ་ཡང་རང་གིས་ཕྱི་མི་ཤེས་མཁན་ཞིག་བླ་མ་དེ་དང་དེའི་ཡང་སྲིད་ཡིན་ཟེར་ནས་སྐུ་སྐྱེ་སྔ་མའི་མཚན་རིང་པོ་ཞིག་བཏགས་ནས་བཞུགས་ཁྲིར་བཀོད་ཅིང་། གོང་མའི་སྐུ་རྒྱུ་དང་། ཕྱག་རྫས། དབང་ཆ། ཐོབ་དང་། གོ་ས་ཐམས་ཅད་བྱིས་པ་ཞིག་གི་ལག་ལ་སྤྲོད་དུས་མི་རིགས་འདི་ཚོར་ཐེ་ཚོམ་མེད་པའི་ཡིད་ཆེས་ཡོད་པ་ཕར་ཚད་ཞོག མ་མཐའ་རྣ་ལམ་དུ་འགྲོ་རྒྱུའང་དཀའ་ལས་ཁག་པོ་རེད།

དཔེར་ན་བལ་ཡུལ་དུ་བུ་མོ་ཤིན་ཏུ་ལོ་ཆུང་ཞིག་ཀུ་མཱ་རི་ཡིན་པར་ངོས་འཛིན་བྱེད་ཅིང་ཀུན་གྱིས་མཆོད་ཅིང་བསྟོད་ནས་དབང་དང་བྱིན་རླབས་སོགས་ཞུ་བའི་ལམ་སྲོལ་ཞིག་ཡོད་རེད། ལམ་སྲོལ་འདི་ལ་ཕྱི་རྒྱལ་གྱི་མི་རིགས་དང་། རང་ཅག་བོད་ཀྱི་མི་རིགས་ཡིན་ནའང་ཀླད་པ་གསར་པ་ཡིན་ཟེར་མཁན་དང་། ཚན་རིག་པའི་ལྟ་བ་མཁྲེགས་པོ་ཁྱེར་མཁན་ཚོས་ཁྱད་མཚར་དུ་མཐོང་ནས་ཁྲེལ་དགོད་བྱེད་ཀྱི་ཡོད་རེད། དེ་བཞིན་མི་སྣ་དེ་ཚོའི་ངོར་རང་རེའི་སྤྲུལ་སྐུའི་ལམ་ལུགས་འདིའང་རྨོངས་དད་དང་རྗེས་ལུས་ཀྱི་རང་བཞིན་ཅན་དུ་འདུག་པར་བསམ་པའམ། ཡང་ན་བོད་ཀྱི་གདོད་མའི་མི་རིགས་ཀྱི་འཚོ་བའི་ལམ་སྲོལ་ཙམ་ཞིག་ད་དུང་ལུས་པ་ཡིན་པའི་ཆ་འཇོག་བྱེད་ཀྱི་ཡོད།

གཞན་ཡང་དེང་དུས་བོད་ཀྱི་ཡང་སྲིད་ལམ་ལུགས་ཀྱི་ཐད་ནས་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། དཔེར་ན་གནའ་སྔ་མོའི་སྐབས་འདྲ་ཡིན་ན། ཡང་སྲིད་ཀྱི་གྲངས་འབོར་དེ་ཡང་ཧ་ཅང་ཉུང་ཉུང་རེད། དེའི་རྒྱུ་མཚན་ཡང་སྲིད་ངོས་འཛིན་བྱེད་པ་དེ། ལོ་རྒྱུས་ཀྱི་ཐོག་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་རྩི་མཐོང་ཆེན་པོ་ཡོད་མཁན་གྱི་སྐྱེས་ཆེན་ཉུང་ཤས་ཤིག་ཁོ་ན་ཡང་སྲིད་དུ་ངོས་འཛིན་བྱེད་རྒྱུ་དང་། ཁྲི་འདོན་མངའ་གསོལ་བྱེད་ཀྱི་ཡོད་པས་རེད། དེང་སང་སྔོན་མ་ལ་ལྟོས་ན་ཡང་སྲིད་སྤྲུལ་སྐུའི་གྲངས་འབོར་དེ་ཧ་ཅང་གི་མང་དུ་ཕྱིན་ཡོད། དགོན་ཆུང་ཞིག་གི་བླ་མའམ། མཁན་པོ། ཕྱག་མཛོད་དང་། གཉེར་པ། ཐ་ན་བླ་རྒན་དཀྱུས་མ་ཞིག་ཡན་ཆོད་དགོངས་པ་རྫོགས་ཤོར་བའི་ཚེ། དེ་ཚོ་ཐམས་ཅད་ལ་ཡང་སྲིད་རེ་ངོས་འཛིན་བྱེད་རྒྱུ་ཡོད་པའི་དབང་དུ་བཏང་ནས་མྱུར་བྱོན་གསོལ་འདེབས་རེ་བརྩམས་ཤིང་། མཐར་ཡང་སྲིད་བཙལ་ནས་ངོས་འཛིན་དང་ཁྲི་འདོན་མངའ་གསོལ་བྱེད་ཀྱི་ཡོད་རེད། དེ་བཞིན་སྔོན་གྱི་དུས་སུ་སྐྱེས་ཆེན་དམ་པ་སུ་ཡིན་ནའང་ཡང་སྲིད་འཁྲུངས་པའི་སྐབས་སུ་གནས་ངེས་མེད་དང་། ཁྱིམ་ཚང་ངེས་མེད་ཀྱི་ནང་ལ་འཁྲུངས་ཀྱི་ཡོད། དཔེར་ན་ད་ལྟ་ཞལ་བཞུགས་པའི་ཀན་ཏིང་ཏཱ་ཡི་སི་ཏུ་ཁོང་ལྟ་བུར་མཚོན་ན་ཁྱིམ་ཚང་དཀྱུས་མ་ཞིག་གི་ནང་དུ་འཁྲུངས་པ་རེད། དེ་བཞིན་ཧ་ཅང་གི་མཚན་གནས་མཐོན་པོ་ཡོད་པའི་བླ་ཆེན་རྣམས་ཀྱི་ཡང་སྲིད་ཀྱང་དུད་ཚང་དཀྱུས་མ་ཞིང་པ་དང་། སློང་མོ་བ་སོགས་ཀྱི་ཁྱིམ་ཚང་ནང་ལ་འཁྲུངས་པའི་ལོ་རྒྱུས་མང་པོ་རེད། དེང་སང་ཡང་སྲིད་སྤྲུལ་སྐུ་ཕལ་ཆེ་བ་དེ་རང་གི་སྐུ་གོང་མའི་ཉེ་འཁོར་དུ་འཁྲུངས་པའམ། ཡང་ན་རྒྱུ་སྟོབས་ཆེན་པོ་ཡོད་མཁན་ནམ། སྙན་གྲགས་ཅན་གྱི་ཁྱིམ་ཚང་གི་ནང་དུ་འཁྲུངས་ཀྱི་ཡོད་རེད། སྐབས་འགར་ཕྲུ་གུ་རང་གི་ཕ་མ་དང་ཉེ་འབྲེལ་རྣམས་ཀྱིས་ཀྱང་སྤྲུལ་སྐུའི་མཚན་གསོལ་དང་། བླ་མ་ཆེ་གེ་མོ་ཞིག་གི་ཡང་སྲིད་དུ་ངོས་འཛིན་ཐོབ་ཐབས་དངོས་དང་བརྒྱུད་ནས་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས་ཐེ་ཚོམ་སྐྱེ་གཞིར་འགྱུར་གྱི་ཡོད། དེ་བཞིན་སྔོན་དུས་བླ་མ་རེ་ལ་ཡང་སྲིད་རེ་མ་གཏོགས་ཕལ་ཆེར་མེད་ཅིང་། གལ་སྲིད་བླ་མ་སྐུ་གོང་མ་གཅིག་ལ་ཡང་སྲིད་ཁ་ཤས་ཡོད་དུ་ཆུག་ཀྱང་ཡང་སྲིད་རྣམས་ནང་ཕན་ཚུན་ཐུགས་སྣང་མཐུན་ཞིང་སྐབས་མཚམས་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཏུ་གྱུར་པ་དེ་འདྲ་ཡོད། དེང་སང་ནི་ཆེ་ཆུང་ལ་མ་ལྟོས་པའི་བླ་མ་རེ་ལ་ཡང་སྲིད་ཁ་ཤས་རེ་དང་། ཡང་སྲིད་རྣམས་དང་། ཡང་སྲིད་སོ་སོའི་ཉེ་འཁོར་དུ་གཏོགས་པ་རྣམས་ཕན་ཚུན་མི་མཐུན་ནས་དགྲ་གཤེད་ལྟ་བུར་གྱུར་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས། བོད་ཀྱི་ཡང་སྲིད་ལམ་ལུགས་ཀྱི་སྐོར་ལ་སྔར་ལས་ཀྱང་དོགས་གཞི་ཆེ་རུ་སོང་ཞིང་། ཡང་སྲིད་ཀྱི་རིན་ཐང་དེ་ཧ་ཅང་ཆུང་དུ་ཕྱིན་པ་རེད། གཞན་ཡང་བོད་ཀྱི་བླ་སྤྲུལ་རྒྱུན་སྐྱོང་གི་དམིགས་ཡུལ་དེ་བར་སྐབས་ཤིག་ནས་དཔལ་འབྱོར་བསྡུ་རུབ་བྱེད་ཐབས་ཞིག་ཏུ་གྱུར་ཡོད། བླ་སྤྲུལ་གྱི་གནས་སྟངས་དེ་འདི་ལྟར་མུ་མཐུད་པ་ཡིན་ན། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་མཇུག་ནས་བླ་སྤྲུལ་ཀྱི་མཚན་ལ་ཆ་འཇོག་དང་བརྩི་བཀུར་སོགས་གང་ཡང་མེད་པར་འགྱུར་ཉེན་ཆེ།

 

 

གཉིས་པ། མ་འོངས་པར་སྤྲུལ་སྐུ་དགོས་མཁོ་ཡོད་མེད་ཀྱི་སྐོར།

དེང་སང་སྤྲུལ་སྐུའི་ལམ་ལུགས་འདི་མེད་ནའང་ཆོག་འདུག་བསམ་མཁན་དེ་འདྲ་མང་པོ་ཡོད་རེད། སྤྱིར་བཏང་ཞུས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐུ་རྣམས་ཅིའི་ཕྱིར་མི་དགོས། ནང་པ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་ཕྱིན་ཆད་གདུལ་བྱ་རང་རང་གི་དད་མོས་ཡིད་ཆེས་དང་བསྟུན་ནས་གང་ཟག་སོ་སོའི་ངོར་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པ་རེ་ཡོང་བའི་སྨོན་ལམ་རྒྱག་དགོས། གདུལ་བྱ་སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་རྣམས་འགོག་ཏུ་ཡང་མི་རུང་ལ་དགག་ཀྱང་མི་ཐུབ། དེ་ལྟར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་དགོས་དང་མི་དགོས་ཐག་གཅོད་བྱེད་ཐུབ་པའི་སྒྲིག་འཛུགས་ཀྱི་ཁྲིམས་ཁང་གསར་པ་ཞིག་ད་ལྟའི་བར་བོད་ཀྱི་སྤྱི་ཚོགས་ནང་དུ་ཡོད་མ་རེད་ལ། གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་སྔར་ལས་ཕུང་ཀྲོལ་མང་དུ་འགྲོ་རྒྱུ་རེད། བོད་བརྒྱུད་ནང་པའི་སྤྱི་ཚོགས་ནང་དུ་ཡང་དག་དང་ཡང་དག་མིན་པའི་སྤྲུལ་སྐུའི་གནས་སྟངས་འདི་ད་དུང་མུ་མཐུད་ནས་སྡོད་ཀྱི་རེད། སྤྲུལ་སྐུའི་ལམ་ལུགས་འདི་བོད་བརྒྱུད་ནང་བསྟན་ཡོད་པའི་ཡུལ་ལུང་འབྲུག་དང་བལ་ཡུལ་ལྟ་བུ་ཙམ་ཞིག་མ་ཡིན་པར་ལམ་ལུགས་འདི་ནི་ནང་ཆོས་སྔོན་ཆད་གཏན་ནས་མེད་པའི་འཛམ་གླིང་གི་ས་གནས་གང་སར་དར་བའི་འགོ་ཚུགས་ཡོད། རྒྱུ་མཚན་དེས་ན་ད་ལྟའི་ཆར་གནད་འགག་ཆེ་ཤོས་དེ་ནི། སྤྲུལ་སྐུའི་སྒྲིག་འཛུགས་དང་གསོ་སྐྱོང་ཇི་ལྟར་བྱ་དགོས་མིན་སོགས་ཀྱི་ཐད་ལ་ངེས་པར་དུ་ཐུགས་བསམ་ཞིབ་ཏུ་གནང་དགོས། རིམ་པར་ཕེབས་པའི་སྤྲུལ་སྐུ་རྣམས་ཀྱིས་བསྟན་འགྲོའི་ཕྱག་ལས་རླབས་ཆེན་གནང་ཐུབ་དང་མི་ཐུབ་ནི། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་མཛད་རྒྱུ་སོགས་ཀྱི་ཤེས་ཡོན་སྤུས་ཚད་ལེགས་ཉེས་ལ་རག་ལས་པ་ཡིན་པས། སྤྲུལ་སྐུ་གསོ་སྐྱོང་དང་། ལམ་སྟོན་སོགས་ཚད་ལྡན་བྱེད་ཐུབ་ན་སྤྲུལ་སྐུ་ཟེར་བ་འདི་ཚོ་ལ་ད་དུང་ཡང་མུ་མཐུད་ནས་གཞན་དང་མི་འདྲ་བའི་ཕན་ནུས་ཤིག་ངེས་པར་ཡོང་གི་རེད། སྤྱིར་བཏང་སྤྲུལ་སྐུ་ཁ་ཤས་ཀྱིས་བསྟན་འགྲོའི་དོན་མཛད་པ་ལས་ལྡོག་ཅིང་བསྟན་པ་བཤིག་པའི་བྱ་ངན་བྱེད་པའི་གནས་ཚུལ་འདི་གསར་པ་གང་ཡང་མིན། འདས་ཟིན་པའི་ལོ་རྒྱུས་ནང་དུའང་གནས་ཚུལ་འདི་རིགས་མི་ཉུང་བ་ཞིག་བྱུང་ཡོད། འོན་ཀྱང་ད་ལྟའི་བར་དུ་བསྟན་འགྲོའི་བྱ་བ་ཁ་ཡོད་ལག་ཡོད་མཛད་གནང་མཁན་གྱི་བླ་སྤྲུལ་ཚད་ལྡན་སྤུས་ལེགས་མི་ཉུང་བ་ཞིག་ཕེབས་ནས་བྱས་རྗེས་ཀྱང་མང་པོ་བཞག་ཡོད།

སྤྱིར་འཛམ་བུ་གླིང་དུ་སྔར་མེད་པའི་ལམ་སྲོལ་དང་། འཚོ་བ་སྐྱེལ་སྟངས། ཆབ་སྲིད། དཔལ་འབྱོར། ཚན་རིག་དང་། འཕྲུལ་ཆས་སོགས་གསར་པ་མང་པོ་ཐོན་ནས། འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར། སྤྲུལ་སྐུའི་ལམ་སྲོལ་ཡང་བཟང་ངན་གཉིས་ཀའི་སྟེང་ནས་འགྱུར་ལྡོག་གཏན་ནས་མེད་པ། སྔ་མ་ནང་བཞིན་ཕྱིས་དེ་བཞིན་འོང་ཐུབ་ཟེར་བ་དེ་མི་སྲིད་པ་རེད། སྤྲུལ་སྐུའི་ལམ་སྲོལ་འདི་མང་གཙོའི་རིང་ལུགས་དང་མི་མཐུན་པ་རེད་ཟེར་ནས་ཐད་ཀར་བཤད་ནའང་བཤད་ཐུབ་ཁག་པོ་རེད། གང་ཡིན་ཟེར་ན་བླ་སྤྲུལ་དང་ཡང་སྲིད་ཀྱི་གནད་དོན་མང་པོ་ཞིག་ནི་སྤྱི་ཚོགས་ཀྱིས་དང་ལེན་དང་། མོས་མཐུན་ཡོད་པ་ལ་བརྟེན་ནས་བླ་མ་དང་སྤྲུལ་སྐུར་ཆགས་སོང་བ་དེ་འདྲ་མང་པོ་རེད། ཡིན་ནའང་མང་ཚོགས་མང་པོ་ཞིག་གིས་མོས་མཐུན་བྱས་ནས་བཟོས་བཞག་པའི་སྤྲུལ་སྐུ་ཡིན་ན་སྤྲུལ་སྐུ་ཡང་དག་པ་ཡིན་པས་ཁྱབ་པ་ནི་ཡོད་མ་རེད། དེ་མ་ཟད་སྤྲུལ་སྐུའི་ལམ་ལུགས་ཁ་ཤས་ཀྱིས་སྤྱི་ཚོགས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱིས་གསལ་ཞིང་། ཕན་ཐོགས་ཆེན་པོ་བྱུང་བ་ལ་བརྟེན་ནས་སྤྲུལ་སྐུ་རྣམས་ལ་སྤྱི་ཚོགས་ཀྱིས་བརྩི་མཐོང་ཆེན་པོ་བཞག་པ་རེད། སྤྱི་ཚོགས་ཀྱིས་བརྩི་འཇོག་ཆེན་པོ་བྱས་པའི་དབང་གིས་སྤྲུལ་སྐུ་མང་པོ་ཞིག་ནི་རིམ་གྱིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྐྱང་པ་མ་ཡིན་པར། ཆབ་སྲིད་དང་དཔལ་འབྱོར་སོགས་འཇིག་རྟེན་གྱི་གནད་དོན་ཆེ་ཆུང་མང་པོ་ཞིག་གི་དབུ་ཁྲིད་མཁན་དུའང་གྱུར་པ་རེད། དེས་ན་སྐབས་འགར་བོད་ཀྱི་བླ་སྤྲུལ་མང་པོས་བླ་དཔོན་ཟུང་འབྲེལ་དུ་བྱས་པར་སྣང་ཞིང་། བླ་དཔོན་ཟུང་འབྲེལ་བྱས་པའི་དབང་གིས་ཕན་ཐོགས་དང་མགོ་རྙོག་གཉིས་ཀ་ཡང་མི་ཉུང་བ་ཞིག་བཟོས་ཡོད། ཆོས་དབང་བཙན་བྱས་ནས་བཤད་ན། སྤྱིར་བླ་མ་དང་ཁྱད་པར་རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་གནང་རྒྱུ་དེ་ཆོས་དང་མི་མཐུན་པ་ལྟ་བུར་སྣང་གི་རེད། འོན་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྨད་འཚོང་མའི་གཟུགས་སུ་ཡང་སྟོན་དུ་རུང་ན། བླ་དཔོན་ཟུང་འབྲེལ་གྱི་སྐུར་སྟོན་མི་རུང་བའི་རྒྱུ་མཚན་གང་ཡང་མེད། གནས་སྟངས་དང་རྒྱུ་མཚན་དེས་ན་སྤྲུལ་སྐུ་དགོས་མཁོ་ཡོད་མེད་ལ་མ་ལྟོས་པར་སྤྲུལ་སྐུའི་ལམ་ལུགས་འདི་ད་དུང་མུ་མཐུད་ནས་ལོ་གྲངས་བཅུ་ཕྲག་འགའ་ཤས་ཀྱི་རིང་དུ་སྡོད་སྲིད།

 

གསུམ་པ། སྤྲུལ་སྐུའི་དམིགས་ཡུལ་དང་ཀུན་སློང་གི་སྐོར།

ཡང་སྲིད་དང་སྤྲུལ་སྐུའི་སྒྲིག་འཛུགས་ཐོག་མར་འོང་དགོས་དོན་ནམ་དམིགས་ཡུལ་དེ་བསྟན་པ་དང་སེམས་ཅན་ལ་ཕན་པ་སྒྲུབ་པའི་ཆེད་ཉག་གཅིག་ཡིན་པ་རེད། དམིགས་ཡུལ་དེ་བླ་སྤྲུལ་སོ་སོའི་ངོས་ནས་དང་། བླ་བྲང་དང་། ཕྱག་མཛོད་དང་། གྲྭ་ཚང་སོགས་ཀྱིས་ངེས་པར་ཤེས་དགོས་པ་བྱ་རྒྱུ་དང་། ཤེས་པ་རྣམས་ཡང་ཡང་དྲན་གསོ་བྱེད་དགོས་ཀྱི་འདུག།

སྤྱིར་ཡང་སྲིད་དམ་སྤྲུལ་སྐུའི་ལམ་ལུགས་འདི་དམ་པ་ལྷ་ཆོས་དང་འབྲེལ་བའི་ལམ་ལུགས་ཤིག་རེད་མ་གཏོགས། ཆབ་སྲིད་དང་དཔལ་འབྱོར་དང་འབྲེལ་བའི་འཇིག་རྟེན་མི་ཆོས་ཀྱི་ལམ་ལུགས་ཤིག་ལར་ནས་མིན། དེར་མ་ཟད་དམིགས་ཡུལ་རྒྱ་ཆེན་པོ་དེ་འདྲ་མ་ཡིན་པར་བླ་སྤྲུལ་ངོས་འཛིན་བྱེད་པའི་དམིགས་ཡུལ་དེ་བསྟན་པ་དགོན་པའི་དཔལ་འབྱོར་བསྡུ་རུབ་བྱེད་ཐབས་དང་། གྲྭ་ཚང་གི་ཁ་གསོ་བྱེད་ཙམ་ཞིག་བཟུང་པ་ཡིན་ན་དམིགས་ཡུལ་དེ་རྒྱ་ཆུང་བ་ཙམ་དུ་མ་ཟད་རྦད་དེ་ནོར་བ་རེད། དེ་བཞིན་དུ་གལ་སྲིད་ཆོས་དང་འཇིག་རྟེན་ཟུང་འབྲེལ་དུ་ཤོར་ན་ལྟར་སྣང་ལ་ཆོས་ལྟར་སྣང་ནའང་དོན་དངོས་ལ་འཇིག་རྟེན་གྱི་བྱ་གཞག་ཏུ་འགྱུར་བ་མ་ཟད་ཆོས་དང་འཇིག་རྟེན་གང་ལའང་ཕན་ཐོགས་མེད་པའི་ཁར་ཏན་ཏན་ཆོས་ལ་གནོད་སྐྱོན་ཆེན་པོ་གཏོང་གི་རེད། འོན་ཀྱང་གོང་ཞུས་ལྟར་བོད་ཀྱི་སྤྱི་ཚོགས་ནང་ལ་དུས་ཡུན་རིང་པོ་ཞིག་ནས་ཆོས་དང་འཇིག་རྟེན་གཉིས་མཉམ་དུ་འདྲེས་ཆེ་དྲགས་ནས་ད་ལྟ་དེ་གཉིས་ཀྱི་ཁྱད་པར་ཡང་དབྱེ་འབྱེད་དཀའ་བའི་གནས་སུ་གྱུར་ཡོད།

རྒྱུ་མཚན་དེས་ན་སྤྲུལ་སྐུའམ། ཡང་སྲིད་ངོས་འཛིན་བྱ་རྒྱུ་དང་། བདག་པོ་རྒྱག་ཅིང་ཁྲི་འདོན་བྱེད་པའི་དགོས་པ་རྒྱུ་མཚན་དང་། དམིགས་ཡུལ་གང་གི་ཆེད་དུ་ཡིན་པ་སོགས་ལ་དང་པོ་ནས་བསམ་བློ་གཏང་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཡིན། དེང་སང་དཔལ་འབྱོར་དང་། ཚོང་ལས། ཤེས་ཡོན་དང་། འཕྲོད་བསྟེན་སོགས་ཀྱི་ཁེ་ལས་སམ་སྒྲིག་འཛུགས། དཔེར་ན་སློབ་གྲྭ་དང་། བཟོ་གྲྭ། ལས་ཁུངས་རྣམས་ཀྱིས་ཡང་ནས་ཡང་དུ་དང་། ལོ་འཁོར་དང་། ཟླ་འཁོར་མཚམས་སུ་ཚོགས་འདུ་འཚོགས་ཤིང་། སྒྲིག་འཛུགས་སོ་སོའི་རྩ་བའི་དམིགས་ཡུལ་དེ་དང་མཐུན་དང་མི་མཐུན། གོལ་དང་མི་གོལ་སོགས་ཞིབ་བཤེར་བྱེད་ཆེད་དང་དྲན་གསོ་བྱེད་པའི་ལམ་ལུགས་ཤིག་ཡོད། དེ་བཞིན་རང་ཅག་རྣམས་ཀྱིས་ཀྱང་བླ་མ་དང་ཡང་སྲིད་ཀྱི་སྒྲིག་འཛུགས་ཀྱི་ཐད་དམིགས་ཡུལ་གཞི་རྐང་ཚུགས་པའི་ཆེད་དང་། གོལ་ནོར་སོགས་མི་ཤོར་བའི་ཆེད་དུ་འབྲེལ་ཡོད་ཀྱི་མི་སྣ་རྣམས་ཀྱིས་ཨུ་ཚུགས་དང་ནན་ཏན་བྱེད་ཅིང་ཚོགས་འདུ་སོགས་བསྐངས་ཏེ་དྲན་གསོ་གནང་དགོས་ཀྱི་འདུག གང་ཡིན་ཟེར་ན་སྐབས་རེ་ཡན་ལག་གི་དམིགས་ཡུལ་དང་ལས་དོན་མང་རབ་ཅིག་གི་ཁྲོད་དུ་རྩ་བའི་དམིགས་ཡུལ་དེ་བོར་བརླག་ཤོར་བ་དང་། བརྗེད་ངས་སུ་ཤོར་བ་འདྲ་དང་། ཡང་ན་ཡན་ལག་གི་དམིགས་ཡུལ་དང་རྩ་བའི་དམིགས་ཡུལ་གཉིས་ཕན་ཚུན་འཁྲུགས་སོང་བ་སོགས་ཡོང་གི་འདུག དེས་ན་བླ་སྤྲུལ་ཆེ་ཆུང་ལ་མ་ལྟོས་པར་ཡང་སྲིད་ངོས་འཛིན་དང་ཁྲི་འདོན་གྱི་དགོས་པ་དང་རྩ་བའི་དམིགས་ཡུལ་དེ་མི་འདོར་བའི་ཆེད་ཉུང་མཐའ་ནས་ལོ་རེ་ཚོགས་འདུ་ཐེངས་རེ་འཚོགས་ཤིང་དྲན་བསྐུལ་གནང་ན་ཕན་ཐོགས་འབྱུང་སྲིད།

ཚོགས་འདུའང་བླ་བྲང་དང་། སྤྲུལ་སྐུའི་ནང་མི་དང་། གྲྭ་ཚང་སོགས་མདོར་ན་འབྲེལ་ཡོད་མི་སྣ་ཚང་མ་མཉམ་འཚོགས་གནང་རྒྱུ་དེ་གལ་ཆེ་ཞིང་། དམིགས་ཡུལ་གོང་དུ་ཞུས་པ་གཞིར་བཞག་ཐོག་དགུང་ན་ཕྲ་བའི་སྤྲུལ་སྐུ་དེ་གསོ་སྐྱོང་ཇི་ལྟར་བྱ། བླ་མ་དང་སློབ་དཔོན་སུ་ལ་བསྟེན། བཤད་གྲྭ་དང་སྒྲུབ་གྲྭ་གང་དུ་འཇོག།རབ་བྱུང་དང་ཁྱིམ་པའི་རྟེན་ཅན་གང་བྱ། དགེ་ཚུལ་སློང་གི་སྡོམ་པ་ཞུ་ན་ནམ་ཞུ། རྒྱུན་ལྡན་དུ་ཞབས་ཕྱི་སུ་འཇོག་སོགས་གནད་དོན་ཆེ་ཕྲ་ཐམས་ཅད་ལ་གྲོས་མོལ་བྱེད། འཆར་གཞི་འདིང་ན་ཕན་ཐོགས་སྲིད་ཀྱི་རེད། ད་ལྟའི་སྐབས་ལ་བླ་སྤྲུལ་ཡང་སྲིད་དགུང་ན་གཞོན་པ་མང་པོ་ཞིག་གི་གནད་དོན་རྣམས་གང་ཟག་རེ་རེའི་བསམ་ཚུལ་ལམ་སྟངས་འཛིན་འོག་ལ་ཡོད་པ་དང་། སྐབས་འགར་ཕ་མ་སོགས་ཀྱི་འགན་འཁུར་འོག་ཏུ་ལུས་ཏེ། རྩ་བའི་དམིགས་ཡུལ་རྒྱ་ཆེན་པོ་དེ་བོར་བརླག་ཤོར་ཞིང་ཉི་ཚེ་བའི་དམིགས་ཡུལ་རྒྱ་ཆུང་ངུ་ཞིག་ལ་མགོ་འཁོར་ནས་མཐའ་མར་སྤྱི་སྒེར་གཉིས་ཀར་ཕན་ཐོགས་མེད་པར་གྱུར་པའང་མང་པོ་ཡོད། སྤྲུལ་སྐུ་སྐྱེད་སྲིང་དང་གསོ་སྐྱོང་བྱེད་པའི་རྩ་བའི་དམིགས་ཡུལ་དེ་ཇི་ལྟ་བུ་ཞིག་དགོས་མིན་མཚོན་བྱེད་ཙམ་ཞུ་ན། བླ་སྤྲུལ་རྣམ་པ་ནི་བསྟན་པ་འཛིན་པའི་སྐྱེས་བུ་ཡིན་ཟེར་གྱི་ཡོད་པ་ལྟར། ཤཱཀྱ་ཐུབ་པའི་བསྟན་པ་སྤྱི་ཡོངས་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་མཁན་གྱི་མི་སྣ་ཞིག་བསྐྲུན་རྒྱུའི་དམིགས་ཡུལ་འཛིན་དགོས། དེ་ལྟ་བུའི་དམིགས་ཡུལ་དེ་ཧ་ཅང་ཆེ་དྲགས་པས་བློ་ཡུལ་དུ་མ་ཤོང་ན། བོད་བརྒྱུད་ནང་བསྟན་སྤྱི་ཡོངས་ལ་ཕན་ཐོགས་མཁན་གྱི་གང་ཟག་ཞིག་བཟོ་ཐུབ་པར་བྱ་བའི་དམིགས་ཡུལ་ཡོད་དགོས། གལ་སྲིད་དེའང་དམིགས་ཡུལ་ཆེ་དྲགས་ཤིང་རྒྱ་ཆུང་དུ་གཏོང་དགོས་ན་སྒེར་རང་རང་སོ་སོའི་དགོན་པ་དང་། ཆོས་བརྒྱུད་དེ་རྒྱུན་སྐྱོང་ཐུབ་མཁན་གྱི་མི་སྣ་ཞིག་བཟོ་བའི་དམིགས་ཡུལ་ཙམ་ཞིག་ནི་ངེས་པར་དུ་དགོས་པའམ་མེད་དུ་མི་རུང་བ་ཡིན། ཉེ་བའི་ཆར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་སེམས་ཁྲལ་མེད་ཅིང་། སེམས་ཅན་གྱི་འཕྲལ་དང་ཕུགས་གང་ལའང་ཕན་ཐོགས་བྱ་འདོད་ཀྱི་ཀུན་སློང་ཙམ་ཡང་མེད་པར། བླ་བྲང་ངམ། ཁྱིམ་ཚང་གི་དཔལ་འབྱོར་རྒྱ་བསྐྱེད་གཏང་རྒྱུ་སོགས་འཇིག་རྟེན་གྱི་བསམ་བློ་འབའ་ཞིག་སྔོན་དུ་བཏང་ནས། བླ་སྤྲུལ་གྱི་མཚན་འདོགས་བྱས་པར་བརྟེན་ནས་འདས་པའི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ། བོད་བརྒྱུད་ནང་བསྟན་དར་སའི་སྤྱི་ཚོགས་ནང་དུ་བླ་སྤྲུལ་མང་ཉུང་གི་གྲངས་འབོར་དེ་སྔོན་མའི་སྐབས་དང་བསྡུར་ན་བརྒྱ་ཆ་ལྔ་བཅུ་ལྷག་ཙམ་འཕར་ཞིང་མང་དུ་ཕྱིན་ཡོད། བསྟན་འཛིན་གྱི་སྐྱེས་བུའི་མཚན་ཞིག་ཁྱེར་ནས་འཇིག་རྟེན་ཚེ་འདིའི་བསམ་བློ་དང་བྱ་གཞག་ཁོ་ན་མ་གཏོགས་བསྟན་པ་ལ་ཕན་ཐོགས་གང་ཡང་མེད་ན། འཇིག་རྟེན་ཐ་མལ་པའི་ནང་ནས་ཀྱང་ཐ་ཤལ་བ་ཇག་པ་དང་རྐུན་མ་ལས་ཀྱང་ཆེས་ཐབས་སྡུག་ཅིང་ཡ་ང་བའི་གནས་སུ་གྱུར་པ་ཡིན། འཇིག་རྟེན་ཐ་ཤལ་བ་ཇག་རྐུན་རྣམས་ཀྱིས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ཁྱེར་ནས་ཚེ་འདིའི་འཚོ་བ་ལྟོ་གོས་སོགས་སྒྲུབ་ཀྱི་མེད། རྒྱུ་མཚན་དེས་ན་བླ་སྤྲུལ་རྣམས་ངོས་འཛིན་དང་ཁྲི་འདོན་སོགས་ཀྱི་རྩ་བའི་དམིགས་ཡུལ་ལམ་ཀུན་སློང་དེ་དམ་པའི་ཆོས་དང་མཐུན་ནམ་མི་མཐུན། ཁྲི་འདོན་ཟིན་པའི་རྗེས་ཀྱི་བྱ་གཞག་རྣམས་རྩ་དོན་དམིགས་ཡུལ་དང་འགལ་ལམ་མི་འགལ་སོགས་དུས་ནས་དུས་སུ་བརྟག་དཔྱད་གནང་དགོས།

 

 

བཞི་པ། ཡང་སྲིད་ངོས་འཛིན་གནང་སྟངས་ཀྱི་སྐོར།

ཀུན་གྱིས་མཁྱེན་གསལ་ལྟར་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་ད་ལྟ་ཡོད་བཞིན་པའི་སྤྲུལ་སྐུའི་ལམ་ལུགས་འདི། ཀརྨ་པ་དུས་གསུམ་མཁྱེན་པ་དགོངས་པ་རྫོགས་པའི་རྗེས་སུ། སྐུ་ཕྲེང་གཉིས་པ་ཀརྨ་པཀྵི་འཁྲུངས་ཤིང་ཁ་སང་ཕར་གཟིམས་ཁུག་ཅིང་དེ་རིང་ཚུར་སད་པ་ལྟར་སྐུ་སྐྱེ་གོང་མ་དྲན་པ་དང་། དུས་གསུམ་མཁྱེན་པའི་སློབ་མ་དང་ཉེ་གནས་ཐམས་ཅད་ངོ་མཁྱེན་པར་མ་ཟད། ཕྱི་ནང་གི་སྐུ་ཡོན་ཐམས་ཅད་ཀྱང་མ་བསླབ་པར་སྔར་མུས་བཞིན་ཐུགས་དྲན་སོས་པས། དུས་གསུམ་མཁྱེན་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་བྱས་པ་དེ་ནས་ཐོག་མར་འགོ་བཙུགས་པ་རེད། དེ་ནས་རིམ་གྱིས་ཕེབས་པའི་སྐུ་ཕྲེང་མང་པོས་མངོན་ཤེས་ཀྱིས་རང་ཉིད་སླར་ཡང་གནས་དུས་གང་ན་འཁྲུངས་ཀྱི་ཡོད་མེད་གསལ་པོར་གཟིགས་ཏེ་ཞལ་ཆེམས་བཞག་ནས་ངོས་འཛིན་གནང་བ་དང་། དེ་ནས་བཟུང་དེ་བཞིན་བླ་མ་གོང་མ་རྣམས་ཞི་བར་གཤེགས་པའི་རྗེས་སུ་ཡང་སྲིད་མང་པོ་ཞིག་ཟག་མེད་ཀྱི་མངོན་ཤེས་ཀྱིས་ཡུལ་ལུང་དང་། རིགས་རུས། ཡབ་ཡུམ། ཁང་ཁྱིམ་གང་དུ་འཁྲུངས་པ་བཅས་མཁྱེན་ནས་འཁྲུལ་མེད་ཀྱི་ལུང་བསྟན་གསལ་པོ་གནང་ནས་ངོས་འཛིན་གནང་བ་དང་། འགའ་ཞིག་གིས་ལྷ་དང་བླ་མ། མཁའ་འགྲོ་དང་ཆོས་སྐྱོང་གིས་ཞལ་གཟིགས་དང་ལུང་བསྟན་གནང་བ་དེ་དག་ལ་ཡིད་ཆེས་དང་ལུང་ཁུངས་བསྐྱལ་ནས་སྤྲུལ་སྐུར་ངོས་འཛིན་གནང་བ་དང་། ཡང་འགའ་ཞིག་གིས་ནི་དམ་པའི་སྐྱེས་བུ་དེའི་ཡང་སྲིད་དེ་མ་ཐག་པ་མ་ཡིན་ཡང་། གནས་དུས་འགར་བསྟན་པ་དང་སེམས་ཅན་ལ་ཕན་པ་ཆེ་བ་སོགས་དགོས་པའི་དབང་གིས་བླ་མ་སྐུ་མ་འདས་པའི་སྔོན་ནས་བླ་མ་དེའི་མཚན་གསོལ་ཏེ་མ་འདས་སྤྲུལ་སྐུར་ངོས་འཛིན་དང་ཁྲི་འདོན་བྱེད་པ་སོགས་བོད་དུ་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་ལ་རིགས་མི་འདྲ་བ་མང་པོ་ཞིག་བྱུང་ཡོད།

སྤྱིར་བླ་སྤྲུལ་གྱི་མཚན་གནས་ཆེན་པོ་དང་ཐོབ་དང་གོ་གནས་མཐོན་པོ་སོགས་གང་ཡང་མེད་ཀྱང་བསྟན་པ་དང་འགྲོ་བ་ལ་ཕན་པའི་བྱ་བ་བྱེད་མཁན་ཞིག་ཡིན་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་སྲིད། འདི་འདྲའི་རིགས་ལ་མི་མང་གིས་གུས་བཀུར་དང་ཆེ་མཐོང་ཞུས་ནས་མཆོད་ཡུལ་དུ་གྱུར་པ་མང་པོ་བོད་ཀྱི་ལོ་རྒྱུས་ནང་དུ་བྱུང་ཡོད། ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་སྐོར་ནི་གོང་དུ་ཞུས་པ་ལྟར་ཡིན་ཡང་། དེང་སང་དཔལ་འབྱོར་སོགས་ཀྱི་ཆེད་དུ་ཕྲུ་གུའི་ཕ་མ་དང་ནང་མི་ཚོས་རང་དགར་སྒྲོ་བཏགས་ནས་སྤྲུལ་སྐུ་བཟོས་བཞག་པ་དང་། བྱིས་པ་ཆུང་ཆུང་གི་སྐབས་སུ་བྱིས་པ་རང་ཉིད་ཀྱིས་ང་བླ་མ་སྤྲུལ་སྐུ་ཆེ་གེ་མོ་དེ་དང་དེའི་ཡང་སྲིད་ཡིན་ཞེས་བརྗོད་བྱུང་ཟེར་བ་འདྲ་དང་། ཡང་རྫུ་འཕྲུལ་དང་གྲུབ་རྟགས་སུ་ཕྱག་རྗེས་དང་ཞབས་རྗེས་སོགས་བཞག་སོང་ཞེས་ངོ་མཚར་ཆེ་བའི་གཏམ་མང་ཐག་ཆོད་པ་ཞིག་བཤད་ནས་སྤྲུལ་སྐུའི་མིང་འདོགས་གནང་བ་དང་། མཚམས་མཚམས་སུ་སྤྲུལ་སྐུ་ཡིན་རྒྱུར་བྱས་པའི་བྱིས་པ་དེ་ལ་རྒྱབ་རྟེན་དུ། མི་མང་གིས་དད་གུས་དང་བརྩི་བཀུར་ཆེན་པོ་འཇོག་སའི་བླ་མ་སྐུ་ན་བགྲེས་པོ་མཚན་གནས་ཀྱང་མཐོན་པོ་ཡོད་མཁན་ཞིག་གི་མདུན་ནས་ངོས་ལེན་ཡོད་པའི་བཀའ་ཤོག་དང་། མཚན་གསོལ་ཞུས་ཤིང་། མ་མཐའ་ནས་སྐུ་པར་མཉམ་སྒྲོན་བྱས་པ་སོགས་རྒྱབ་སྐྱོར་དུ་ཁྱེར་ཏེ། ཁྲི་འདོན་མངའ་གསོལ་བྱེད་པའི་གནས་ཚུལ་གྱི་རིགས་ཀྱང་མང་པོ་འབྱུང་བཞིན་ཡོད།

ཡིན་ནའང་དེང་སང་གི་སྤྱི་ཚོགས་ནི་དད་པ་དང་དག་སྣང་། འདུན་པ་དང་ཡིད་ཆེས་སོགས་ཆུང་ཞིང་དོགས་པ་དང་རྣམ་རྟོག་ཆེ་བའི་སྐབས་ཡིན་པས། བླ་མ་དགེ་བའི་བཤེས་གཉེན་ཚད་ལྡན་གྱིས་མངོན་པར་ཤེས་པས་ཡང་སྲིད་འཁྲུལ་བྲལ་དུ་གཟིགས་པའམ། ཡང་ན་རྨི་ལམ་ཚུན་དུ་ལྷ་དང་བླ་མའི་ལུང་བསྟན་མ་འཕྱུགས་པ་སོགས་རྒྱུ་མཚན་ཡང་དག་པ་ཡོད་ཀྱང་། རྩོད་མེད་དུ་དང་ལེན་བྱེད་པ་དཀོན་པོ་རེད། རྒྱུ་མཚན་དེས་ན་འབྱུང་འགྱུར་ཡང་སྲིད་དམ་སྤྲུལ་སྐུ་ངོས་འཛིན་གནང་མཁན་གྱི་བླ་ཆེན་དབུ་ཁྲིད་རྣམ་པ་ཚོས་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་ཐུགས་ཞིབ་ནན་པོ་མ་གནང་པར་ཞུ་བ་པོའི་ངོ་ཙམ་ལ་གཟིགས་ནས་གྱ་ཚོམ་དུ་སྤྲུལ་སྐུ་ངོས་འཛིན་གྱི་རྟགས་ཡིག་དང་ཕྱག་ཐམ་སོགས་ནམ་ཡང་མི་གནང་རྒྱུ་དང་། ལྷག་པར་མང་ཚོགས་ཀྱིས་བརྩི་བཀུར་དང་ཡིད་ཆེས་ཆེན་པོ་ཡོད་པའི་བླ་མ་སྐུ་ན་བགྲེས་པ་ཚོས་དམིགས་བསལ་དུ་ཐུགས་གཟབ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་དུ་མཐོང་། རྒྱུ་མཚན་ནི་ནང་ཆོས་ཀྱི་ཤེས་ཡོན་ལྟ་ཞོག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མྱོང་ཡོད་མེད་ཀྱང་མ་ངེས་པའི་རྒྱ་བོད་ཀྱི་རིགས་དང་ཕྱི་གླིང་པ་ཚོ་ལ། དཔལ་འབྱོར་སོགས་འཇིག་རྟེན་གྱི་མདུན་ལམ་ཁོ་ནའི་ཆེད་དུ་བླ་ཆེན་གྱི་མཚན་གནས་དང་། དབུ་ཞྭ་སོགས་གང་བྱུང་བྱུང་དུ་བསྩལ་པའི་ཉེར་ལེན་ལ་བརྟེན་ནས་ཀྱང་དེང་སང་སྤྲུལ་སྐུའི་རིན་ཐང་ཇེ་ཆུང་དུ་འགྲོ་བཞིན་ཡོད།

བླ་མ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དང་ཁྲི་འདོན་མངའ་གསོལ་གཅིག་པུ་མ་ཚད། བསྟན་པ་འཛིན་མཁན་གྱི་སྐྱེས་བུར་གྱུར་པ་དཔེར་ན་མཁན་པོ་དང་། སློབ་དཔོན། དགེ་བའི་བཤེས་གཉེན་སོགས་ཀྱི་མཚན་གསོལ་དང་ཁྲི་འདོན་སོགས་བྱེད་པའང་ཆོས་ཕྱོགས་ཀྱི་དོ་གལ་ཤིན་ཏུ་ཆེ་བའི་གནད་དོན་ཞིག་ཡིན་པར་ཆ་འཇོག་གནང་གལ་ཆེ་ཡང་། དེ་དག་གི་མཚན་གནས་གང་བྱུང་བྱུང་ལ་གནང་བ་སོགས་ཀྱིས་རྐྱེན་པས། གནང་མཁན་གྱི་བླ་མ་མཁས་གྲུབ་གཉིས་ལྡན་རྣམས་ལའང་ངོས་ལྐོག་གཉིས་ནས་མཚན་ཤས་ཞུ་བའང་མང་པོ་ཡོང་དང་ཡོང་བཞིན་པ་རེད། གཞན་ཡང་བླ་སྤྲུལ་མཁན་པོ་སོགས་ཁ་ཤས་ཀྱིས། རང་གི་གསང་ཡུམ་ལའང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། མནྡ་ར་བ་སོགས་ཀྱི་མཚན་བཏགས་ཤིང་། དགེ་ཚུལ་སློང་རྣམས་ཀྱང་ཞབས་འབྲིང་བྱེད་དུ་བཅུག་པ་སོགས་ནི། ཐུན་མོང་མིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་མི་འཐད་པ་ཆེར་མེད་མོད། ཐུན་མོང་གདུལ་བྱའི་སྣང་ངོར་ཤིན་ཏུ་ནས་མི་མཛེས་པས་འཇིག་རྟེན་མ་དད་པའི་རྒྱུ་རུ་འགྱུར་ཞིང་། འདི་དང་འདི་འདྲའི་རིགས་ནི་བསྟན་འགྲོ་ལ་ཕན་པ་ལས་གནོད་སྐྱོན་ཕལ་ཆེར་ཆེ་བ་རེད། ཡང་སྐབས་འགའ་ལ་བྱིས་པ་དེའམ་། ཡང་ན་གང་ཟག་དེ་ཡང་སྲིད་སྤྲུལ་སྐུ་འཁྲུལ་མེད་དངོས་སུ་ཡིན་དུ་ཆུག་ནའང་། ཡང་སྲིད་ཡིན་པའི་ངོས་འཛིན་གནང་ན་ཕན་ཐོགས་དང་གནོད་སྐྱོན་གང་ཆེའི་ཐུགས་ཞིབ་གནང་དགོས་ཤིང་། གནས་ཚུལ་དང་བསྟུན་ཏེ་རེ་ཞིག་སྤྲུལ་སྐུའི་མཚན་གསོལ་དང་འབྲེལ་ཁྲི་འདོན་མངའ་གསོལ་མི་བྱེད་པའམ། ཡང་ན་སྟབས་བདེ་ཞིག་གནང་དགོས་སམ། དེ་མིན་རྒྱས་སྤྲོས་དྲིལ་བསྒྲགས་སོགས་ཆེན་པོ་གནང་དགོས་མིན་བཅས་ལ་ཐུགས་དཔྱད་ཞིབ་མོར་མཛད་དགོས། གང་ཡིན་ཟེར་ན་སྐབས་རེ་སྤྲུལ་སྐུ་དངོས་ཡིན་ཡང་བླ་སྤྲུལ་གྱི་མཚན་གནས་སྤྲད་ན་ཕན་པ་ལས་གནོད་ཚབས་ཆེ་བ་འབྱུང་ཉེན་ཡོད་པས་རེ་ཞིག་བཏང་སྙོམས་སུ་བཞག་ན་ལེགས་པ་ཡང་ཡོད། མདོར་ན་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱེད་ཐབས་བླ་ན་མེད་པ་ནི་གོང་དུ་ཞུས་པ་ལྟར་མངོན་ཤེས་ཀྱིས་གཟིགས་ཏེ་གནང་ཚུལ་འདི་ཡིན་ཞིང་། འདི་ལས་ལྷག་པའི་ཡང་སྲིད་མ་ནོར་བ་ངོས་འཛིན་བྱེད་ཐབས་གཞན་དཔེར་ན་མང་གཙོའི་ལུགས་སྲོལ་ལྟར་འོས་འདེམས་བྱེད་སྲོལ་སོགས་ནི་ད་བར་མེད་པ་རེད། གལ་ཏེ་ཆུང་སྲིད་བྱིས་པ་དེའམ་གཞན་གང་ཟག་སུ་ཡིན་ཀྱང་རུང་དམ་པའི་སྐྱེས་བུའི་ཡང་སྲིད་མིན་བཞིན་དུ་དགོས་པ་དང་རྒྱུ་མཚན་དུ་མའི་སྒོ་ནས་སྤྲུལ་སྐུའི་མཚན་འདོགས་གནང་རྒྱུ་ལ་ནི་ཐུགས་དཔྱད་ཧ་ཅང་གིས་ཞིབ་མོར་གནང་དགོས་པ་མ་ཟད་དམིགས་བསལ་དུ་དཔལ་འབྱོར་དང་། ངོ་བསྟོད་ཀྱི་སླད་དུ་དཔལ་འབྱོར་ཅན་དང་། དབང་ཐང་ཅན་གྱི་ཕྱི་ནང་གི་མི་རིགས་ལ་བླ་མ་དང་སྤྲུལ་སྐུ་སོགས་གྱི་མཚན་འདོགས་གནང་རྒྱུ་དང་། དབུ་ཞྭ་སོགས་གནང་རྒྱུ་ནི་རང་གི་རྐེ་གཅོད་བྱེད་ཀྱི་རལ་གྲི་རང་གིས་བརྡར་བ་དང་ཁྱད་པར་མེད་པ་ཡིན་པས་དེ་རིགས་གཏན་ནས་མི་མཛད་པར་གསོལ་བ་འདེབས་རྒྱུ་ཡིན།

 

ལྔ་པ། ཡུལ་དུས་དང་བསྟུན་པའི་ན་གཞོན་སྤྲུལ་སྐུ་གསོ་སྐྱོང་བྱ་སའི་ཁོར་ཡུག

སྤྲུལ་སྐུའི་ལམ་དང་ལུགས་སྲོལ་འདི་ད་ལྟའི་བར་དུ་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་གཙོ་བོ་བོད་རིགས་གང་ན་ཡོད་པའི་ས་ལ་དར་བ་ཞིག་ཡིན་པས་བོད་ཀྱི་ལམ་སྲོལ་འགྲོ་སྟངས་རྙིང་པ་དེས་ད་སྔོན་ཕན་ཆོད་འཐུས་སོང་བ་རེད། འོན་ཀྱང་བོད་དང་བོད་རིགས་ཡོད་པའི་ས་ཁུལ་ལ་ལམ་ལུགས་འདི་སྔར་ལྟར་མུ་མཐུད་ནས་གནས་ཐུབ་ཟེར་བ་དཀའ་ལས་ཁག་པོ་རེད། སྤྱིར་བཏང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་འབྱུང་བའི་ཐོབ་ཐང་དེ་བོད་རིགས་ཙམ་ལ་དབང་བ་ཞིག་ག་ལ་ཡིན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ནི་དུད་འགྲོ་སོགས་ཀྱི་ལུས་རྟེན་ལའང་འབྱུང་ཆོག་པས། མི་རིགས་གཞན་རྒྱ་མི་དང་། ཨུ་རུ་སུ། ཨ་ཕྷི་རི་ཀན། ཨ་རབ་སོགས་ལའང་སྤྲུལ་སྐུ་འཁྲུངས་མི་སྲིད་པ་མ་རེད། གལ་སྲིད་མི་རིགས་དེ་དག་ལ་འཁྲུངས་ནའང་ནང་པའི་གཟི་བརྗིད་དུ་བརྩི་ཆོག འོན་ཀྱང་ཡང་སྲིད་ངོས་འཛིན་དང་། ཁྲི་འདོན་མངའ་གསོལ་གོང་མའི་གདན་ས་སྤྲད་རྒྱུ་སོགས་ནི་བོད་རིགས་མ་ཡིན་པའི་མི་རིགས་ཚོ་ལ་ལམ་ལུགས་གསར་པ་ཞིག་ཏུ་གྱུར་ཡོད་སྟབས། ཁོང་ཚོས་ཡང་སྲིད་དང་སྤྲུལ་སྐུའི་སྐོར་ལ་བསམ་བློ་ཁྱེར་སྟངས་དང་། འཇུག་ལྡོག་བྱེད་སྟངས་དེ་ང་ཚོ་བོད་རིགས་དང་མི་འདྲ་བ་ཞིག་ཡོད་ངེས་ཡིན་པ་དེ་ང་ཚོའི་བསམ་བློའི་ནང་ལ་འཁོར་ཐུབ་དགོས།

སྤྱིར་ན་འཛམ་བུ་གླིང་གི་མི་ཡི་བསམ་བློ་གཏོང་ཕྱོགས་དང་། ཚུལ་དང་ཀུན་སྤྱོད་སོགས་ལ་སྔོན་དང་མི་འདྲ་བའི་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད། དཔེར་ན་ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་ལ་གློག་བརྙན་གྱི་རིགས་གློག་བརྙན་ཁང་ལས་གཞན་ལ་བལྟ་བའི་ཐབས་ཤེས་མེད། དེང་སང་ནི་སྦྱོར་སྒྲོལ་གྱི་གློག་བརྙན་སོགས་གང་འདོད་ཐམས་ཅད་རང་མོས་ལྟར་ལག་ཐོགས་ཁ་པར་ནང་ལ་བལྟ་རྒྱུ་ཡོད་པ་མ་ཟད། འཛམ་གླིང་ལ་གནས་ཚུལ་གང་བྱུང་ཐམས་ཅད་ཀྱང་རང་འདོད་ལྟར་དེ་མ་ཐག་ཏུ་བཤད་ཉན་བྱེད་ཆོག་གི་ཡོད། དེ་བཞིན་སྤྱི་ཚོགས་རྙིང་པའི་སྐབས་སུ་ས་ཆ་ཁ་ཤས་ལ་བུད་མེད་ཀྱི་རིགས་དགོན་པའི་ནང་དུ་འགྲོ་མི་ཆོག་པའི་སྒྲིག་ལམ་ཡོད་ཀྱང་། དེ་ལ་སྐྱོན་འཛུགས་བྱེད་མཁན་ཡོད་པ་ལྟ་ཞོག་ད་དུང་དགོན་པ་དེ་ལ་མོ་ཁྲིམས་དམ་པོ་འདུག་ཅེས་བསྟོད་བསྔགས་ཀྱང་ཕུལ་གྱི་ཡོད། དེང་སང་སྒྲིག་ཁྲིམས་དེ་འདྲ་ཞིག་ཡོད་ན་ཕོ་མོ་བཟང་ངན་དབྱེ་འབྱེད་རིང་ལུགས་ཀྱི་ཆོས་ལུགས་རེད་ཟེར་ནས་སངས་རྒྱས་ཀྱི་ཆོས་ལུགས་ལ་སྨད་ར་གཏོང་བར་ངེས་པའི་དུས་ཚོད་རེད། དེ་བཞིན་གནའ་དུས་སུ་བུ་དང་བུ་མོ་མཚན་མི་མཐུན་པ་གཉེན་སྒྲིག་བྱེད་སར་བླ་སྤྲུལ་རྣམས་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་དབང་དང་བྱིན་རླབས་གནང་སྲོལ་ཡོད་པ་ལྟར། དེང་སང་བུ་བུ་མཉམ་དུ་དང་། བུ་མོ་བུ་མོ་མཉམ་དུ་སྟེ་མཚན་མཐུན་གཉེན་སྟོན་བྱེད་སར་བླ་སྤྲུལ་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་དབང་དང་བྱིན་རླབས་སོགས་གནང་དགོས་པ་དང་། གལ་ཏེ་མཚན་མཐུན་གཉེན་སྒྲིག་བྱེད་པར་ངོས་ལེན་མེད་པ་དང་། དེ་དག་གཉེན་སྟོན་བྱེད་པའི་སྐབས་སུ་གདན་ཞུས་ལྟར་མ་ཕེབས་ནས་མཐོང་ཆུང་གི་རྣམ་པ་དོད་ཤོར་ན། མཚན་མཐུན་གཉེན་སྒྲིག་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཞེན་རིང་ལུགས་པ་རེད་ཅེས་ཐ་ཤལ་བའི་གྲས་སུ་བརྩི་བའི་དུས་ཚོད་རེད། སྔར་ཡིན་ན་བླ་སྤྲུལ་ན་གཞོན་ཞིག་གིས་བུད་མེད་ཀྱི་རིགས་ལ་འབྲེལ་བ་གནང་དགོས་ན་ཚོམས་ཆེན་སྲིད་ཞི་དཔལ་འབར་གྱི་ནང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་ན་བཞུགས་སྐབས། གཟིམ་འགག་པ་དང་། ཕྱག་མཛོད། གཉེར་པ། གསོལ་དཔོན་སོགས་ཀྱིས་མཐའ་ནས་སྐོར་བཞིན་ཐུགས་རྗེའི་སྤྱན་རས་ཀྱིས་རྒྱང་རིང་ནས་གཟིགས་ཏེ། འབྲེལ་བ་གནང་བ་ལས་ཐད་ཀར་འབྲེལ་གཏུག་གནང་རྒྱུར་ཤིན་ཏུ་དཀའ་ངལ་ཡོད། དེང་སང་ནི་དྲྭ་རྒྱ་སོགས་ཀྱི་ལམ་ནས་ཕྱི་ནང་གསང་གསུམ་གྱི་འབྲེལ་བ་ཐམས་ཅད་སྐད་ཅིག་སྐད་ཅིག་ལ་ཐད་ཀར་གནང་ཆོག་པའི་དུས་ཚོད་རེད། སྤྱི་ཚོགས་དང་དུས་རབས་འདི་འདྲ་ཞིག་གི་ནང་དུ་བླ་མ་སྤྲུལ་སྐུ་དགུང་ན་གཞོན་པ་རྣམས་གསོ་སྐྱོང་དང་འཚར་ལོངས་བྱེད་དགོས་ཀྱི་ཡོད།

དེས་ན་ཡང་སྲིད་ངོས་འཛིན་བྱེད་པའི་སྤྲུལ་སྐུའི་ལམ་ལུགས་འདི་ད་དུང་མུ་མཐུད་ནས་རྒྱུན་སྐྱོང་དགོས་ན་དུས་ཚོད་དང་སྤྱི་ཚོགས་ལ་བསྟུན་ནས་སྤྲུལ་སྐུ་སྐྱེད་སྲིང་བྱ་སའི་ཁོར་ཡུག་ཅིག་དང་། སྒྲིག་འཛུགས་ཤིག་ཀྱང་ངེས་པ་ཅན་དུ་བསྐྲུན་ཐུབ་དགོས་ཀྱི་འདུག ཁོར་ཡུག་དེ་ཇི་ལྟར་བསྐྲུན་དགོས་ཤེ་ན། གོང་ནས་ཞུས་པ་ལྟར་ཡུལ་དུས་གནས་སྐབས་སོགས་ལ་དཔྱད་ཞིབ་མཐིལ་ཕྱིན་མཛད་ཅིང་། ཡང་སྲིད་བྱིས་པ་ཆུང་ཆུང་གི་སྐབས་ནས་སློབ་སྦྱོང་སྤྲོད་སྟངས་སོགས་གནའ་སྔ་མོའི་དུས་དང་མི་འདྲ་བ་ཞིག་དགོས་ཀྱི་ཡོད་པའི་བསམ་བློ་ངེས་པར་དུ་གཏང་རན་པ་ཡིན།    དེའང་སྤྲུལ་སྐུ་དེ་འབྱུང་འགྱུར་ལ་དབུ་ཁྲིད་འཇོན་ནུས་ཅན་ཞིག་འགྱུར་ཐུབ་པའི་མཐུན་རྐྱེན་དུ། སྐྱེད་སྲིང་བྱ་སའི་ཁོར་ཡུག་གང་འདྲ་ཞིག་དང་། བཞུགས་སའི་མཐུན་རྐྱེན། གཟིམ་ཤག་ཆེ་ཆུང་། ན་བཟའ་བཟང་ཞན། ཕེབས་གྲུ་ལེགས་ཉེས། ཞབས་ཕྱི་མང་ཉུང་ཡན་ཆད་ཀྱི་ཆ་རྐྱེན་ཇི་དགོས་སྐོར་ལ་ཐུགས་བསམ་ཞིབ་ནན་གཏང་རྒྱུ་དེ་གནད་འགག་ཅན་དུ་གྱུར་ཡོད། དཔེར་ན་ཉི་ཧོང་དུ་གྲགས་ཅན་གྱི་མི་སྣ་དཔལ་འབྱོར་ཆེན་པོ་ཅན་དེ་ཚོའི་ཕྲུ་གུ་རྣམས་སློབ་སྦྱོང་དེའང་མི་མང་དཀྱུས་མའི་སློབ་གྲྭར་བྱེད་པ་དང་། སློབ་གྲྭའི་སྒྲིག་ཆས་ཡན་དཀྱུས་མ་ཞིག་ལས་དམིགས་བསལ་ལུས་ལ་གོས་ཆེན་དབུ་ལ་དབུ་ཞྭ་སོགས་གང་ཡང་མེད་པའི་རྐྱེན་གྱིས་ཕྲུ་གུ་དེ་རྣམས་འཚར་ལོངས་བྱུང་ཞིང་དབུ་ཁྲིད་བྱེད་པའི་ཚེ་བསམ་བློ་གཏོང་ཕྱོགས་ཧ་ཅང་གི་གནད་ལ་སྨིན་པོ་དེ་འདྲ་ཡོང་གི་ཡོད།

ང་ཚོས་ཕྱོགས་གཅིག་ནས་ཤཱཀྱ་ཐུབ་པ་ཞེས་ཞབས་ན་མཆིལ་ལྷམ་ཞིག་ཀྱང་མེད་པར། ཕྱག་ན་ལྷུང་བཟེད་ཅིག་ཐོགས་ནས་བསོད་སྙོམས་ལ་རྒྱུ་མཁན་ཞིག་གི་རྗེས་འབྲང་ཡིན་ཟེར་བཞིན། ལག་པར་གསེར་གྱི་ཆུ་ཚོད་སྒོར་མོ་འབུམ་རི་བ་ཞིག་གྱོན། གསེར་གྱི་ཁྲིའི་གོང་དུ་གོས་ཆེན་གྱི་སྟེང་ན་བཞུགས་ཤིང་། ཕེབས་འཁོར་རིན་གོང་ཆེན་པོ་ཅན་གྱི་ནང་ལ་ཕེབས་པ་སོགས་བྱེད་པས་ནི། ཐུན་མིན་སྔགས་ཀྱི་རྣལ་འབྱོར་པ་འདོད་ཡོན་ལམ་དུ་ཁྱེར་མཁན་ཚོར་དང་བ་འདྲེན་སྲིད་ཀྱང་། ཤཱཀྱ་ཐུབ་པའི་རྗེས་འབྲང་ཐུན་མོང་གི་གདུལ་བྱ་རྣམས་ལ་ཡིད་གཉིས་དང་ཐེ་ཚོམ་སྔར་ལས་མང་བ་སྐྱེ་འཇུག་པར་ངེས། དེ་བཞིན་བླ་སྤྲུལ་རྣམས་ཀྱིས་སོ་སོ་ཆོས་སྨྲ་བ་པོ་ཡིན་པར་ཁས་འཆེ་ཞིང་། གཞན་ཕ་རོལ་པོ་ལ་ཆོས་ལས་གསུངས་པ་ལྟར་འཁོར་བ་ལ་ངེས་པར་འབྱུང་བ་དང་། འདོད་ཡོན་ལ་ཆོག་ཤེས་དགོས་ཚུལ་སོགས་བཤད་བཞིན་ཏུ་སོ་སོ་རང་ཉིད་ཀྱིས་ཕྱགས་ལྷམ་སྒོར་མོ་འབུམ་རེ་རི་བ་གྱོན་པ་སོགས་ནི་ཁ་དོན་གཏན་ནས་མི་མཚུངས་པ་རུ་མཐོང་སྲིད།

གཞན་ཡང་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ནང་ན་བླ་སྤྲུལ་གསོ་སྐྱོང་བྱེད་སྐབས་སྐྱོན་ཆེ་ཤོས་ཤིག་ནི་བླ་མ་སྤྲུལ་སྐུ་རྣམས་ཕྱི་ནང་གསང་གསུམ་གྱི་སྐུ་ཡོན་ནར་མ་སོན་པའི་སྔོན་ནས་འགྲོ་དོན་དང་ཕྲིན་ལས་ཀྱི་ཆེད་དུ་ཕེབས་རྒྱུ་དེ་རེད། སྐུ་ཡོན་དང་གསན་སྦྱོང་མེད་པའི་ཁར་རྣམ་གཡེང་དང་ཁེངས་དྲེགས་ཅན་དུ་གྱུར་ཏེ་ཆུད་ཟོས་སུ་འགྲོ་བའི་གནས་ཚུལ་མང་པོ་ཡོང་གི་འདུག། དངོས་གནས་བྱས་ན་བླ་སྤྲུལ་དགུང་ལོ་ཆུང་བ་རྣམས་རྟོགས་པས་བདག་རྒྱུད་གྲོལ་ཅིང་། ཐུགས་རྗེས་གཞན་རྒྱུད་གྲོལ་ཐུབ་པའི་ཚེ་གཞི་ནས་འགྲོ་དོན་དང་ཕྲིན་ལས་གནང་དགོས། དཔེར་ན་འཇིག་རྟེན་ཐ་མལ་གྱི་ལས་གནས་ཤིང་བཟོ་མཁན་དང་། ཁ་ཟས་གཡོས་སྦྱོར་བྱེད་མཁན་གྱི་མ་བྱན་ལྟ་བུ་ཡིན་ནའང་དང་པོ་རང་གིས་ཐབ་ཚང་ནང་ལ་ལས་ཀ་དེ་དཔྱིས་ཕྱིན་པར་སྦྱངས་ཤིང་ཉམས་མྱོང་བསགས་ཚར་རྗེས་རང་གི་རིགས་ཀྱི་ཆོས་དེ་ལག་བསྟར་བྱེད་ཀྱི་ཡོད་པ་ལྟ་བུ་རེད། སྤྱི་ཚོགས་རྙིང་པའི་སྐབས་བོད་ཡུལ་འདྲ་ཡིན་ན་དད་པ་དང་དག་སྣང་ཆེ་བའི་སྤྱི་ཚོགས་ཡིན་པས་བླ་སྤྲུལ་དགུང་ལོ་མ་སྨིན་པ་ཚོས་དབང་བསྐུར་དང་གྲོང་ཆོག་མཛད་ན་བླ་མའི་ཐུགས་རྗེ་ཡིས་ཕན་ཐོགས་ཧ་ཅང་མ་བྱུང་ནའང་རྗེས་འཇུག་གདུལ་བྱའི་དད་པ་དང་དག་སྣང་དབང་གིས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དེང་སང་མི་རྣམས་རྣམ་རྟོག་མང་། ལོག་ལྟ་ཆེ། ཐེ་ཚོམ་མོད་པའི་སྤྱི་ཚོགས་འདི་འདྲའི་ནང་ལ་བླ་སྤྲུལ་གཞོན་ནུ་རྣམས་ཀྱིས་ཆོས་དང་འཇིག་རྟེན་གྱི་ཕྱག་ལས་གནང་སྐབས་གང་ཐད་ནས་ཐུགས་གཟབ་གནང་དགོས་ཤིང་། ལྷག་པར་དུ་དམ་པའི་ཆོས་སྔར་མ་དར་བའི་ས་དང་། དམ་ཆོས་ཐོག་མར་དར་སའི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་ཆོས་ཀྱི་ལམ་སྟོན་ཆེད་དུ་ཕེབས་ན་བླ་སྤྲུལ་སྐུ་སྒེར་དང་བསྟན་པ་སྤྱི་ལ་གནོད་ཚབས་འོང་རྒྱུའི་ཉེན་ཁ་ཆེ་ཞིང་། དེ་བས་སྤྲོ་འཁྱམ་གྱི་ཆེད་དུའམ། ཡང་ན་སློབ་སྦྱོང་གི་ཆེད་དུ་ཕེབས་པ་ལས་གཞན་ཆོས་ཀྱི་ཆེད་དང་དཔལ་འབྱོར་གྱི་ཆེད་དུ་དགུང་ན་མ་སྨིན་གྱི་བར་དུ་མ་ཕེབས་ན་རང་གཞན་གཉིས་ཆར་ལ་ཕན་ཐོགས་ཆེ་བར་སྣང་།

རང་རེ་བོད་ཀྱི་གོམས་གཤིས་ནང་དུ་བླ་སྤྲུལ་སྤྱི་དང་ཁྱད་པར་དུ་བླ་སྤྲུལ་དགུང་ལོ་ཆུང་བའི་རིགས་རྣམས་ལ་རང་རང་སོ་སོས་བརྩི་བཀུར་འཇོག་སྟངས་དཔེར་ན་བླ་སྤྲུལ་རྣམས་ཕར་ཚུར་ཕེབས་སྐབས་སུ་བསུ་བ་སེར་ཕྲེང་ཟབ་རྒྱས་གནང་བ་དང་། ལྷག་པར་དུ་རང་དགོན་ལ་ཚུར་ཕེབས་དུས་ཀྱང་བསུ་བ་སེར་ཕྲེང་རྒྱས་སྤྲོས་བྱེད་པ་དང་རང་གི་གཟིམ་ཆུང་དང་། རང་གི་དགོན་པའི་ཚོམས་ཆེན་ནང་གི་བཞུགས་ཁྲིའི་ཐོག་ལ་སོ་སོའི་སྐུ་དཔར་ཆེ་ཐག་ཆོད་རེ་འཇོག་རྒྱུ་འདི་ཚོའི་རིགས་དེང་སང་གི་སྤྱི་ཚོགས་ཀྱི་མིག་ལམ་དུ་མི་མཛེས་ཤིང་། དེ་བས་རང་གི་སྐུ་གོང་མའི་སྐུ་པར་རམ་ཡང་ན་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་པར་སོགས་བཤམས་ན་དགེ་མཚན་ཆེ་བར་སྣང་།

ཞབས་ཕྱི་དང་ཕྱག་མཛོད་སོགས་ནི་བླ་སྤྲུལ་དགུང་ན་གཞོན་པ་ཚོ་དང་ལྷན་རྒྱུན་དུ་འགྲོག་མཁན་ཞིག་ཡིན་པས་སྤྲུལ་སྐུ་ན་གཞོན་ཚོ་ལ་མཚོན་ན་ཧ་ཅང་ཤུགས་རྐྱེན་དང་གལ་གནད་ཆེན་པོ་ཅན་གྱི་མི་སྣ་རུ་རྩི་འཇོག་གནང་དགོས། དེས་ན་ཞབས་ཕྱི་འཇོག་སྟངས་དེའང་སྔར་གོང་དུ་ཞུས་པ་ལྟར་ཚོགས་འདུ་འཚོགས་ཤིང་དགོན་པ་གྲྭ་ཚང་དང་། སྤྱི་ཚོགས་གཉིས་ཆར་གྱིས་མོས་མཐུན་ཡོད་པའི་མི་སྣ་ཞིག་བསྐོ་ཞིང་། དབང་ཆ་ག་ཚོད་སྤྲོད་དགོས་མིན་སོགས་ཀྱང་བསམ་གཞིག་གནང་ནས་གཏན་འབེབས་བྱེད་དེ་བཀའ་མོལ་གནང་ན་ལེགས། སྐབས་འགར་བརྗེ་ལེན་གཏན་ནས་བྱ་རྒྱུ་མེད་པ་དཔེར་ན་མི་ཚེ་ཧྲིལ་པོར་ཕྱག་མཛོད་ཀྱི་མིང་དང་དབང་ཆ་བཟུང་ནས་འགན་ཡོངས་རྫོགས་ཁྱེར་བའི་ལུགས་སྲོལ་ཞིག་ཡོད། ལམ་སྲོལ་འདིའང་ལེགས་པོ་ཡིན་པའི་ངེས་པ་མེད། གཞན་ཡང་ཞབས་ཕྱི་ཁ་ཤས་བླ་མའི་སྐུ་མཆེད་དང་ཉེ་འབྲེལ་སོགས་ཡིན་པའི་དབང་གིས་བསྟན་འགྲོའི་བྱ་བ་དང་། དགོན་པའི་ཕྱག་ལས་ལ་གནོད་ཚབས་ཆེན་པོ་འབྱུང་གི་ཡོད་པས་གནད་དོན་འདི་ཚོ་ལ་དོ་སྣང་གནང་ནས་ཤེས་པར་བྱ་དགོས། བླ་སྤྲུལ་དེའི་ཕྱི་ནང་གི་འགྲོ་འདུག་སྤྱོད་ལམ་སྤྱི་དང་། ཁྱད་པར་དུ་ཆོས་ཕྱོགས་སློབ་གཉེར་བྱེད་ཕྱོགས་ཀྱི་ཐད་ལ། འཆར་གཞི་གདིང་ཞིང་འགན་དབང་ཁྱེར་བ་དང་། བླ་བྲང་གི་དཀོར་ནོར་བདག་དབང་གི་ལས་འགན་སོགས། དམིགས་བསལ་གྱི་མཁྱེན་རྒྱ་ཅན་འདྲ་ཡིན་ན་མ་གཏོགས་ཡང་སྲིད་སྤྲུལ་སྐུ་དེའི་ཕ་མས་གཏན་ནས་མ་ཁུར་ན་དགའ། སློབ་གཉེར་དེའང་གནས་དུས་གང་དུ། ཚུལ་ཇི་ལྟར་གནང་རྒྱུ་དང་། བླ་མ་སུ་ལ་བསྟེན་པ་སོགས་ཆོས་དང་རྒྱུ་མཚན་ཤེས་པའི་བླ་མ་དང་མཁན་པོ། བླ་བྲང་རང་གི་མི་སྣ་ཚོས་གྲོས་ཆོད་ལྟར་ཐག་གཅོད་གནང་དགོས།

བླ་མ་སྐུ་གོང་མའི་དངོས་དང་བརྒྱུད་པའི་སློབ་མ་རྣམས་ཀྱིས། བླ་མའི་ཡང་སྲིད་ལ་དད་པ་དང་དག་སྣང་འཇོག་རྒྱུ་དེ་སློབ་མ་རང་རང་སོ་སོ་སྒེར་གྱི་ཉམས་ལེན་དང་འབྲེལ་བ་ཆེན་པོ་ཡོད་པས་དགོས་ངེས་ཤིག་ཡིན་ཡང་། ཕྱོགས་གཅིག་ནས་དད་པ་དང་དག་སྣང་འཇོག་ཅིང་། ཕྱོགས་གཅིག་ནས་སྐུ་ཡོན་དང་བསླབ་སྟོན་ངོ་ལྐོག་མེད་པར་འབུལ་རྒྱུ་འདི་མགོ་རྙོག་ཀྱི་རང་བཞིན་ཅན་གྱི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། དེས་ན་སྒེར་རང་རང་སོ་སོས་དད་པ་དང་དག་སྣང་གི་ཉམས་ལེན་ཇི་ཙམ་བྱེད་ཀྱང་། ན་གཞོན་སྤྲུལ་སྐུ་དེ་ལང་ཤོར་མི་འགྲོ་བ་དང་། ཕྱི་ནང་གི་སྐུ་ཡོན་ཐུགས་རྒྱུད་ལ་ངེས་པར་འཇགས་ཐུབ་པའི་ཐབས་ཤེས་གནང་དགོས། སྐབས་རེ་སྦྱིན་སློབ་རྣམས་ཀྱིས་དད་པ་དང་དག་སྣང་ཡིན་པའི་ཁུལ་གྱིས་བླ་སྤྲུལ་གཞོན་པ་རྣམས་ཕྱི་ནང་གི་ཕྱོགས་གང་ཐད་ནས་སྐྱག་ལང་དུ་གཏོང་གི་ཡོད། དཔེར་ན་བླ་སྤྲུལ་སྐུ་ན་གཞོན་པ་རྣམས་ཀྱི་མཛད་སྤྱོད་སོགས་ཕྱིན་ཅི་ལོག་ཏུ་འགྱུར་གྱི་ཡོད་ནའང་། སྐུ་གོང་མ་དངོས་ཡིན་སྙམ་པའི་དག་སྣང་ཡིན་ཁུལ་གྱིས། དངོས་དང་བརྒྱུད་ནས་སློབ་སྟོན་མེད་པ་དང་། སྐུ་གོང་མའི་མཁྱེན་པ་དང་རྟོགས་པའི་རྣམ་པར་ཐར་པ་རྣམས་སློབ་པའི་ཚབ་ཏུ། གོ་ས་ཆེ་ཆུང་དང་། བཞུགས་གདན་མཐོ་དམན་ཙམ་ལ་ཡང་རྩོད་གླེང་བྱེད་པའི་རྐྱེན་གྱིས་བླ་སྤྲུལ་ཆུད་ཟོས་སུ་བཏང་བ་མཐོང་རྒྱུ་འདུག་པ་ལྟ་བུ་རེད།

ཕྱོགས་གཞན་ཞིག་ནས་བཤད་ན་ཡང་སྲིད་བྱིས་པ་གཞོན་ནུ་ལ་ཆོས་ཕྱོགས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་ཁུལ་གྱིས་གཟིམ་ཁང་ལེགས་པོ་ཞིག་གི་ནང་དུ་བཙོན་པ་བཞིན་བཅུག་སྟེ། གྲུམ་གདན་ཐོག་ལ་གོས་ཆེན་བཀོན་ཞིང་འཇིག་རྟེན་གྱི་ཚུལ་འཆོས་རྣམས་ཨུ་ཚུགས་ཆེན་པོས་སློབ་པའི་ལུགས་སྲོལ་འདི་ནི། ཆོས་ཕྱོགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བསླབ་པ་གསུམ་གྱིས་གསོ་སྐྱོང་བྱེད་ཚུལ་དང་འགལ་བ་མ་ཟད། འགྲོ་བ་མིའི་བྱིས་པ་གསོ་སྐྱོང་བྱེད་པའི་ལམ་ལུགས་དང་འགལ་བ་ཤིན་ཏུ་ཆེན་པོ་ཡིན། བྱིས་པ་ཆུང་ངུ་ཞིག་ལ་ཞབས་ཕྱི་བགྲེས་པ་མང་པོས་བསྐོར་ཞིང་། གུས་འདུད་ཤིན་ཏུ་ཆེན་པོས་ཞབས་ཞུ་བྱེད་ཅིང་། ཐ་ན་ཕྱགས་ལྷམ་ཡན་ཡར་བཀོན་པ་དང་མར་ཕུད་རོགས་བྱེད་པ་དང་། མི་མང་ཚོགས་པ་ཆེན་པོའི་ནང་དུ་གསོལ་ཚིགས་མཆོད་པའི་ཚེ། སྤྲུལ་སྐུ་རྣམས་ཀྱིས་མཚན་གནས་དང་གྲལ་རིམ་གྱི་ཆེ་མཐོང་དབང་གིས་མི་མང་དཀྱུས་མའི་གྲས་སུ་མི་བཞུགས་ནས། ཞལ་ཟས་ཀྱི་རིགས་དང་གསོལ་ཇ་མཆོད་པའི་སྐབས་སུ་ཞབས་ཕྱིས་རིམ་པ་བཞིན་ཡར་འདེགས་དགོས་པ་དང་། སྐུ་ན་ཆུང་བའི་བྱིས་པ་ཞིག་ཁྲི་འཕང་མཐོན་པོའི་སྟེང་དུ་ཡར་བཞག།དེ་ལ་བླ་མ་དགུང་ལོ་བགྲེས་པ་གནས་བརྟན་འདུལ་བ་འཛིན་པ་འོད་སྲུང་ལྟ་བུ་ཚོས་ཀྱང་ཕྱག་འཚལ་བ་དང་། དེའི་སྐབས་སུ་ཁྲི་གོང་ལ་བཞུགས་པའི་བླ་སྤྲུལ་རྣམས་ཇི་མི་སྙམ་པར་བཞུགས་པ་དང་། ཞབས་ཕྱི་བགྲེས་པ་ཚོ་ལ་ཅ་ལག་དོ་བོ་ཆེན་པོ་དེ་འདྲ་རྒྱབ་ཏུ་འཁུར་བཅུག་ཅིང་། ན་གཞོན་སྤྲུལ་སྐུ་རང་ཉིད་ཕྲག་པ་སྟོང་པར་ཕེབས་པ་འདི་ཚོ་ཐམས་ཅད་ནི། དེང་སང་གི་སྤྱི་ཚོགས་ཀྱི་མིག་སྔར་ཁྱོན་ནས་མི་མཛེས་པ་ཡིན།

སྤྲུལ་སྐུ་དགུང་ན་ཕྲ་བའི་སྐབས་སུ་སྐྱེད་སྲིང་བྱ་སའི་ཁོར་ཡུག་དེ་ཤིན་ཏུ་གནད་འགག་ཆེན་པོ་ཡིན་པར་བརྟེན་ཁོར་ཡུག་དེ་ལ་ཇི་ཙམ་བཞུགས་ཀྱང་སུན་སྣང་སོགས་མི་སྐྱེ་བའི་ཁར་དེ་ཙམ་གྱིས་ངོམས་པ་མེད་པ་དགའ་བོ་དང་སྤྲོ་བོས་བཞུགས་འདོད་ཡོད་པ། ཡང་སྲིད་དེས་སྤྱིར་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་རྣམས་མཁྱེན་ཐུབ་པ་དང་། ཁྱད་པར་རིག་རྩལ་སོགས་ཐུགས་རྒྱུད་ལ་སྦྱར་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་དགོས། གཞན་མ་གཏོགས་ཁོར་ཡུག་ལ་གུ་ཡངས་མེད་ཅིང་། ཡོངས་འཛིན་དགེ་རྒན་ཁྲོ་གཉེར་ཅན་གྱིས་ཉིན་མཚན་དུས་དྲུག་ཏུ་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་། ཐ་ན་ཆབ་ཁང་དུ་ཕེབས་པའི་ཚེ་ནའང་ཞབས་ཕྱི་མི་ཉུང་བས་བསྐོར་བ་སོགས་བྱས་ན། ཡང་སྲིད་ལོ་ཆུང་ཚོ་ཁོར་ཡུག་ལ་འཇིགས་སྐྲག་དང་སུན་སྣང་སྐྱེ་ཞིང་། ཤེས་ཡོན་སློབ་སྦྱོང་ལ་ཡར་རྒྱས་འགྲོ་རྒྱུ་མེད་པའི་ཁར་བླ་སྤྲུལ་གྱི་མི་ཚེ་ལ་ཞེན་པ་ལོག་ནས་། བཙོན་པས་བཙོན་ལས་ནམ་ཐར་སྙམ་ནས་ངང་སྒུག་བྱེད་པ་ལྟར་ཁོར་ཡུག་དེ་ལས་ནམ་ཐར་སྙམ་ནས་སྒུག་སྡོད་མཁན་མང་པོ་ཡོད། སྤྲུལ་སྐུ་དགུང་གྲངས་ཆུང་ཆུང་གི་སྐབས་སུ་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་ཐད་ནས་འཐུས་ཤོར་ཅུང་ཟད་ཤོར་བའི་ཚེ་ན་ལམ་སང་དམའ་འབེབ་བཏང་ནས་ངོ་ཚ་བཅུག་པ་དང་། སྐུ་ཡོན་དང་ཀུན་སྤྱོད་སོགས་ཡར་རྒྱས་ལེགས་པོ་འགྲོ་བའི་ཚེ་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྤྲད་པ་སོགས་མི་བྱེད་པ་ནི་གསོ་སྐྱོང་བྱེད་སྟངས་མི་ཤེས་པ་རེད། སྐུ་ན་ཕྲ་མོའི་དུས་ནས་ཐུགས་རིག་བཀྲ་བའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་དགོས། དཔེར་ན་སྐུ་རྩེད་གནང་ཞོར་དུ་སྤྱི་ཚོགས་ཀྱི་ཤེས་ཡོན་བཤད་སྟངས་དང་། འགྲོ་སྟངས། སྡོད་སྟངས། ཟ་སྟངས་སོགས་ཤེས་པར་བྱ་རྒྱུ་དང་། ཐུགས་རྒྱུད་འཇམ་པོ་ཡོང་ཐབས་སོགས་བག་ཆགས་བཟང་པོ་རྒྱུད་ལ་འཇོག་ཐུབ་པ་བྱེད་དགོས།

གོང་དུ་ཞུས་པ་ལྟར་རྩ་བའི་དམིགས་ཡུལ་ལས་མ་འདས་པའི་ཐོག་ཕྱི་ནང་གི་ཤེས་ཡོན་དང་ཀུན་སྤྱོད་སོགས་རྒྱ་ཆེན་པོ་ཡོང་ཐབས་ལ་དམིགས་པ་ལས། ཉི་ཚེ་བའི་ཤེས་ཡོན་སྐད་གསང་ཐོན་པོས་འདོན་པ་སོགས་སྐྱོར་ཐུབ་པ་ཙམ་དང་། ཕར་ཚུར་འགུལ་སྐྱོད་སོགས་གང་ཡང་མི་བྱེད་པར་གསེར་སྐུ་ནང་བཞིན་ཙོག་གེར་སྡོད་ཐུབ་པ་ཙམ་དང་། ཀུན་སྤྱོད་ཀྱང་བླ་རྒན་ཞིག་གི་བྱེད་སྟངས་ལྟ་བུར་ཤེས་ན་ལེགས་པའི་ཡོན་ཏན་དུ་བརྩི་ཞིང་། ངོ་མཚར་དུ་འཛིན་པ་སོགས་ནི་གནའ་བོའི་སྲོལ་རྒྱུན་རྙིང་པ་དོན་མེད་ཁ་སྟོང་རྗེས་ལུས་ཤོར་པའི་བསམ་ཚུལ་ཞིག་ཡིན། དེ་བས་ཙོག་གེར་སྡོད་ཐུབ་པར་བཟོ་རྒྱུ་དེ་རྩ་བའི་དམིགས་ཡུལ་མ་ཡིན་པར། རྩ་བའི་དམིགས་ཡུལ་ནི་ཡང་སྲིད་དེ་སེར་སྣ་དང་ང་རྒྱལ་སོགས་མེད་པ། འདོད་པ་ཆུང་ཞིང་ཆོག་ཤེས་པ། མཐོ་དམན་ཀུན་ལ་བརྩི་བཀུར་དང་ཞེ་ས་ཤེས་པ། བྱམས་པ་དང་སྙིང་རྗེ་སོགས་ཡོད་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུ་ཞིག་བསྐྲུན་རྒྱུ་དེ་རེད། དེ་ལྟར་བཟོ་བར་བྱེད་པ་ལ་གོང་ནས་བཤད་པའི་ཡོན་ཏན་རྣམས་ལས་ཕྲན་བུ་རེ་ན་གཞོན་སྤྲུལ་སྐུ་ཚོ་ལ་ཡོད་ན་དེ་མ་ཐག་ཏུ་གཟེངས་བསྟོད་དང་བསྔགས་བརྗོད་བྱ་རྒྱུ་དང་། ཡོན་ཏན་དེ་རྣམས་མི་འདུག་ན་ཡོན་ཏན་དེ་རྣམས་ཡོད་དགོས་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པའི་དྲན་བསྐུལ་བྱ་རྒྱུ་སོགས་ཀྱི་ཐབས་ཤེས་གང་དྲག་གནང་དགོས།

དགུང་ལོ་ཆུང་ངུའི་དུས་ནས་ཚུལ་འཆོས་བྱེད་སྟངས་ཤ་སྟག་སློབ་ཅིང་། ཚུལ་ཆོས་དེའང་བོད་ཀྱི་ལུང་པ་ཁུག་ཀྱོག་ཕྱོགས་རེ་བའི་ནང་ལ་དར་བའི་གོས་ཆེན་གྱི་སྟོད་ཐུང་སོགས་གྱོན་རྒྱུ་དང་། སྐུ་པར་རྒྱག་པ་སོགས་ཀྱི་སྐབས་སྐུ་དྲང་པོར་བསྲངས་ཤིང་ཕྱག་མཉམ་གཞག་གི་ཕྱག་རྒྱ་དང་། ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅའ་བ་སོགས་དང་། ཟུར་དུ་ཐོན་ཏེ་བཞུགས་པ་ལས་མང་ཚོགས་དང་མཉམ་སྡོད་མི་བྱེད་པ་དང་། བཀའ་མོལ་མང་པོ་མི་གནང་རྒྱུ་དང་། རྩེད་ཆས་དང་། གློག་བརྙན། བུད་མེད་སོགས་ལ་མི་དགའ་བའི་ཚུལ་སྟོན་པ་སོགས་ཆེད་དུ་བསླབས་ཆེ་བའི་དབང་གིས་མཐར་ཁ་དོན་གཏན་ནས་མི་མཚུངས་པའི་ཚུལ་འཆོས་ཀྱི་གོང་བུར་གྱུར་པ་མང་པོ་ཡོང་གི་ཡོད་ལ། སྤྲུལ་སྐུ་ལ་ལར་སྐུ་ཡོན་ངོ་མ་གང་ཡང་ལོབ་ཀྱི་མེད་ཅིང་། གལ་སྲིད་ཕྲན་བུ་རེ་ལོབས་ཀྱང་ཤེས་རབ་འཆལ་བར་གྱུར་པའམ། ཡོན་ཏན་དེ་ཕྱོགས་སུ་ལྷུང་ནས། ཕྱིས་སུ་སྐུ་ན་རྫོགས་པའི་སྐབས་ང་རྒྱལ་དང་། ཕྱོགས་རིས་དང་། རང་མཐོང་ཆེན་པོ་ཅན་དུ་གྱུར་ནས་རླབས་ཆེན་གྱི་ཕྱག་ལས་གང་ཡང་གནང་ཐུབ་ཀྱི་མེད། དེ་ལྟར་སྤྲུལ་སྐུ་གསོ་སྐྱོང་དང་། འཚར་ལོངས་བྱ་སའི་ཁོར་ཡུག་བཟང་པོ་མེད་པའི་རྐྱེན་གྱིས་སྤྲུལ་སྐུ་ན་གཞོན་མང་པོ་ཞིག་འཕྲོ་བརླག་ཏུ་ཤོར་གྱི་ཡོད། འཕྲོ་བརླག་འགྲོ་སྟངས་དེའང་ལ་ལ་ནི་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་བྱེད་ནས་དང་། ལ་ལ་ནི་དམ་སྡོམ་ཚང་མ་ཉམས་ཚར་ནས་ཕྱི་ནང་གི་ཡོན་ཏན་གང་ཡང་མེད་ཀྱང་ད་དུང་ཁྲི་ཁར་བཞུགས་ཤིང་། དགེ་ཚུལ་སློང་གི་སྡོམ་པ་ཡང་གནང་བ་དང་། སྤྲུལ་སྐུ་རང་ཉིད་ཀྱིས་སྔགས་ཆོག་ཀྱི་དབང་ལུང་གི་རྒྱུན་ཐོབ་ཡོད་མེད་ལ་མ་ལྟོས་པ་དང་། གལ་ཏེ་ཐོབ་ཏུ་ཟིན་ཀྱང་བསྙེན་པ་སོགས་ལས་རུང་ཡོད་མེད་ལ་མ་ལྟོས་པར་དབང་བསྐུར་བ་དང་རྒྱུད་འཆད་པ་སོགས་ཀྱིས་རྒྱུས་མེད་ཀྱི་ཕྱི་ནང་གི་མི་རིགས་མང་པོ་ལ་མགོ་སྐོར་བཏང་སྟེ། གཡོ་ཁྲམ་ཧམ་ཆེན་གྱིས་བསྟན་པའི་རྩ་བ་ལའང་རྨ་འབྱིན་མཁན་དུ་འགྱུར་གྱི་ཡོད། མདོར་ན་རང་རེའི་ད་ཡོད་ཀྱི་སྤྲུལ་སྐུ་གསོ་སྐྱོང་བྱེད་པའི་ལམ་ལུགས་རྙིང་པ་འགའི་རྐྱེན་པས་སྤྲུལ་སྐུ་ཁ་ཤས་བསྟན་པ་འཛིན་ནུས་སུ་འགྱུར་བ་ལྟ་ཅི་སྨྲ་ཤེས་ཤིང་དོན་གོ་བའི་མིའི་གོ་ཙམ་ཡང་མི་ཆོད་པ་དེ་འདྲ་ཆགས་འགྲོ་བཞིན་འདུག།

སྤྱིར་སྤྲུལ་སྐུ་དགུང་ན་ཕྲ་བ་རྣམས་འཚར་ལོངས་ཇི་ལྟར་འགྱུར་མིན་དེ་ཁོར་ཡུག་ཡག་བཙོག་གིས་བཞག་པའི་བག་ཆགས་བཟང་ངན་གྱི་རྐྱེན་ལ་རག་ལས་པ་འདྲ། གལ་ཏེ་ཡང་སྲིད་སྤྲུལ་སྐུ་དེ་ཁོར་ཡུག་གང་ན་བཞུགས་ཁྲི་མཐོ་དམན་དང་། ཞབས་ཕྱི་མང་ཉུང་། གཟིམ་ཤག་ཆེ་ཆུང་། ཕེབས་འཁོར་ལེགས་ཞན་སོགས་ལ་བརྩི་མཐོང་དང་དོ་སྣང་ཧ་ཅང་ཆེན་པོ་ཡོད་ས་ཞིག་ལ་འཚར་ལོངས་བྱས་ན། སྤྲུལ་སྐུ་རྣམ་པའང་དེ་དག་གི་རིགས་ལ་བརྩི་མཐོང་དང་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཏུ་རང་བཞིན་གྱིས་འགྱུར་གྱི་ཡོད་ལས་ཆེ། རིམ་གྱིས་བླ་སྤྲུལ་དེ་རྣམས་མིག་དཔེར་འགྱུར་ཏེ་བླ་སྤྲུལ་དེ་རྣམས་ཀྱི་རྗེས་སུ་འབྲང་མཁན་སློབ་མ་གྲྭ་བཙུན་དང་མི་མང་དཀྱུས་མ་ཐམས་ཅད་ཀྱང་རྒྱུ་རྫས་དཔལ་འབྱོར་དང་། ཐོབ་དང་གོ་ས་རྐྱང་རྐྱང་ལ་གཙིགས་སུ་འཛིན་ཞིང་། དེ་དག་གི་ཆེད་ཁོ་ནར་བསམ་མནོ་གཏོང་མཁན་ཤ་སྟག་ཏུ་འགྱུར་གྱི་ཡོད། དེས་ན་བསམ་ཚུལ་ལྟར་འགྲུབ་ན་བླ་སྤྲུལ་རྣམས་ནི་མ་འོངས་པར་བསྟན་དང་འགྲོ་བའི་དཔུང་གཉེན་དང་མགོན་སྐྱབས་ཡིན་པས་ཁོང་ཚོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་འདྲ་བྱེད་དགོས་པའི་ཟབ་སྦྱོང་སྤྲད་སའི་དམིགས་བསལ་སློབ་གྲྭ་དཔེར་ན། འཛམ་གླིང་གི་ཡུལ་གྲུ་འགའ་རེའི་ནང་དུ་གཞོན་ནུ་བློ་རིག་གསལ་པོ་ཡོད་མཁན་ཚོ་ལ་ཆེད་དུ་མ་འོངས་པར་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་དབུ་ཁྲིད་བྱེད་ཕྱོགས་སྐོར་ཟབ་སྦྱོང་བྱ་སའི་སློབ་གྲྭ་ཡོད་པ་དེ་ལྟ་བུ་ཞིག་འཛུགས་ཐུབ་ན་ཤིན་ཏུ་ལེགས་མོད། རང་ཅག་བོད་རིགས་ལ་དཔུང་པ་མཉམ་གཤིབ་ཀྱིས་ཕྱག་ལས་གནང་བའི་གོམས་གཤིས་མེད་ཅིང་རང་མགོ་ཅི་ཐོན་བྱེད་རྒྱུར་འདོད་མོས་ཆེ་སྟབས་དེ་ལྟར་འཛུགས་ཐུབ་པ་ཤིན་ཏུ་དཀའ།

དེ་ལྟར་མ་བྱུང་ན་ཡང་གོང་དུ་ཞུས་པ་བཞིན་རང་གི་དགོན་པའམ་བླ་བྲང་ཁག་ལྟ་བུའམ་ཐ་ན་བླ་སྤྲུལ་གྱི་ནང་མི་ཁག་ལྷན་འཛོམ་གྱིས་སྤྲུལ་སྐུ་གསོ་སྐྱོང་ཇི་ལྟར་དགོས་མིན་གྱི་སྐོར་གྲོས་བསྡུར་དང་། སྤྲུལ་སྐུ་རྣམ་པར་སློབ་གསོ་གང་འཚམ་སྤྲོད་ཐུབ་ན་དགེ་མཚན་ཆེན་པོ་ཡོད། རང་རེ་བོད་ཀྱི་མི་རིགས་སྲོལ་རྒྱུན་རྙིང་པར་ཧ་ཅང་དུང་ཆེ་སོང་བའི་དབང་གིས་ད་དུང་ཡིན་ནའང་གནས་དུས་དང་བསྟུན་ནས་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག་ཅེས་བསམ་མཁན་ཡང་དཀོན་པོ་རེད། གལ་སྲིད་རེ་ཟུང་ཡོད་དུ་ཆུག་ནའང་དུས་དང་བསྟུན་པའི་སློབ་སྦྱོང་སྤྲོད་དགོས་ཟེར་དུས། ཕལ་ཆེ་བས་དབྱིན་སྐད་ལྟ་བུའི་སྐད་ཡིག་རིགས་རེ་ཟུང་ཙམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་སྐད་རིགས་ཀྱི་སློབ་སྦྱོང་ཡོད་པ་ཙམ་གྱིས་འདང་གི་མེད། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་གི་བསམ་བློ་གཏོང་ཕྱོགས་དང་། དེ་དག་གི་རིགས་གཞུང་། སྙན་ངག།ཆོས་ལུགས། འགྲོ་སྟངས། སྤྱི་ཚོགས་ཀྱི་གོམས་གཤིས། ཡུལ་དང་ལུང་པ་དེ་དག་གིས་ཐ་སྙད་བེད་སྤྱོད་གཏོང་སྟངས་ཡན་ཆོད་གང་ལ་གང་འཚམས་མཁྱེན་པར་བྱ་རྒྱུ་དེ་དོ་གལ་ཆེན་པོ་འདུག དེ་བཞིན་གཞན་གྱི་མིག་སྔར་མི་མཛེས་པའི་ལེགས་ཉེས་ཀྱི་སྤྱོད་ལམ་ཆེ་ཕྲ།དཔེར་ན་ཟ་ཁང་ནང་ཞལ་ལག་བཞེས་ཚེ་ཐུར་མ་སོགས་བེད་སྤྱོད་གཏོང་སྟངས། ཁ་ནས་སྒྲེགས་པ་དང་ཁ་ལུད་འཕེན་པ་སོགས་སྤྱི་ཚོགས་སམ་མི་རིགས་གཞན་གྱི་མིག་སྔར་མི་མཛེས་པའི་སྐྱོན་གྱི་རིགས་གང་ཡིན་ངོས་འཛིན་ཤེས་པ་དང་། ཡུལ་ལུང་སོ་སོས་ཡ་རབས་སྤྱོད་བཟང་དུ་བརྩི་བའི་རྣམ་འགྱུར་བཟང་པོ་དཔེར་ན་རྒན་འཁོགས་དང་། བུད་མེད་མངལ་ཆགས་སྦྲུམ་མ་ལྟ་བུ་ལ་བསྡད་སའི་རྐུབ་སྟེགས་སྤྲོད་རྒྱུ་འདྲ་དང་། དེ་བཞིན་བུད་མེད་ཀྱི་རིགས་ལ་སྒོ་ཕྱེ་རོགས་བྱས་ནས་དང་པོ་སྔོན་དུ་འཛུལ་འཇུག་པ་སོགས་ཡན་ཆད་ཀྱང་མཁྱེན་དགོས།

གཞན་གྱི་ཤག་ཏུ་ཕེབས་སྐབས་ཐོག་མར་སྒོ་གླེགས་བརྡུང་བའི་རྗེས་སུ་ཕེབས་པ་ལས་བབ་ཅོལ་དུ་མི་ཕེབས་རྒྱུ་དང་གཞན་ཡང་བླ་མ་སྤྲུལ་སྐུ་ཚོས་མི་དང་མཉམ་དུ་བཀའ་མོལ་གནང་བའི་སྐབས་སུ། བཀའ་མོལ་ཕར་གནང་རྒྱུ་ལས་ཚུར་ཡག་པོ་གསན་ཤེས་རྒྱུ་དེ་གནད་འགག་ཆེ་བར་ཤེས་དགོས། བཀའ་མོལ་གནང་བའི་སྐབས་སུ་བཀའ་མོལ་ལ་སེམས་པ་མི་གཏད་ཅིང་། སྤྱན་གྱིས་གཡས་དང་གཡོན་ལ་གཟིགས་པ་འདྲ་དང་། གཞན་གྱིས་བཤད་བཞིན་པའི་བར་ལམ་དུ་ཐོལ་བྱུང་གིས་བརྗོད་གཞི་གཞན་གྱི་ཐོག་ལ་དྲི་བ་འདྲི་བ་སོགས་བྱས་ན་དབུ་ཁྲིད་ཅིག་དང་སློབ་སྟོན་པ་ཞིག་གི་མཚན་ཉིད་མ་ཚང་པ་ཡིན། དཔེར་ན་དབྱིན་ཇིའི་རྒྱལ་སྲས་ཚོ་གསོལ་སྟོན་ལྟ་བུའི་ཁར་ཕེབས་པའི་ཚེ། གསོལ་ཚིགས་བཞེས་པའི་སྐབས་སོགས་སུ་དགའ་སྟོན་ཁར་ཕེབས་མཁན་གྱི་མི་རེ་རེ་བཞིན་འཚམས་འདྲི་བྱེད་རྒྱུ་དང་། མི་དེ་ཚོ་སོ་སོའི་མིང་ཡང་ཧ་གོ་བར་བྱས་ཡོད། དེ་དག་དང་ལྷན་དུ་བཀའ་མོལ་གནང་ཚེ་མི་ཚོའི་ངོ་གདོང་དུ་གཟིགས་པ་ལས་ཞལ་གྱིས་བཀའ་མོལ་གསུངས་བཞིན་དུ་སྤྱན་གྱིས་ས་ཕྱོགས་གཞན་ལ་གཟིགས་པ་མི་གནང་བ་སོགས་ཀྱིས་མི་དཀྱུས་མ་ཚོའི་སེམས་ལའང་། རྒྱལ་སྲས་ཀྱིས་ངའི་མིང་ཡང་ཤེས་ཀྱི་འདུག་ལ་དུས་ཚོད་དང་དོ་སྣང་ཡོངས་རྫོགས་ང་ལ་སྤྲོད་ཀྱི་འདུག་བསམ་པའི་སེམས་ཚོར་སྦྱིན་གྱི་ཡོད་པ་ལྟར་བཀའ་མོལ་གནང་སྟངས་དེ་འདྲ་ཤེས་པར་བྱེད་དགོས། གཅིག་བྱས་ན་རང་རེ་བོད་ལ་ཐུན་མིན་གྱི་ལུགས་སྲོལ་ཞིག་ཡོད་པ་འདི་ཚོ་ལས་ལྷག་པར་མི་དགོས་བསམ་ཞིང་། གཞན་གྱི་རིག་གཞུང་ལ་བརྩི་འཇོག་མེད་པར་མགོ་བོ་མཁྲེགས་པོར་བྱས་ཏེ་བསྡད་ནའང་མ་འགྲིག་པ་མེད་མོད། འོན་ཀྱང་དཔེར་ན་ནུབ་ཕྱོགས་པ་འགའ་ཤས་ང་རང་ཚོའི་མཆོད་ཁང་ནང་དུ་རྐང་ལག་བརྐྱངས་ཤིང་འདུག་པའི་སྐབས་སུ། སྤྱོད་པ་འདིའི་རིགས་ང་རང་ཚོའི་ངོར་ངན་པར་རྩི་གི་ཡོད་པ་ལྟར། ཕ་རོལ་པོས་ཀྱང་རང་ཅག་གི་སྤྱོད་ལམ་ཁག་ལ་དེ་ལྟར་མཐོང་གི་ཡོད་རྒྱུ་རེད། བླ་སྤྲུལ་རྣམས་ཀྱིས་རང་གི་སློབ་མ་དང་། ཉེ་གནས་ཞབས་འབྲིང་པ་ཚོའི་མདུན་ན་ཀུན་སྤྱོད་ཡག་པོ་གནང་གི་ཡོད་པ་ལྟར། རང་གི་སློབ་མ་དང་། ཉེ་གནས་མིན་པ་ཚོའི་འགྲམ་ལ་ཡང་དེ་ལྟར་གནང་རྒྱུ་དང་། ལྷག་པར་དུ་ནང་པ་མ་ཡིན་པའམ། ནང་ཆོས་ལ་ཐོག་མར་དོ་སྣང་བྱེད་མཁན་རྣམས་ཀྱི་སྔོན་དུ་སྤྱོད་ལམ་དམིགས་བསལ་གྱིས་གཟབ་གཟབ་གནང་དགོས། བླ་སྤྲུལ་གཅིག་གི་མཛད་སྤྱོད་ལ་བརྟེན་ནས་གང་ཟག་གཅིག་ནང་ཆོས་ལ་དང་བ་མི་འདྲེན་པ་དང་ཞེན་པ་ལོག་པ་སོགས་བྱས་ཤིང་ཐར་པའི་ས་བོན་བཅོམ་ན་ཆོས་ཕྱོགས་ཀྱི་དབང་དུ་བཏང་ནའང་ཉེས་པ་ཤིན་ཏུ་ཆེ།

བླ་བྲང་དང་། ཕ་མ། དགོན་པ་སོགས་ཀྱིས་བླ་སྤྲུལ་ཡང་སྲིད་རྣམས་ཀྱིས་རབ་བྱུང་གི་སྡོམ་པ་ཞུ་རྒྱུའི་ཐད་ལའང་ཐུགས་བསམ་རྒྱ་ཆེན་པོ་བཞེས་དགོས་ཀྱི་འདུག སྤྱིར་རབ་ཏུ་བྱུང་རྒྱུ་དེ་རང་གཞན་གཉིས་ཕན་གྱི་བྱ་བ་རླབས་པོ་ཆེ་ཞིག་ཡིན་པ་ནི་སུས་ཀྱང་བསྙོན་དུ་མི་ནུས་ཀྱང་། གནའ་བོའི་ལུགས་སྲོལ་ཡིན་པའི་རྒྱུ་མཚན་དང་སྐུ་གོང་མ་རིམ་བྱོན་རྣམས་དགེ་སློང་ཤ་སྟག་ཡིན་པའི་རྒྱུ་མཚན་སོགས་ལ་བརྟེན་ནས། ཡང་སྲིད་དེས་ཀྱང་ངེས་པར་ཅན་དུ་རབ་བྱུང་གི་སྡོམ་པ་ཞུ་དགོས་པ་ལྟ་བུ་དང་། སྙན་གྲགས་དང་བཀུར་སྟི་སོགས་ལ་ཕན་དུ་རེ་ནས་དགེ་སློང་གི་སྡོམ་པ་ཞུ་བཅུག་པ་དང་། རབ་ཏུ་མ་བྱུང་ན་མི་ཡིས་འཕྱ་སྨོད་ཡོང་བར་འཇིགས་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་བ་སོགས་ནི་གཏན་ནས་མི་རུང་། དེའང་ངེས་པར་འབྱུང་བའི་བློ་བཅོས་མིན་ཞིག་རྒྱུད་ལ་མེད་ན་ངེས་འབྱུང་གི་སྡོམ་པ་ཆགས་པའི་སྣོད་ཀྱང་མི་རུང་བའི་སྐོར་ཕྱོགས་ཙམ་ངེས་པར་དུ་ཤེས་པར་བྱེད་དགོས། བླ་སྤྲུལ་རང་རང་ལ་རབ་བྱུང་གི་སྡོམ་པ་ཞུ་འདོད་མེད་བཞིན་དུ་མང་ཚོགས་ཀྱི་བསམ་ཚུལ་དང་། ཕ་མ་དང་། ཞབས་ཕྱི། དགེ་རྒན་སོགས་ཀྱིས་བསྡིགས་དམོད་བྱེད་ཅིང་། བཙན་དབང་བྱས་ཏེ་སྡོམ་པ་ཞུ་བཅུག་པ་ནི་བདེ་བར་གཤེགས་པའི་རིང་ལུགས་དང་ཡང་འགལ་བ་རེད།

དམ་ཆོས་འདུལ་བའི་གཞུང་རྣམས་ལས་དགེ་སློང་གི་སྡོམ་པ་ཞུ་བ་པོའམ། བསྒྲུབ་བྱ་རང་ཉིད་ལོ་ཉི་ཤུ་ལོན་པ་ཞིག་ཡིན་དགོས་གསུངས་ཡོད་པས། རང་ལོ་ཉི་ཤུའམ་སུམ་ཅུ་མ་ལོན་གྱི་བར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་མ་ཞུས་ན་ལེགས་ཆ་ཆེ། འོན་ཀྱང་སྤྱིར་རབ་བྱུང་གི་སྡོམ་པ། ཁྱད་པར་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་དང་མི་ཞུའི་གདམ་ཀ་དེ་བླ་སྤྲུལ་རང་ཉིད་ལ་ཡོད་དགོས་པ་ལས། གཞན་གྱིས་དབང་ཡོད་བྱས་ཏེ་སྡོམ་པ་ཞུ་བཅུག་མི་རུང་། སངས་རྒྱས་ཀྱི་བསྟན་པའི་རྩ་བ་ནི་དམ་ཆོས་འདུལ་བ་ཡིན་པར་བརྟེན། འདུལ་བའི་བསྟན་པ་འདི་གསེར་སྦྱང་གཙོ་མ་བྱི་དོར་བྱས་པ་ལྟར་ཁམས་གཙང་སྤུས་དག་ཅིག་འོང་ཐུབ་པའི་ཐབས་ཤེས་སྣ་ཚོགས་གཏོང་དགོས། དཔེར་ན་བླ་སྤྲུལ་རང་ཉིད་ལ་སྡོམ་པ་ཞུ་འདོད་ཡོད་ཀྱང་། སྡོམ་པ་མ་ཞུས་པའི་སྔོན་དུ། ཐ་ན་ཉི་མ་རེ་རེ་ལ་རབ་ཏུ་བྱུང་བའི་ཕན་ཡོན་ག་ཚོད་ཡོད་མེད་ཀྱི་སྐོར་དང་། གལ་སྲིད་སྐྱ་སར་འབབ་འདོད་བྱུང་ན་དགེ་ཚུལ་སློང་གི་སྡོམ་པ་ཡར་འབུལ་རྒྱུ་ཡོད་པའི་སྐོར་དང་། སྡོམ་པ་མ་ཕུལ་བཞིན་ཕམ་པ་འཆབ་བཅས་ཀྱིས་ཉམས་ན་ཤིང་ཏ་ལའི་མགོ་བོ་ཆད་པ་ལྟར་སླར་གསོར་མི་རུང་བའི་སྐོར་སོགས་ནན་ཏན་གྱིས་གསལ་པོར་ར་སྤྲོད་དགོས།

མདོར་བསྡུས་ནས་བཤད་ན་སྤྱིར་གཞོན་ནུའི་རིགས་སུ་ཡིན་ནའང་གསོ་སྐྱོང་སྐྱེད་སྲིང་ཡག་པོ་བྱས་ཏེ་མཐར་རང་གཞན་གཉིས་ཀ་ལ་ཕན་ཐོགས་ངེས་ཀྱི་མི་གོ་ཆོད་པ་ཞིག་བཟོ་རྒྱུ་དེ་གལ་ཆེའི་རྩ་དོན་དུ་འཛིན་དགོས། མི་གོ་ཆོད་པ་ཞིག་འོང་བ་ལ་ཐོག་མར་རང་མགོ་ཐོན་པ་ཞིག་འོང་དགོས། གཞོན་ནུའི་ནང་ནས་ཀྱང་བླ་སྤྲུལ་གཞོན་པ་རྣམས་ནི་བསྟན་པ་དང་སེམས་ཅན་གྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་གཞན་མགོ་འདོན་པའི་སྔོན་དུ་ཐོག་མར་རང་མགོ་ཐོན་པ་ཞིག་ངེས་པ་ཅན་དུ་འོང་ཐུབ་པའི་ཐབས་ཤེས་ཡོད་དགུས་འབད་དགོས་ཀྱི་འདུག རང་མགོ་ཐོན་པ་ཞིག་དགོས་ཀྱི་འདུག་ཟེར་བ་དེའང་། གཙོ་བོ་ཆོས་ཕྱོགས་ནས་རང་མགོ་ཐོན་པ་ཞིག་ངེས་པར་དུ་དགོས། སྲོག་གི་ཕྱིར་དུ་བསྟན་པ་དང་སེམས་ཅན་བློས་མི་གཏོང་བ་ཞིག་བཟོ་མ་ཐུབ་ཀྱང་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་བསྟན་པ་དང་སེམས་ཅན་བློས་མི་གཏོང་བ་ཞིག་བཟོ་ཐུབ་དགོས། དེ་ཡི་ཐོག་ཏུ་ཕྱི་ནང་གི་ཤེས་ཡོན་གང་ཅིའི་ཐད་ནས་རང་རྐྱ་ཐུབ་པ་ཞིག་དང་། མི་སྣ་ཆེ་ཆུང་དྲག་ཞན་སུ་དང་འཕྲད་ནའང་ཐད་ཀར་གདོང་གཏུགས་ཤིང་འབྲེལ་བ་བྱེད་ཤེས་པ་དང་། གལ་ཏེ་བླ་སྤྲུལ་རང་ལ་ཞབས་གྲས་དང་དངུལ་སོགས་མེད་པའི་དཀའ་ངལ་འཕྲད་པ་དང་། གཞན་ཡང་ཛ་དྲག་གི་གནས་ཚུལ་ལྟ་བུ་ཐོན་པའི་ཚེ་ནའང་གནས་དུས་གང་དུ་འགྲོ་འདུག་ཇི་ལྟར་དགོས་པ་ཤེས་པའི་ཤེས་ཡོན་དང་། དེ་ལྟར་བྱེད་པའི་སྤོབས་པ་ཡོད་པ་ཞིག་ཆགས་དགོས། དཔེར་ན་བླ་སྤྲུལ་ན་གཞོན་རྣམས་ཀྱིས་སོ་སོའི་ན་བཟའ་སོ་སོས་བཀྲུ་རྒྱུ་དང་། སོ་སོའི་བཟའ་བཏུང་གི་རིགས་སོ་སོས་བཟོ་ཤེས་པར་གནང་ཐུབ་ན་ལེགས་པའི་ཡོན་ཏན་གྱི་ཆ་ཡིན།

དགུང་ན་ཕྲ་མོའི་དུས་ནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཆུང་ངུ་ཡན་དགེ་རྒན་དང་ཡང་ན་ཕ་མ་ཚོའི་བཀའ་བཀོད་ལམ་སྟོན་རྐྱང་རྐྱང་གི་འོག་ཏུ་འཚར་ལོངས་དགོས་ན། དེ་ལ་ནར་སོན་པའི་དུས་སྐབས་ཤིག་གཏན་ནས་མེད་པས་མ་འོངས་པར་མི་མང་པོའི་ཆོས་ཀྱི་དབུ་ཁྲིད་ཅིག་ཇི་ལྟར་འགྱུར་སོམ་ཉི་རེད། བླ་སྤྲུལ་རྣམས་སྐུ་ན་ཆུང་ངུའི་སྐབས་ནས་མི་མང་དང་འབྲེལ་ཐག་ཆད་སོང་ན། ཡར་ཆེ་བའི་སྐབས་སུ་མི་དང་འབྲེལ་བ་གཏན་ནས་གནང་མི་ཤེས་པ་དང་། ཐ་ན་བཀའ་མོལ་ཞིག་ཀྱང་ཐད་ཀར་གནང་མི་ཤེས་ནས། གལ་སྲིད་ཆོས་དང་འཇིག་རྟེན་སྐོར་གྱི་བཀའ་སློབ་སྩལ་དགོས་ཁེལ་བའི་ཚེ། དཔེ་ཐོག་ལ་ཡོད་པ་དེ་བློ་ལ་ཟིན་ཅིང་མར་སྐྱོར་བ་ལས། གནས་དུས་དང་བསྟུན་པའི་བཀའ་སློབ་དང་སློབ་གསོ་གང་ཡང་གནང་མི་ཤེས་པ་དང་། གཞན་གྱིས་བཀའ་འདྲི་ཞུ་བའི་ཚེ་གསུང་ལན་འདེབས་མི་ཤེས་པ་དང་། འདེབས་པའི་སྤོབས་པ་མེད་པ་དེ་འདྲ་འགྱུར་གྱི་ཡོད་པ་མཐོང་དང་མཐོང་བཞིན་པ་རེད། ཡང་བླ་སྤྲུལ་དགུང་ལོ་ཆུང་ཆུང་ཡིན་པའི་དུས་ནས་འཁོར་སློབ་ཚོས་བསྟོད་བཀུར་དང་འུར་སྒྲོག་ཆེ་དྲགས་ཤིང་། རྟགས་དང་ཡ་མཚན་ཆེ་རབས་སོགས་རྣམ་ཐར་བདེན་རྫུན་འདྲེས་མ་མང་ཐག་ཆོད་ཅིག་གང་སར་ཁྱབ་བསྒྲགས་དང་། པར་རིས་སྣ་ཚོགས་དྲྭ་ལམ་སོགས་བརྒྱུད་དེ་འགྲེམ་སྤེལ་རྒྱ་ཆེན་པོ་བྱས་པར་བརྟེན། དགུང་ལོ་ཡར་ཆེ་རུ་ཕྱིན་པའི་སྐབས་དགོས་པའི་སྐུ་ཡོན་སློབ་སྦྱོང་སོགས་གང་ཡང་མེད་པའི་ཁར་མི་དགོས་པའི་རང་མཐོང་ཆེན་པོ་དང་། རང་སྣང་མཐོན་པོ་ཅན་དུ་ངན་ལང་ཤོར་ཞིང་། ཆོས་དང་འཇིག་རྟེན་གང་གི་སྟེང་ནས་མི་གོ་མི་ཆོད་པ་ཞིག་ཏུ་འགྱུར་བ་དང་། ཆུང་དུས་ཁྱབ་བསྒྲགས་སོགས་ཀྱིས་གྲགས་པ་སྤེལ་ཆེ་བའི་རྒྱུས་ཕྱིས་སུ་ངན་གྲགས་ཀྱང་དེ་ཙམ་གྱིས་ཆེ་བར་འགྱུར་ཏེ། མཐར་བླ་སྤྲུལ་སོ་སོ་ཡང་ཅི་བྱ་གཏོལ་མེད་དུ་སྡོད་དགོས་པའི་གནས་ཚུལ་འབྱུང་གི་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།

བླ་སྤྲུལ་དྲག་ཞན་བར་མ་སུ་ཡིན་ནའང་རུང་། ཐོག་མར་ངོས་འཛིན་གནང་བའི་ཉིན་མོར་ཁྲི་འདོན་རྟེན་འབྲེལ་མཛད་སྒོ་སོགས་བྱེད་དགོས་ན་བྱེད། དེ་ལྟར་གྲུབ་པའི་དེ་མ་ཐག་ནས་བཟུང་དགུང་ལོ་ཉི་ཤུ་ལྷག་མ་ཟིན་གྱི་བར། གང་ཟག་དཀྱུས་མའི་གྲས་སུ་གཞག་ནས། དམིགས་བསལ་གྱི་ཁྲི་མཐོན་པོ་དང་། ཆེ་བསྟོད་སོགས་གང་ཡང་མེད་པར། ཕྱི་ནང་གི་རིག་གནས་ཐུན་མོང་དང་ཐུན་མིན་གྱི་ཤེས་ཡོན་རྣམས་དང་། སློབ་གསོ་སོགས་གང་འོས་སྤྲད་པ་ཡིན་ན་ལེགས་པོ་ཡོང་སྲིད། སྤྲུལ་སྐུ་ལམ་ལྷོངས་ཡོང་མིན་དེ་ཕ་མ་དང་། བླ་བྲང་། དགོན་པ་གྲྭ་ཚང་ཁོ་ན་ལ་རག་ལས་པ་ཞིག་མིན། སྦྱིན་པའི་བདག་པོ་རྣམས་ལའང་རག་ལས་ཡོད། སྦྱིན་བདག་རྣམས་ཀྱིས་བླ་སྤྲུལ་རྣམས་ལ་ཉེར་མཁོའི་མཐུན་རྐྱེན་སྦྱོར་བའི་སྐབས་སུ་བླ་བྲང་དང་དགོན་སྡེ་སོགས་མདོར་ན་སྤྲུལ་སྐུའི་འགན་ཡོད་ལས་ཀྱི་སྣེ་མོ་བ་རྣམས་དང་གྲོས་མོལ་གནང་ན་ལེགས། དེ་ལྟར་མ་ཡིན་པ་སྤྲུལ་སྐུ་གཞོན་ནུ་རྣམས་ལ་ཐད་ཀར་དངུལ་རྐྱང་ཕོན་ཆེན་འབུལ་བ་དང་། ཤིན་ཏུ་རིན་གོང་ཆེ་བའི་སྣུམ་འཁོར་དང་། ཕྱག་ཚོད་སྤྲད་པ་སོགས་ཀྱིས་ལང་ཤོར་དུ་བཏང་ནས། དད་པས་ཕུལ་བའི་དཀོར་རྫས་རིགས་ཇི་མི་སྙམ་པར་སྤྱོད་པའི་ཉེན་ཁ་ཡོད།

བླ་སྤྲུལ་གྱི་ཞབས་གྲས་པ་རྣམས་ཀྱང་བཞུགས་ཁྲི་མཐོ་དམན་ལྟ་བུའི་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་མནོ་ཉི་ཚེ་བ་གཏོང་མཁན་ཞིག་མ་ཡིན་པ། ཕུགས་རྒྱང་རིང་པོ་ལ་བསམ་བློ་གཏོང་ཤེས་པ་དང་། ཁ་ཞེ་གཉིས་མེད་དུ་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཡོད་པ་དང་། མདོར་ན་དམ་པའི་ཆོས་སེམས་ནང་ལ་ཡོད་མཁན་ཞིག་ཡིན་དགོས། ཞབས་ཕྱི་དང་དགེ་རྒན་རྣམས་ཀྱི་ལས་འགན་གཙོ་བོ་ཞིག་ནི། གོ་ས་མཐོ་དམན་དང་། མཚན་སྙན་ཆེ་ཆུང་ལ་མ་ལྟོས་པར་དབང་ལུང་ཁྲིད་རྒྱུན་མན་ངག་སོགས་ཡོད་པའི་བླ་མ་ཚད་ལྡན་གང་ན་བཞུགས་པ་དེའི་སྐུ་མདུན་དུ་གཅར་ནས་བཀའ་ཆོས་གསན་བཞེས་གནང་བའི་ཐབས་ཤེས་སྣ་ཚོགས་ལ་འབད་རྩོལ་ཆེན་པོ་བྱེད་ཅིང་སྤྲུལ་སྐུ་རྣམ་པར་དབང་ལུང་མན་ངག་སོགས་ཞུ་བཅུག་རྒྱུ་དེ་ཡིན། བླ་མ་དགེ་བའི་བཤེས་གཉེན་དེ་འདྲའི་སྐུ་མདུན་དུ་ཉིན་ལྟར་དང་། ཡང་ན་བདུན་ཕྲག་རེའི་ནང་དང་། ཟླ་རེའི་ནང་ལ་ཐེངས་རེ་སོགས་ཡང་ཡང་སྐུ་གཅར་ཞུ་བཅུག་རྒྱུ་དང་། དེ་ལྟ་བུའི་ཆོས་གནང་མཁན་གྱི་དགེ་བའི་བཤེས་གཉེན་དེ་སྐུ་གོང་མའི་ཞལ་སློབ། ཐོབ་དང་གོ་ས་མཚན་སྙན་སོགས་གང་ཡང་མེད་ཅིང་ཆེས་དཀྱུས་མ་ཞིག་ཡིན་ནའང་། སོ་སོར་ཆོས་ཉན་པ་པོ་ཡིན་པའི་འདུ་ཤེས་དང་། བླ་མ་དགེ་བའི་བཤེས་གཉེན་དེ་ལ་ཆོས་འཆད་པ་པོ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་མང་ཚོགས་ཀྱི་དཀྱིལ་ལྟ་བུ་ཡིན་ནའང་རེད། མི་མེད་ལུང་སྟོང་ནང་ལྟ་བུ་ཡིན་ནའང་རེད། གང་ལྟར་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟི་སྟངས་སོགས་བྱ་འཇུག་དགོས། དེང་སང་སྤྲུལ་སྐུ་སྤྱི་དང་ཁྱད་པར་སྐུ་ཕྲེང་གོང་མ་ལ་མཚན་སྙན་དང་བླ་ཆེན་གྱི་གོ་གནས་ཡོད་མཁན་གྱི་གྲས་རྣམས་ཆོས་འཆད་པ་པོ་བླ་མའི་སྐུ་མདུན་དུ་ཕར་ཕེབས་རྒྱུ་ལྟ་ཞོག ཆོས་འཆད་པ་པོ་བླ་མ་དེ་ཆོས་འཆད་སའམ་འཆད་ཡུལ་སློབ་མ་སྤྲུལ་སྐུ་ན་གཞོན་རྣམས་ཀྱི་སྐུ་མདུན་དུ་ཚུར་གཅར་བའི་སྐབས་སུ་ཡང་སྤྲུལ་སྐུ་རྣམས་ཆོས་ཞུ་སའི་བླ་མ་ལས་ལྷག་པའི་ཚུལ་བསྟན་ཞིང་ཁྲི་ཁར་འདུག་པ་སོགས། སངས་རྒྱས་ཀྱི་ཆོས་དང་མཐུན་པ་ལྟ་ཅི་ཐ་ན་འཇིག་རྟེན་ཡ་རབ་ཀྱི་ལུགས་སྲོལ་དང་ཡང་མཐུན་གྱི་མེད།

མཐའ་དོན་བླ་སྤྲུལ་ཟེར་བ་དེ་ལ། ཁོག་པའི་སྙིང་། དཔྲལ་བའི་མིག།ལུས་ཀྱི་མགོ་ལྟ་བུ་ངེས་པར་དུ་ཡོད་དགོས་རྒྱུ་དེ་གང་ཞིག་ཡིན་སྙམ་ན། དེ་ནི་གཙོ་བོ་ཐུགས་རྒྱུད་བཟང་པོ་དམ་པའི་ཆོས་དང་འདྲེས་པ་ཞིག་ཡོད་པ་དེ་རེད། རྒྱུ་མཚན་དེས་ན་ཆོས་པ་རྣམ་དག་བཟོ་ཨེ་ཐུབ་བལྟ་སའི་ཁོར་ཡུག་ཅིག་བསྐྲུན་ཐུབ་དགོས། དངོས་གནས་བྱས་ན་ཆོས་པ་རྣམ་དག་བཟོ་ཨེ་ཐུབ་བལྟ་དགོས་པའི་སྐོར་དེ་འདིར་བཤད་མི་དགོས་པ་ལྟ་བུ་ཡིན་ཡང་། དེང་སང་ཆོས་པ་རྣམ་དག་བཟོ་རྒྱུ་དེ་རེ་ཞིག་བཏང་སྙོམས་སུ་ལུས་པའམ། ཡང་ན་ཆོས་པ་རྣམ་དག་ཅིག་བྱེད་ཅེས་པའི་གོ་བ་ལེན་སྟངས་ནོར་ནས། ཁ་ཏོན་སོགས་འདོན་པ་དང་། ཙོག་གེར་སྡོད་པ། ཡང་ན་རབ་བྱུང་གི་སྡོམ་པ་ཞུ་བ། ལོ་གསུམ་ཟླ་གསུམ་ལ་མཚམས་ཁང་ནང་དུ་འཛུལ་བ། གདན་སའམ་དགོན་པ་ཆེན་པོ་འདེབས་པ། ལྷ་སྐུ་རྟེན་གསུམ་མང་པོ་བཞེངས་པ། མི་མང་ལ་དབང་བསྐུར་བ་དང་། ཆོས་བཤད་སོགས་བྱས་ན་ཆོས་སྒྲུབ་པ་དང་། དེ་ལྟར་བྱེད་མཁན་ལ་ཆོས་པ་ཡི་ཐ་སྙད་འདོགས་པ་དེ་བོད་པའི་གོམས་གཤིས་སུ་ཆགས་བསྡད་ཡོད།

ཁོར་ཡུག་ལེགས་ཉེས་དབང་གིས་ད་ལྟ་ཞལ་བཞུགས་པའི་བླ་མ་ཁ་ཤས་ལ་སྤྲུལ་སྐུའི་མཚན་གནས་དང་། ཐོབ་དང་གོ་ས་དང་། བསླབ་པ་སློབ་གཉེར་བྱ་ས་སོགས་དམིགས་བསལ་གྱི་སྐྱེད་སྲིང་བའི་གྲ་སྒྲིག་གང་ཡང་མེད་པར་གང་ཟག་དཀྱུས་མ་ཞིག་ལྟར་འཚར་ལོངས་བྱས་ཀྱང་། མཐར་ཀུན་གྱིས་ཆེས་བཀུར་བར་འོས་པའི་གནས་སུ་གྱུར་པ་དེ་འདྲ་ཡང་ཡོད་ཅིང་། ཡང་བླ་སྤྲུལ་ཁ་ཤས་ནི་མཚན་གནས་གོ་ས་ཡོད་པ་ཙམ་དུ་མ་ཟད་བླ་བྲང་སོགས་འཚོ་བའི་མཐུན་རྐྱེན་ཧ་ཅང་རྒྱས་སྤྲོས་ཆེན་པོ་ཡོད་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་ཡང་། ཐུགས་རྒྱུད་ཆོས་དང་འདྲེས་པར་བཟོ་སའི་ཁོར་ཡུག་ཅིག་མེད་པའི་རྒྱུ་མཚན་གྱིས་བླ་མ་སྐུ་ན་ཕྲ་བ་ཚོ་ལང་ཤོར་དུ་ཕྱིན་པ་དེ་འདྲ་ཡང་ཡོད།

 

དྲུག་པ། མ་འོངས་པའི་སྤྲུལ་སྐུ་རྣམས་ལ་སྐུ་ཡོན་དང་སློབ་གསོ་སྤྲོད་སྟངས།

སློབ་གསོ་སྤྲོད་སྟངས་གཙོ་བོ་ནི་གོང་དུ་ཞུས་པ་བཞིན་རྩ་བའི་དམིགས་ཡུལ་དེ་གཞིར་བཟུང་ཞིང་གནས་དུས་དང་བསྟུན་པའི་སྒོ་ནས་ཕུལ་དགོས། དཔེར་མཚོན་ཙམ་ཞུ་ན། བླ་སྤྲུལ་གཞོན་སྐྱེས་ཚོ་ལ་ཐོག་མར་དང་པོ་ནས་དཀོན་མཆོག་གསུམ་ལ་དད་པ་དང་། ལས་འབྲས་ལ་ཡིད་ཆེས་ངེས་པར་ཅན་དུ་ཡོད་དགོས་པའི་སྐོར་གྱི་སློབ་གསོ་འབུལ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན། ན་ཚོད་གཞོན་པའི་བླ་སྤྲུལ་དེ་ལ། ཁྱེད་དགེ་སློང་དང་མཁན་པོ་བཟོ་ཐུབ་ཀྱང་རུང་ལ་མ་ཐུབ་ཀྱང་རུང་། བཤད་གྲྭ་ནས་དགེ་བཤེས་གཏོང་ཐུབ་ཀྱང་ཆོག་ལ་མ་ཐུབ་ཀྱང་ཆོག ལོ་གསུམ་མཚམས་ལ་བསྡད་རྒྱུ་བྱུང་ན་འགྲིག་ལ་མ་བྱུང་ནའང་འགྲིག འོན་ཀྱང་བླ་མ་དཀོན་མཆོག་གསུམ་དང་། ལས་འབྲས་ལ་དད་པ་དང་ཡིད་ཆེས། སེམས་ཅན་ལ་བྱམས་པ་དང་སྙིང་རྗེ། དཀོར་རྫས་ལ་འཛེམ་བག་ཡོད་པའི་ཆོས་པ་རྣམ་དག་ཅིག་ངེས་པར་ཅན་དུ་བཟོ་ཐུབ་པ་ཞིག་དགོས་ཚུལ་ནན་ཏན་གྱིས་སློབ་གསོ་སྤྲོད་དགོས། རང་རེས་ང་ཚོ་ནི་ནང་པ་སངས་རྒྱས་པ་ཡིན་པས་དཀོན་མཆོག་གསུམ་ལ་དད་པ་དང་ལས་འབྲས་ལ་ཡིད་ཆེས་ཅི་ལ་མེད་བསམ་མཁན་ཤ་སྟག་ཡིན་མོད། བླ་སྤྲུལ་རྣམས་དང་། ཆོས་པ་རྣམ་དག་ཡིན་བསམ་སྡོད་མཁན་ཚོ་ཡང་སེམས་རྒྱུད་ཆོས་དང་འདྲེས་ཐུབ་ཡོད་མཁན་ཧ་ཅང་དཀོན་པོ་རེད། གང་ཡིན་ཞུ་ན། ཚེ་འདིའི་དཔལ་དང་སྙན་གྲགས། འཁོར་དང་གཟི་བརྗིད་ལ་ཤིན་ཏུ་རྩ་ཆེན་དུ་འཛིན་ཞིང་། སྦྱིན་བདག་དང་སློབ་མ་རྣམས་ཀྱིས་བསྟོད་དུ་རེ་བ་དང་། འཕྱ་རུ་དོགས་པས་དུས་ཚོད་དང་འགྲོ་གྲོན་ཕལ་ཆེར་དེ་དག་གི་ཆེད་དུ་གཏོང་གི་ཡོད་པ་མ་ཟད། སྐུ་གསུང་ཐུགས་རྟེན་རྣམས་ཀྱང་གཞན་ལ་བཙོང་བའི་རྫས་ལ་བག་མེད་དུ་ལོངས་སྤྱོད་པ་སོགས་དང་། རྒྱུ་དང་འབྱོར་བ། ཁེ་དང་སྙན་གྲགས་ཀྱི་ཆེད་དུ་དབང་བསྐུར་ཆོས་བཤད་གར་འཆམ་པ་ཡན་ཆད་སོགས་མཛད་སྟངས་ལ་དཔག་ན་གཞི་རྩ་ནས་དཀོན་མཆོག་ལ་དད་པ་དང་། ལས་འབྲས་ལ་ཡིད་ཆེས་མེད་པ་ལྟར་ཆགས་ཡོད།

རྒྱུ་མཚན་དེས་ན་སྤྲུལ་སྐུ་རྣམས་ལ་སྐུ་ན་ཕྲ་མོའི་དུས་ནས་དཀོན་མཆོག་གསུམ་ལ་ཁ་ཞེ་གཉིས་མེད་ཀྱི་དད་པའི་རྐང་རྩ་ཡོད་པ་ཞིག་དང་། ལས་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་བཟོ་དགོས་པས། དེའི་ཆེད་དུ་སློབ་གསོ་ཡག་པོ་སྤྲོད་དགོས། དགོན་པ་གྲྭ་ཚང་དང་། བཤད་གྲྭ་སྒྲུབ་གྲྭ་སོགས་འཛུགས་སྐྲུན་བྱེད་རྒྱུར་ཁ་གཡར་ཏེ། སྐུ་གསུང་ཐུགས་རྟེན་དང་། བླ་མ་གོང་མའི་དབུ་སྐྲ། ན་བཟའ། བྱིན་རྟེན་ལ་སོགས་པ་རྒྱ་རིགས་ལྟ་བུའི་སྦྱིན་བདག་རྣམས་ལ་བཙོང་བ་དང་རྟེན་དང་བྱིན་རླབས་དམ་རྫས་ཀྱི་རིགས་དཔལ་འབྱོར་བསྡུ་རུབ་བྱེད་ཆེད་དུ་བེད་སྤྱོད་བཏང་བ་ནི་དམ་པའི་ཆོས་དང་མི་མཐུན་པའི་ཚུལ་སློབ་གསོ་སྤྲོད་དགོས། གཞན་ཡང་དེང་སང་བླ་སྤྲུལ་མཁན་པོ་ཁ་ཤས་ཀྱིས་རང་རྒྱུད་ལ་སྡོམ་པ་ཡོད་མེད་ལ་མ་ལྟོས་ནས། ཆོས་གོས་དང་སྣམ་སྦྱར་སོགས་གྱོན་ཏེ་གྲལ་འགོ་ལ་བསྡད་ཅིང་། གཞན་ལའང་དགེ་ཚུལ་སློང་གི་སྡོམ་པ་འབོགས་པ་སོགས་ནི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་འཇོམས་པའི་ལས་ངན་ཚབས་ཆེན་གསོག་པ་ཡིན་ལ། དེ་ལྟར་བྱེད་ཀྱི་ཡོད་པའི་ཤུགས་རྐྱེན་ལ་བརྟེན། རྗེས་འབྲང་གི་ཞབས་སློབ་གྲྭ་ཚང་ཁག་གི་ལོ་ཆུང་རྣམས་ཀྱང་དེ་འདྲའི་ཀུན་སྤྱོད་ལ་འཛེམ་བག་མེད་པར་ཇི་མི་སྙམ་པར་སྤྱོད་མཁན་མང་པོར་འགྱུར་གྱི་ཡོད། ཀུན་སྤྱོད་དང་ལག་ལེན་འདི་ལྟ་བུས་ནི་རང་ངོས་ནས་སངས་རྒྱས་ཀྱི་བསྟན་པའི་རྩ་བ་འཇོམས་པའི་ལས་ངན་གསོག་གི་ཡོད་པའི་ཚུལ་དང་། གཞན་ངོས་ནས་ནང་ཆོས་ལ་དད་པ་དང་དག་སྣང་སྐྱེ་བའི་རྐྱེན་དུ་འགྱུར་བ་ཕར་ཞོག གཏིང་ནས་ཞེ་ལོག་པའི་རྒྱུ་རུ་འགྱུར་གྱི་ཡོད་པའི་ཚུལ་ཞུ་དགོས།

སེམས་རྒྱུད་ཆོས་དང་འདྲེས་པར་བྱེད་པའི་ཐབས་ཤེས་གཞན་ཞིག་ནི། བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ལ་བརྩི་བཀུར་དགོས་པའི་སྐོར་དང་། རང་གི་བླ་མ་དགེ་བའི་བཤེས་གཉེན་གྱིས་ཐུགས་ཀྱིས་ཁྲེལ་ཡོང་སྙམ་པའི་དོགས་པ་དང་། འཇིགས་སྐྲག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་དང་། བླ་སྤྲུལ་མཚན་གནས་མཐོན་པོ་ཅན་རྣམས་ཀྱིས་སོ་སོར་བསྟོད་བསྔགས་དང་གྲགས་པ་ཉམས་ཀྱི་དོགས་ནས་མང་ཚོགས་སུ་རང་གི་བླ་མའམ་དགེ་བའི་བཤེས་གཉེན་ལ་བརྩི་བཀུར་མེད་པ་ལྟ་བུ་གཏན་ནས་བྱེད་མི་རུང་བའི་སྐོར་བཅས་ནན་ཏན་བྱས་ནས་ཞུ་དགོས། ཕར་ཆོས་དང་ཟང་ཟིང་གི་སྦྱིན་པ་རྣ་སྐྱག་ཙམ་ཞིག་ལས་སྟེར་རྒྱུ་མེད་ནའང་། ཕུགས་སུ་ཚུར་དེ་ལས་ལྷག་པར་འཐོབ་ཏུ་རེ་མཁན་སོགས་ནི་སེམས་རྒྱུད་ལ་ཆོས་ཀྱི་དྲི་ཙམ་ཡང་མ་གོས་པར་འཇིག་རྟེན་གྱི་བསམ་བློ་འབའ་ཞིག་ཅན་ཡིན་པའི་སྐོར་དང་། རྟེན་བཞེངས་སོགས་ཀྱི་ཆེད་དུ་ཡིན་ཟེར་ཏེ། སྦྱིན་བདག་རྣམས་ཀྱི་རྩ་ནས་ཞལ་འདེབས་འབུལ་བ་ཅི་ལོན་ལེན་ཅིང་། སྦྱིན་བདག་གིས་ཕུལ་བའི་དད་རྫས་ཕལ་ཆེ་བ་རྣམས་སོ་སོའི་བླ་བྲང་སོགས་རྒྱ་བསྐྱེད་ཆེད་དུ་གཏང་བ་ལ་ནི། དཀོན་མཆོག་གི་དཀོར་འཕྲོག་པའི་ཉེས་པ་འབྱུང་བའི་ཚུལ་དང་། བླ་སྤྲུལ་རང་ཉིད་དོན་དུ་ཚུལ་འཆོས་ཀྱི་གཟེབ་ཏུ་ལྷུང་བའི་རུལ་སུངས་ཅན་དུ་གྱུར་ཚར་ནས་འཁོར་བ་པ་ཞིག་དང་གཉིས་སུ་མེད་ནའང་། གཞན་མགོ་སྐོར་བའི་ཆེད་དུ་མཁས་བཙུན་བཟང་གསུམ་ལྡན་པ་དང་། གྲུབ་ཐོབ་ཡིན་མདོག་བསྟན་པ་སོགས་ནི་རང་གཞན་གཉིས་ཕུང་ཡིན་ཚུལ་དང་། ཚུལ་འཆོས་ནི་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་ཤིན་ཏུ་ཐ་ཆད་པའི་བྱ་ངན་ཡིན་ཞིང་། ཁྱད་པར་དུ་ཆོས་ཀྱི་དབུ་ཁྲིད་དང་། ཆོས་པ་ཞིག་ཡིན་ཕྱིན་ཆད་ཚུལ་འཆོས་ཀྱི་རིགས་གཏན་ནས་བྱ་མི་རུང་བའི་ཚུལ་རྣམས་སློབ་དགོས།

སྤྱིར་བཏང་མང་ཚོགས་ཀྱིས་རྩི་མཐོང་འཇོག་སའི་མི་དེའི་རིགས་ལ་འཚུལ་ཆོས་ཧ་ཅང་གིས་མང་བ་ཡོད། ཚུལ་འཆོས་དེ་ལ་རིགས་མི་འདྲ་བ་དུ་མ་ཡོད་པ་ལས་མང་པོ་ཞིག་ནི་དང་པོར་ངོས་འཛིན་ཐུབ་པའང་དཀའ་ཞིང་། ངོས་ཟིན་ནའང་དེ་དག་སྤོང་བ་ལས་སླ་བོ་ཞིག་མིན། དགེ་སྦྱོང་རྣམ་དག་ཡིན་པའི་ཚུལ་འཆོས་དང་། གྲུབ་པ་ཐོབ་མདོག ཆགས་བྲལ་ཡིན་མདོག དད་པ་ཡོད་མདོག ངེས་འབྱུང་སྐྱེས་མདོག་གི་ཚུལ་འཆོས་སོགས་རིགས་མི་འདྲ་བ་མཐའ་ཡས་ཀྱང་། རང་རེ་དང་གོམས་གཤིས་ཁ་ཁར་ཡིན་པའི་མི་རིགས་དང་སྤྱི་ཚོགས་ལ་རང་རེ་བོད་པའི་ཚུལ་འཆོས་ཀྱིས་ཤུགས་རྐྱེན་ཆེན་པོ་གང་ཡང་འདེབས་མི་ཐུབ་པ་མ་ཟད་ད་དུང་ཁོང་ཚོར་བཞད་གད་ཀྱི་རྒྱུར་འགྱུར་གྱི་ཡོད། དཔེར་ན་ཕྱི་རྒྱལ་ཡུ་རོབ་ཀྱི་མི་རིགས་ལྟ་བུ་ལ་མཚོན་ན། རང་ཅག་གི་བླ་མ་ཞིག་གིས་དབུ་ཞྭ་ཡ་མ་ཟུང་ཞིག་དབུ་ལ་གྱོན། སྤོས་སྣ་རྒྱ་གླིང་བསུ་བ་སེར་ཕྲེང་བསྒྲིགས་ནས་གདན་དྲངས་ཏེ་བཞུགས་ཁྲི་ཁང་བརྩེགས་མཐོན་པོ་ལྟ་བུ་ཞིག་གི་སྟེང་ལ་བཞུགས་ཀྱང་། འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་བོད་རིགས་ཀྱིས་སློབ་གསོ་བརྒྱབ་པའི་ཤུགས་རྐྱེན་ཐེབས་སའི་ཕྱི་རྒྱལ་མི་སྣ་ཁ་ཤས་ལ་ཚུལ་འཆོས་དེ་དག་གིས་དང་བ་ཅུང་ཟད་འདྲེན་སྲིད་ན་ཐང་། གཞན་ཕྱི་རྒྱལ་བ་མང་ཆེ་བས་ནི་བོད་ཀྱི་ལུང་པའི་ལུགས་སྲོལ་ཞིག་ཡིན་སྣང་འཆར་བ་ལས། ཁོང་ཚོའི་རྒྱུད་ལ་དད་པ་སྐྱེ་བའི་རྒྱུ་དང་། ཆོས་ཀྱི་ས་བོན་འདེབས་པའི་རྒྱུ་རྐྱེན་གང་ཡང་འགྱུར་དཀའ་བའི་ཚུལ་རྣམས་སློབ་དགོས།

དཔེར་ན་གོས་ཆེན་སེར་པོའི་སྟོད་ཐུང་བཀྲག་མདངས་ཆེན་པོ་ཅན་གྱོན་པས། མདོ་ཁམས་ཤར་ཕྱོགས་སྡེ་དགེ་རྫ་ཆུ་ཁ་པ་དང་མགོ་ལོག་ལྟ་བུའི་ས་གནས་འགའ་ཤས་ནས་བླ་མ་བཟང་པོའི་གྲས་སུ་བརྩི་བར་ཕན་སྲིད་ནའང་། འཇར་མི་ནཱི་དང་དབྱིན་ཇིའི་ལུང་པའི་མི་ཚོས་དེའི་རིགས་ལ་བཀྲག་མདངས་ཅན་གྱི་ཆས་གོས་གྱོན་མཁན་གྲས་ཙམ་དུ་འཇོག་པ་མ་གཏོགས་བླ་མ་བཟང་པོ་དང་མཁས་པར་བརྩི་བའི་ཆ་རྐྱེན་དུ་འགྱུར་གྱི་མེད་པའི་ཚུལ་དང་། དེ་བཞིན་དུ་བླ་སྤྲུལ་རྣམས་རླངས་འཁོར་ནང་ཕར་ཚུར་ཕེབས་སྐབས་རྐུབ་བཀྱག་ལ་གོས་ཆེན་ཞབས་སྟན་གྱིས་གཡོག་པ་དང་། གོས་ཆེན་ཞབས་སྟན་འབྲལ་མེད་དུ་ཁྱེར་བ་ནི་སྤྲང་རྟགས་བསྟན་པ་ཙམ་ལས་དགོས་པ་གཞན་ཅི་ཡང་མེད་པ་དང་། དཔེར་ན་ཨ་རིའི་སྲིད་འཛིན་དང་། ཡེ་ཤུའི་བླ་ཆེན་པོབ་ལྟ་བུའི་རླངས་འཁོར་དུའང་དམིགས་བསལ་བཞུགས་སྟན་གང་ཡང་རྒྱག་གི་མེད་པའི་ཚུལ་དང་། ཆོས་བརྒྱུད་མི་འདྲ་བ་ཉམས་སུ་ལེན་མཁན་གྱི་མི་རིགས་མི་འདྲ་བ་སྣ་ཚོགས་པ་འཛོམས་ས་དཔེར་ན་རྡོ་རྗེ་གདན་ལྟ་བུ་ལ། རང་རེའི་བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་བྱང་ཆུབ་ཆེན་པོའི་བཞུགས་ཁྲི་ལས་མཐོ་ཙམ་གྱི་བཞུགས་ཁྲིའི་ཐོག་ལ་ཉམས་ང་གང་ཡང་མེད་པར་བཞུགས་རྐྱང་བྱེད་པའི་ཚུལ་འདི་དག་ལ་ཐུགས་བསམ་ཡག་པོ་བཏང་ན་ངོ་ཚ་དགོས་པའི་གནས་དོན་ཡིན་ཚུལ་གྱི་སློབ་གསོ་སྤྲད་དགོས།

སྤྱིར་ན་ཁྲོམ་ཐོག་ལྟ་བུ་དང་། དམིགས་བསལ་དུ་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་གང་ཡང་མེད་པའི་ཕྱི་རྒྱལ་གྱི་མི་རིགས་རྣམས་ཀྱི་ངོར། རང་རེའི་བླ་སྤྲུལ་རྣམས་ཀྱི་ཆེ་བ་བརྗོད་སྐབས། བྱང་ཆུབ་སེམས་དཔའ་དེ་དང་དེའི་སྤྲུལ་པ་ཡིན་པའི་སྐོར་དང་། སྐུ་ཕྲེང་རིམ་བྱོན་འདི་དང་འདི་ཞེས་མཚན་རྣམས་བསྟར་སྒྲིག་བྱས་པ་རྣམས་ཀྱང་། བླ་མ་དང་སྤྲུལ་སྐུ་དེའི་ཆེ་བའི་རྒྱུ་མཚན་དུ་འགྱུར་གྱི་ཡོད་མེད་སོམ་ཉི་ཡིན་པའི་ཚུལ་དང་། གཞན་ཡང་བླ་སྤྲུལ་རྣམས་ཀྱིས་སྐུ་པར་ཆེ་ཆུང་སྣ་ཚོགས་བཟོས་ནས་རང་རང་སོ་སོའི་སློབ་མ་རྣམས་སམ། གཞན་སུ་ཐོད་ཐོད་ཀྱི་སྐེ་ལ་འདོགས་བཅུག་པ་དང་། འགྲེམ་སྤེལ་བྱེད་པ་སོགས་ནི་ལུང་པ་ཁུག་ཀྱོག་གྲོང་གསེབ་ཀྱི་མི་རྣམས་ཡིད་མགུ་བའི་རྒྱུ་ཙམ་དུ་འགྱུར་སྲིད་ཀྱང་། དེང་སྐབས་ཀྱི་སྤྱི་ཚོགས་འདིའི་ནང་ལ་དམིགས་བསལ་དུ་བླ་སྤྲུལ་རྣམས་ཀྱི་ཆེ་བ་འདོན་ཐུབ་པའི་དགེ་མཚན་ཅི་ཡང་མེད་པའི་ཁར་རང་རེ་དམ་པའི་སྐྱེས་བུའི་ཡང་སྲིད་རྣམས་དེང་སྐབས་ཀྱི་སྲིད་དོན་པ་དང་། གློག་བརྙན་འཁྲབ་སྟོན་པ། གཞས་པ་གཞས་མ་སོགས་ཀྱི་བརྟུལ་ཞུགས་སྤྱོད་སྟངས་ལྟར་འགྱུར་གྱི་ཡོད་ལ། ལྷག་པར་དུའང་རང་ཉིད་ཀྱི་ཁྱབ་བསྒྲགས་རང་ཉིད་ཀྱིས་གཏོང་བ་སོགས་ནི་ཟོག་པོ་དང་གཡོ་སྒྱུ་ཅན་རྣམས་ཀྱིས་ཀྱང་བྱེད་ཀྱི་ཡོད་པར་བརྟེན། མཐོང་ཆུང་དུ་འགྱུར་ཉེན་ཡོད་པའི་སྐོར་དང་། སྤྱིར་ན་བླ་མ་དང་སྤྲུལ་སྐུ་རང་ཉིད་ཀྱི་སྐུ་པར་རྣམས་རང་ཉིད་བཞུགས་སར་བཀྲམ་འཇོག་བྱེད་པ་དང་། རང་ཉིད་ཀྱི་གདན་སའི་འདུ་ཁང་གི་བཞུགས་ཁྲི་སོགས་ཀྱི་སྟེང་རང་ཉིད་ཀྱི་སྐུ་པར་བཤམས་པ་སོགས་དང་། རང་ཉིད་ཀྱི་ཆེ་བ་བརྗོད་ཕྱིར་ཁྱབ་བསྒྲགས་དང་སྐུ་པར་འགྲེམ་སྤེལ་བྱེད་པ་རྣམས་ནི་སྟབས་གཟབ་མ་གནང་ན་ཚོང་ཟོག་ཁྱབ་བསྒྲགས་འགྲེམ་སྤེལ་བྱེད་པ་དང་ཁྱད་མེད་པར་འགྱུར་གྱི་ཡོད་ཅིང་། དེའི་དབང་གིས་ནང་པ་སངས་རྒྱས་པའི་ཆོས་དེ་ཁྱད་གསོད་དང་མཐོང་ཆུང་གི་གནས་སུ་འགྱུར་ཉེན་ཡོད་པའི་སྐོར་གྱི་སློབ་སྟོན་ཞུ་དགོས།

བླ་མ་སྐུ་ན་བགྲེས་པ་མཁྱེན་ཡོན་རྒྱ་ཆེར་ཡོད་མཁན་དང་། ཁྱད་པར་རང་གི་བཀའ་ཆོས་ཞུ་སའི་བླ་མ་རྣམས་ཀྱིས་ཚུར་ཕྱག་འཚལ་ཞིང་མགོ་བོས་བཏུད་པའི་སྐབས་སུ། མཚན་གནས་མཐོན་པོ་ཡོད་མཁན་གྱི་བླ་སྤྲུལ་ཚོ་ཡར་གདན་ལས་བཞེངས་རྒྱུ་ལྟ་ཅི། སེངྒེའི་འགྱིང་སྟབས་ཀྱིས་ཁྲི་ཁར་གཡོ་མེད་དུ་བཞུགས་གནང་བའི་མཛད་སྤྱོད་ནི། ཆོས་ལ་དོ་སྣང་ཐོག་མར་སླེབས་མཁན་རྣམས་ཀྱི་མིག་སྔར་མི་མཛེས་པ་ཙམ་དུ་མ་ཟད། རང་རེས་ཆོས་འཆད་དུས་ཆོས་འཆད་པ་པོ་ལ་གུས་འདུད་དགོས་ཚུལ་བཤད་བཞིན་སོ་སོས་དེའི་ལྡོག་ཕྱོགས་བྱེད་པ་ནི་ཁ་བཤད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཚུལ་དང་། སྤྱིར་ན་དེང་སང་བླ་སྤྲུལ་རྣམས་ཀྱིས་རང་རང་སོ་སོའི་དབུ་ཞྭ་གྱོན། བཞུགས་ཁྲི་མཐོན་པོའི་སྟེང་ལ་བཞུགས་ཏེ་འཁོར་མང་པོས་བསྐོར་བ་དང་། འཁོར་སློབ་རྣམས་ཀྱིས་ཚུར་ལ་ཕྱག་འཚལ་གུས་འདུད་དང་བསྟི་སྟངས་བྱས་ཚུལ་གྱི་འདྲ་པར་ས་སྟེང་ཁྱབ་པ་འགྲེམ་སྤེལ་གནང་བ་ལྟར་བླ་སྤྲུལ་རང་ཉིད་ཀྱིས་སོ་སོའི་བླ་མའི་ཞབས་ལ་ཕར་བཏུད་དེ་ཕྱག་འཚལ་བ་དང་། གུས་བཀུར་ཞུས་པ་སོགས་ཀྱི་སྐུ་པར་འགྲེམ་སྤེལ་བྱེད་ཐུབ་ན་དགེ་བའི་བཤེས་གཉེན་ལ་བཀུར་བསྟི་དང་། མཁན་པོ་དང་སློབ་དཔོན་ལ་གུས་བཀུར་སོགས་ཡ་རབས་ཀྱི་མཛད་སྤྱོད་ཀྱིས་རྗེས་འཇུག་སློབ་མ་རྣམས་ཀྱི་དང་བ་འདྲེན་གྱི་ཡོད་པའི་སྐོར་ཞུ་དགོས།ན་གཞོན་སྤྲུལ་སྐུ་ཚོ་ལ་མཁས་བཙུན་བཟང་པོའི་ཡོན་ཏན་ངེས་པར་དུ་དགོས་ཤིང་། དེའི་ནང་ནས་བཟང་པོའི་ཡོན་ཏན་ནི་མེད་ཐབས་མེད་པའི་སྐོར་ཡང་ནས་ཡང་དུ་ཞུ་རྒྱུ་དང་། མཁས་པ་དང་བཙུན་པའི་ཡོན་ཏན་ཁོ་ནས་ནི་བསྟན་པ་དང་སེམས་ཅན་ལ་ཕན་རྒྱ་ཆེར་འདོགས་ཐུབ་པའི་ངེས་པ་མེད་པ་དང་། མཁས་པ་དང་བཙུན་པས་དྲེགས་པའི་ང་རྒྱལ་དང་རང་མཐོང་སོགས་ཀྱི་སྒོ་ནས་སྐབས་མཚམས་བསྟན་པ་ལ་གནོད་ཀྱི་ཡོད། རྒྱུ་མཚན་དེས་ན་རང་རྒྱུད་ལ་ང་རྒྱལ་སོགས་མར་གཅོག་ཐུབ་པའི་ཁོར་ཡུག་འཚོལ་ཞིང་དགེ་བའི་བཤེས་གཉེན་བསྟེན་དགོས་ཚུལ་གྱི་སློབ་གསོ་ཡང་འབུལ་དགོས།

བླ་སྤྲུལ་མི་སྣ་དྲག་ཞན་བར་མ་སུ་ཡིན་ནའང་། ཉམ་ཆུང་དཀྱུས་མ་ཡན་ལ་བརྩི་བཀུར་གུས་ཞབས་སོགས་མཛད་རྒྱུ་གལ་གནད་ཆེ་ཚུལ་དང་། ནུབ་ཕྱོགས་པ་སོགས་ཕྱི་རྒྱལ་གྱི་མི་རིགས་ཀྱི་མིག་སྔ་རུ་མཛེས་པའི་ཀུན་སྤྱོད་དཔེར་ན། སྒོ་ཕྱེ་ཞིང་མི་གཞན་དེ་སྔོན་དུ་འགྲོ་རུ་འཇུག་པ་དང་། རང་ཉིད་སྐུ་ན་ཆུང་ནའང་གཞན་ལ་འཚམས་འདྲི་ཞུ་རྒྱུ་ལྟ་བུའི་རིགས་ལ་ཐུགས་སྣང་གནང་ཞིང་མཁྱེན་པར་བྱེད་དགོས་ཚུལ་དང་། བླ་སྤྲུལ་རང་ངོས་ནས་ཀྱང་མ་འོས་པའི་བྱ་སྤྱོད་རིགས་བྱས་ཐལ་ཤོར་བའི་ཚེ་སྐབས་འཕྲལ་ཕ་རོལ་པོར་བཟོད་གསོལ་ཞུ་རྒྱུ་དང་། དད་པའམ་དག་སྣང་ཅན་གྱི་སློབ་མ་ཉམ་ཆུང་གི་རིགས་ཀྱིས་མེ་ཏོག་རྐང་རེ་མ་གཏོགས་འབུལ་རྒྱུ་མེད་ནའང་། སྦྱིན་བདག་ཆེ་ཆུང་དང་། འབུལ་བ་ཆེ་ཆུང་ལ་མ་ལྟོས་པར་དེ་དག་ལ་བརྩི་མཐོང་སོགས་འདྲ་མཉམ་འཇོག་ཅིང་མདོར་ན་འཇིག་རྟེན་ལ་གྲགས་པའི་ཀུན་སྤྱོད་ལེགས་པོ་བྱིས་པ་ཆུང་ངུའི་རིགས་ལ་སློབ་དགོས་པའི་རིགས་ཡོངས་རྫོགས་ཀྱི་སློབ་གསོ་ཕུལ་དགོས།

བླ་སྤྲུལ་རྣམས་ཀྱིས་གཟིམ་ཁང་རྒྱས་སྤྲོས་ཆེན་པོ་ཅན་རྒྱག་པ་དང་། ཕེབས་འཁོར་སོགས་ཧ་ཅང་གོང་ཚད་ཆེན་པོ་ཅན་ཉོ་བ་དང་། བླ་སྤྲུལ་སོ་སོའི་འཁྲུངས་སྐར་གཏོང་བའི་སྐབས་ལྟ་བུར་རྒྱལ་བའི་དུས་ཆེན་རྣམ་བཞི་ལས་འགྲོ་གྲོན་ལྡབ་ལོག་མང་པོས་ཆེ་བ་གཏོང་བ་སོགས་ཀྱི་འགྲོ་གྲོན་ནི། ཤི་གསོན་གང་རུང་གི་དཀོར་རམ། ཡང་ན་དགེ་འདུན་ནམ་གྲྭ་ཚང་ལ་ཕུལ་བའི་དཀོར་རྫས་ཡིན་ན་ཆོས་ཕྱོགས་ནས་ཀྱང་མི་རུང་བ་དང་། འཇིག་རྟེན་ཕྱོགས་ནས་ཀྱང་སྤྱིའི་རྫས་སྒེར་ལ་བེད་སྤྱོད་བཏང་བ་ཡིན་པ་སོགས་ཀྱིས་ཐ་ཆད་དུ་བརྩི་བ་ཡིན་པའི་སྐོར་ཞུ་དགོས། སྦྱིན་བདག་རྣམས་ཀྱིས་དད་པས་ཕུལ་བའི་རྒྱུ་དངོས་དེ་དག་ཐོག་མར་དཀའ་ངལ་མང་པོའི་སྒོ་ནས་བསྡུ་སྒྲུབ་བྱས་པ་ཡིན་ལ། དད་རྫས་དེ་རྣམས་འབུལ་མཁན་གྱི་གང་ཟག་སོ་སོའི་ངོས་ནས་ཤིན་ཏུ་གཅེས་ཤིང་རིན་ཐང་ཆེན་པོ་ཡིན་པའི་སྐོར་རྣམས་མ་ཞུས་ན། དེང་སང་བླ་སྤྲུལ་ཡང་སྲིད་དགུང་ལོ་ཆུང་བ་མང་པོ་ཞིག་གིས་དངུལ་སོགས་དཔལ་འབྱོར་གྱི་རིགས་དེ། འབད་མེད་ལྷུན་གྲུབ་ཡིན་པར་སྙམ་གྱི་ཡོད། དད་རྫས་དེ་རྣམས་ཀྱི་དོན་དུ་སྦྱིན་བདག་རྣམས་ཀྱིས་ལུས་སེམས་ཀྱི་དཀའ་ངལ་ཙམ་མ་ཚད་པར། སྒོ་གསུམ་གྱིས་སྡིག་སྒྲིབ་དཔག་ཏུ་མེད་པ་བསགས་ཡོད་པར་བརྟེན། འཕགས་པའི་གང་ཟག་འདྲ་དང་། ཡང་ན་བཤད་སྒྲུབ་ཚུལ་བཞིན་བྱེད་མཁན་ཞིག་ཡིན་ན་མ་གཏོགས། རང་ཉིད་སོ་སོའི་སྐྱེ་བོ་ཞིག་ཡིན་ནས་བཟུང་དད་རྫས་བག་མེད་དུ་སྤྱད་པའི་རྣམ་སྨིན་ལན་ཆགས་ཚབས་ཆེན་འཁོར་ངེས་ཡིན་པའི་ཚུལ་རྣམས་ཡོངས་འཛིན་ནམ། ཞབས་གྲས་པ་རྣམ་པས་བླ་སྤྲུལ་ཚོ་ལ་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་ཞུ་ཞིང་མཁྱེན་པར་བྱེད་དགོས།

རང་ཅག་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཡིན་པའི་ཆ་ནས་ཀྱང་རྒྱུ་ནོར་ཆེ་ཆུང་དང་། རིགས་རུས་མཐོ་དམན། ཁ་དོག་དཀར་ནག ལུས་རྟེན་ཕོ་མོའི་སྒོ་ནས་བཟང་ངན་སོགས་ཀྱི་དབྱེ་བ་འབྱེད་མི་རུང་ཞིང་། ལྷག་པར་དེང་སང་གི་དུས་སུ་ཟ་མ་མོ་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་བའི་ཚུལ་དང་། བླ་སྤྲུལ་རྣམས་ཀྱིས་སོ་སོའི་མཚན་གནས་དང་དབང་ཆ་སོགས་བེད་སྤྱོད་ལོག་པར་བཏང་ཞིང་། བུད་མེད་ཚོ་ལ་བཙན་ཤེད་ཀྱིས་སམ། ཡང་ན་མཁའ་འགྲོ་མ་རེད་འདུག་རབས་སོགས་ལུང་པ་གང་བཤད་ཅིང་བསླུ་བྲིད་བཏང་མཐར་རང་གཞན་གཉིས་ཆར་སྡུག་ལ་སྦྱར་བའི་གནས་སྟངས་དེ་འདྲའི་རིགས་བཟོ་རྒྱུ་མེད་ལུགས་དང་། ཁྱད་པར་དུ་ཕྱི་རྒྱལ་གྱི་མོ་སྨན་རྣམས་ལ་ཡུལ་ལུང་གི་རིག་གཞུང་དང་གོམས་གཤིས་མི་འདྲ་བ་སོ་སོར་ཡོད་པའི་དབང་གིས། ཕོ་མོའི་བར་ཕན་ཚུན་འབྲེལ་བ་བྱེད་སྟངས་ཀྱང་ང་ཚོ་བོད་རིགས་དང་མི་འདྲ་བ་སོ་སོར་ཡོད། བོད་པའི་བསམ་མནོའི་ནང་དུ་ཕྱི་རྒྱལ་གྱི་བུད་མེད་ཅིག་ཡིན་ནས་བཟུང་གུ་ཡངས་དང་འཆལ་མོ་ཞིག་ཡིན་པར་བསམ་ནས། ཀུ་རེས་སྙད་བརྐོ་བའི་གཏམ་བརྗོད་པ་དང་། དབང་ཡོད་ཀྱིས་གླགས་ལྟ་བ་སོགས་བྱེད་པའི་རྐྱེན་གྱིས། ཡུ་རུབ་དང་ཨ་རི་སོགས་སུ་བླ་སྤྲུལ་མཁན་པོ་ཁ་ཤས་ཁྲིམས་ཁང་བརྒྱུད་བཙོན་འཇུག་བྱས་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་གྱི་ཡོད་ལ། ངེས་པ་ཅན་དུ་ཤེས་དགོས་རྒྱུ་ཞིག་ལ་ནུབ་ཕྱོགས་པའི་ལུང་པའི་ནང་ནས་བུད་མེད་རང་ལོ་བཅོ་བརྒྱད་མ་ཟིན་པ་ནི་ན་མ་སྨིན་པའི་གྲས་སུ་འཇོག་གི་ཡོད་པས། རང་ལོ་བཅོ་བརྒྱད་མ་ཟིན་པ་ཞིག་དང་ཞི་དྲག་གང་གི་སྒོ་ནས་ལུས་འབྲེལ་བྱས་ནའང་ཁྲིམས་འགལ་ཡིན་པ་ཙམ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་འགལ་ནག་ཉེས་ཚབས་ཆེན་པོའི་གྲས་ཡིན་པས་ཐུགས་གཟབ་ཤིན་ཏུ་གནང་དགོས་པའི་སྐོར་གྱི་སློབ་གསོ་ཡང་སྤྲོད་དགོས།

གཞན་ཡང་བླ་སྤྲུལ་རྣམས་སྤྱི་ཚོགས་ཀྱི་དབུ་ཁྲིད་ཡིན་པས། འཇིག་རྟེན་བསྡུ་བའི་ཐབས་དཔེར་ན་སྦྱིན་པ་གཏོང་བ་དང་། སྙན་པར་སྨྲ་བ་སོགས་ཀྱང་བྱ་དགོས་ཤིང་། དེ་དག་མཛད་པ་ལ་དང་པོ་འཇིག་རྟེན་པ་རྣམས་གང་ལ་མགུ་དང་མི་མགུ་སོགས་ཀྱི་སྐོར་ཤེས་པའི་མཁྱེན་རྒྱ་ཡོད་དགོས། ཕ་རོལ་པོ་དངོས་དང་བརྒྱུད་ནས་ཆོས་ལ་ཁ་ཁྲིད་པའི་ཕྱིར་དུ་ཐོག་མར་ཆབ་སྲིད་དཔལ་འབྱོར་རྩོམ་རིགས་ལྟ་བུའི་སྒྱུ་རྩལ་གྱི་རིགས་འདྲ་མིན་གནས་སྐབས་དང་སྟུན་པའི་དར་སྲོལ་ཆེ་བ་དང་། དུས་བསྟུན་གྱི་ཆ་ལུགས་ཁ་ཟས་རོལ་དབྱངས་སོགས་ཀྱི་སྐོར་གྱི་བཀའ་མོལ་སོགས་ཀྱང་ཆེ་ཆུང་ལ་མ་ལྟོས་པར་མཁྱེན་ན་ལེགས་པའི་ཆ་རྐྱེན་དུ་འགྱུར། ང་རང་ཚོ་བོད་རིགས་རྣམས་ཀྱི་སྐད་ཆ་བཤད་སྟངས་དང་བསམ་མནོ་གཏོང་སྟངས་ལྟར་ན། བོད་ཀྱི་རིག་གཞུང་དང་ནང་ཆོས་གཉིས་ཕལ་ཆེར་གཅིག་པ་ཡིན་པའི་ཟོལ་ལྟར་དང་། བོད་ཀྱི་རིག་གཞུང་དང་གོམས་གཤིས་ཉམས་ན་ནང་ཆོས་ཀྱང་གནས་མི་ཐུབ་པ་ལྟ་བུ་བསམ་གྱི་ཡོད། བོད་རིགས་ལ་ལྟོས་ན་བོད་ཀྱི་རིག་གཞུང་དང་གོམས་གཤིས་དེ་ནང་པའི་ཆོས་བཤད་པ་དང་སྒྲུབ་པར་བྱེད་པ་ལའང་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་བཤད་མ་དགོས་པ་རེད་དེ། འོན་ཀྱང་ཕྱི་རྒྱལ་གྱི་མི་རིགས་ནང་ཆོས་ཐར་བ་དང་ཐམས་ཅད་མཁྱེན་པ་ཁོ་ན་ལ་དོན་གཉེར་ཡོད་མཁན་རྣམས་ལ་ནི། བོད་ཀྱི་རིག་གཞུང་བོད་ཆས་ངེས་ཅན་དུ་སྤྲོད་དགོས་པ་དང་། ཁ་དར་ལྟེབ་ཆགས་རྒྱག་སྟངས་ཡན་ཆོད་སློབ་པ་དང་། བོད་སྐད་མ་ཤེས་ན་ཕལ་ཆེར་ཐར་བ་འཐོབ་རྒྱུ་མེད་པའི་ཟོལ་ལྟ་བུར་བཤད་པ་རྣམས་མ་འགྲིག་པ་ཡིན་པའི་ཚུལ་དང་།

དེ་བཞིན་ང་རང་ཚོའི་བསམ་མནོའི་ནང་དུ་ང་ཚོ་བོད་ལ་ཡོད་པའི་ནང་ཆོས་དེ་ཚང་ལ་མ་ནོར་བ་ཕུལ་དུ་བྱུང་བ་ཞིག་ཡིན་ཞེས་སེམས་ཀྱིས་ཀྱང་བསམ། ཁ་ནས་ཀྱང་དེ་ལྟར་བརྗོད་ཀྱི་ཡོད་པ་རེད། འོན་ཀྱང་བོད་བརྒྱུད་ནང་བསྟན་སློབ་གཉེར་དང་ཉམས་ལེན་བྱེད་མཁན་གྱིས་ནང་ཁུལ་གྱི་སློབ་བརྒྱུད་རྣམས་ལ་རང་རང་སོ་སོའི་ཉམས་ལེན་ལ་སྤྲོ་བ་དང་སྤོབས་པ་བསྐྱེད་པའི་ཆེད་དུ་ཆོས་ཀྱི་ཆེ་བ་དེ་འདྲ་ངེས་པར་དུ་བརྗོད་དགོས་པ་གོར་མ་ཆགས་ཀྱང་དེ་འདྲ་བརྗོད་པའི་ཞོར་དུ་ཐོས་རྒྱ་དང་བསམ་རྒྱ་ཆུང་སོང་བའི་དབང་གིས་ཡུལ་ལུང་གཞན་ན་ཡོད་པ་དང་། ཆོས་བརྒྱུད་གཞན་ན་ཡོད་པའི་ནང་ཆོས་དེ་ཡག་པོ་མ་ཡིན་པ་དང་། དམན་པ་ཡིན་པ་དང་། མ་ཚང་པ་དང་ནོར་བ་ཡིན་པ་ལྟ་བུར་བླ་སྤྲུལ་རྣམས་ཀྱིས་ནམ་ཡང་གསུངས་མི་རུང་ལ་དེང་སང་དུས་རབས་ཀྱི་དྲྭ་རྒྱའི་བརྒྱུད་ལམ་སོགས་ལས་ནོར་བ་བསུབ་ཏུ་མེད་པའི་ཁྱབ་བསྒྲགས་འགྲོ་བའི་རྐྱེན་གྱིས། ཡུལ་ལུང་དང་ཆོས་བརྒྱུད་གཞན་གྱི་མི་རིགས་རྣམས་ལ་བོད་བརྒྱུད་ནང་བསྟན་ཐོག་ཏུ་དོན་མེད་དུ་ཁོང་ཁྲོ་དང་མ་རངས་པ་སྐྱེ་བཅུག་པའི་གནས་ཚུལ་རྣམས་ཀྱང་ར་སྤྲོད་གསལ་བཤད་ཞུ་དགོས།

སྤྱིར་བཏང་བོད་བརྒྱུད་ནང་པ་ལས་ཀྱང་ཐེ་ལཎྜ་དང་ཤྲཱི་ལངྐ་དང་འབར་མ་ཟེར་བ་དེ་ཚོའི་ནང་པ་ཧ་ཅང་གིས་རྒྱ་ཆེ་བ་དང་གྲངས་མང་ཞིང་། ང་ཚོ་བོད་ལ་ནང་ཆོས་མ་དར་བའི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་རྒྱ་ནག་དང་ཉི་ཧོང་དེ་ཚོ་ལ་ནང་ཆོས་དར་ཡོད་པའི་གནས་ཚུལ་དེ་ཚོ་སྤྱིར་བོད་རིགས་དང་ལྷག་པར་ཆོས་ཀྱི་དབུ་ཁྲིད་བླ་སྤྲུལ་རྣམ་པས་མཁྱེན་པ་ཡིན་ན། ཁེངས་དྲེགས་དང་། ང་རྒྱལ། རང་མཐོང་དེ་ཚོ་ཏོག་ཙམ་མར་ཆག་པ་ལ་ཕན་པ་དང་། མི་རིགས་གཞན་དང་མཉམ་དུ་ཕན་ཚུན་བཀའ་མོལ་གནང་སྟངས་ཤེས་པ་ལའང་ཕན་ཐོགས་སྲིད་པ་རེད། སྐབས་མཚམས་རང་རེ་བོད་ཀྱི་བླ་མས་ཆོས་ཀྱི་མཛད་སྒོ་སོགས་སྤེལ་སྐབས་ཆོས་བརྒྱུད་གཞན་ནས་ཕེབས་པའི་དགེ་འདུན་དང་བཙུན་མ་རྣམས་ལ་དམིགས་བསལ་གྱི་བསྟི་སྟང་དང་གུས་འདུད་བཞུགས་གདན་སོགས་ལ་ཐུགས་སྣང་གནང་དགོས་པ་སོགས་ཞུ་དགོས། སྤྱིར་བླ་སྤྲུལ་དང་ཁྱད་པར་མཚན་གནས་མཐོན་པོ་ཡོད་མཁན་གྱི་བླ་མ་རྣམས་ཀྱིས་ཐ་སྙད་བེད་སྤྱོད་གནང་སྟངས་ལའང་ཐུགས་གཟབ་ཤིན་ཏུ་གནང་དགོས། དེ་ཡང་དཔེར་ན་ཐེག་པ་ཆེ་ཆུང་གི་ཐ་སྙད་ཐོག་ལ་ང་ཚོའི་བསམ་མནོའི་གོམས་གཤིས་ལ། གནས་བརྟན་སྡེ་པ་དེ་ཚོ་ཐེག་པ་དམན་པ་རེད་བསམ་པའི་ལྟ་སྟངས་དང་ཐ་སྙད་ཀྱང་དེ་བཞིན་བེད་སྤྱོད་བྱེད་ཀྱི་ཡོད་རེད། སྔར་བོད་ཀྱི་སྤྱི་ཚོགས་རྙིང་པར་ཆོས་བརྒྱུད་གཞན་ནས་ཕེབས་མཁན་ཕལ་ཆེར་མེད་པ་ལྟ་བུ་ཡིན་པས་རང་རེ་ནང་ཁུལ་དུ་ཐ་སྙད་འདི་རིགས་བེད་སྤྱོད་བཏང་དུ་རུང་ཡང་དེང་སྐབས་སུ་ཐ་སྙད་དེ་ལྟ་བུ་མང་ཚོགས་ནང་དུ་བླ་ཆེན་རྣམས་ཀྱིས་སྣང་མེད་དུ་བེད་སྤྱོད་གནང་སྐབས་རིང་ལུགས་དེ་འཛིན་མཁན་གྱི་གང་ཟག་རྣམས་ལ། སྐྱོན་བརྗོད་དང་སྨ་འབེབ་ལྟ་བུར་འགྱུར་གྱི་ཡོད་པ་དེ་མཁྱེན་དགོས། སྤྱིར་ན་རང་ཅག་སྟོན་པ་གཅིག་གི་བསྟན་པར་སློབ་པའི་རྗེས་འཇུག་པ་ཡིན་པའི་ཆ་ནས་བརྩེ་དུང་དང་གུས་བཀུར་ངེས་པར་དུ་དགོས་ཤིང་། གནས་བརྟན་སྡེ་པའི་ལུགས་སྲོལ་ཡོད་པའི་རྒྱལ་ཁབ་ཤྲཱི་ལངྐ་དང་འབར་མ་སོགས་དེ་ཚོའི་ནང་ནས་ནང་པ་ལ་ཉམས་ཆག་ཤོར་ན་ང་རང་ཚོ་ནང་པ་སྤྱི་ལ་གྱོང་གུད་ཆེན་པོ་རག་གི་ཡོད་པས་དེ་རྣམས་ཀྱང་སྤྲུལ་སྐུ་རྣམས་ལ་ཞུ་ཞིང་མཁྱེན་པར་མཛད་དགོས།

གཞན་ཡང་བླ་སྤྲུལ་སོ་སོའི་ངོས་ནས་འདྲ་ཡིན་ནའང་། མི་རིགས་ཀྱི་ལུགས་སྲོལ་དང་ཆོས་ལུགས་གཉིས་པོ་སོ་སོར་ཡིན་པ་ཤེས་པར་བྱེད་དགོས། ལུགས་སྲོལ་ཟེར་བ་དེ་ནི་མིས་གསར་བཏོད་བྱས་ནས་བཟོས་བཞག་པ་ཞིག་དང་། ཆོས་ཟེར་བ་དེ་ནི་དངོས་པོའི་གནས་ལུགས་སྟོན་པའི་ཐབས་དང་ཐབས་བྱུང་གི་གཞུང་ལུགས་ཤིག་ཡིན་པ་སྟེ། དཔེར་ན་ནུབ་ཕྱོགས་པའི་གོམས་གཤིས་ཀྱི་ལམ་ལུགས་དང་། ཚན་རིག་གི་གཞུང་ལུགས་གཉིས་ཁ་ཁ་ཡིན་པ་ལྟ་བུ་རེད། ནུབ་ཕྱོགས་པ་ཁོ་རང་ཚོ་ལའང་བསམ་མནོའི་གོམས་གཤིས་ཤིག་དང་། ལུང་པའི་འགྲོ་སྟངས་དང་། ཆོ་ག་ཕྱག་ལེན་ཞིག་ཡོད་རེད་ལ། དེ་དང་སེམས་ཁམས་ཚན་རིག་དང་། དངོས་ཁམས་ཚན་རིག དབང་རྩའི་ཚན་རིག གཟའ་སྐར་འཁོར་འགྲོས་སོགས་ཚན་རིག་གི་གཞུང་ལུགས་གཉིས་གཏན་ནས་མི་འདྲ་བ་ཁ་ཁ་སོ་སོ་རེད། དེ་ནང་བཞིན་བོད་ཀྱི་རིག་གཞུང་དང་། བོད་བརྒྱུད་ནང་བསྟན་གཉིས་ཕན་ཚུན་འབྲེལ་བ་ནི་དམ་ཟབ་ཡོད་ཀྱང་རྦད་དེ་མི་འདྲ་བ་སོ་སོ་ཡིན། དེའང་བོད་ཀྱི་བསམ་མནོའི་གོམས་གཤིས། ལམ་དང་ལུགས་སྲོལ་ལག་ལེན་དུ་བསྟར་བ་ལ་བརྟེན་ཁ་ཤས་ཀྱིས་རང་དོན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ཕན་ཐོགས་པ་སྲིད་ནའང་། མང་ཆེ་བས་གནོད་སྐྱེལ་གྱི་ཡོད། ཡིན་ནའང་དམ་པའི་ཆོས་ཚུལ་བཞིན་ཉམས་སུ་བླངས་པ་ཡིན་ན་དངོས་སམ་བརྒྱུད་ནས་རང་དོན་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་ལམ་དུ་འགྱུར་ངེས་ཡིན་ཞིང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་མཛད་པའི་སྐབས་ལྟ་བུར་མཚོན་ན་བོད་ཀྱི་ལམ་དང་ལུགས་སྲོལ་གྱིས་ཕྱི་རྒྱལ་དབྱིན་ཇི་དང་ཨ་མི་རི་ཀ་བ་སོགས་མི་རིགས་གཞན་ཚོ་ལ་ཕན་ཐོགས་ཀྱི་ཡོད་དམ་མེད་ཐེ་ཚོམ་རེད། དམ་པའི་ཆོས་ཀྱིས་ཁོང་ཚོ་ལ་ཕན་ཐོགས་ཀྱི་ཡོད་མེད་ལ་ཐེ་ཚོམ་ནམ་ཡང་མེད་པ་ཡིན་པའི་ཚུལ་འདི་ཡང་བོད་ཀྱི་བླ་སྤྲུལ་ཚོས་མཁྱེན་པ་བྱེད་དགོས།

ད་ལྟའི་བར་རང་རེ་བོད་རིགས་ཕལ་མོ་ཆེ་ནས་ཕྱི་རྒྱལ་གྱི་མི་རིགས་ཀྱི་སློབ་མ་གསོ་སྐྱོང་བྱེད་སྐབས་བོད་ཀྱི་རིག་གཞུང་སྐད་དང་གྱོན་ཆས་སོགས་བསླབ་ཅིང་དཔེར་ན་ཁ་འདོན་ཤོ་ལོ་ཀ་གཅིག་སྐྱོར་ཡང་བོད་སྐད་དུ་ཨུ་ཚུགས་དང་ནན་ཏན་གྱིས་སྐྱོར་དུ་བཅུག་པ་སོགས་བྱེད་ཅིང་ཕྱི་རྒྱལ་གྱི་མི་རིགས་དེ་ལྟར་བཟོ་ཐུབ་མཁན་ཚོ་ལ་ཆོས་ཀྱི་སློབ་སྦྱོང་ལེགས་པོ་ཡོད་པའི་ཚད་དུ་འཇོག་པ་སོགས་ཕལ་ཆེར་གནང་གི་ཡོད། འོན་ཀྱང་འདི་ལ་ཆོས་ཕྱོགས་རང་རྐང་གི་སྟེང་ནས་བསམ་ན་ཕན་ཐོགས་ཧ་ཅང་མེད་པ་ལྟ་བུ་རེད།

དཔེར་ན་དབྱིན་ཇིའི་མི་ཞིག་ལ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལུས་ལ་བོད་གོས་བསྐོན། ཁར་བོད་ཟས་ཟ་བཅུག བོད་པའི་བསམ་མནོའི་གོམས་གཤིས་བསླབས་ཤིང་། ཁ་ཏོན་འདོན་རྒྱུ་ཡན་བོད་སྐད་མ་ཤེས་ཀྱང་དབྱིན་ཇིའི་ཡེ་གེའི་ནང་དུ་བོད་སྐད་ཀྱི་སྒྲ་གདངས་ཡོད་པ་བྲིས་ནས་འདོན་བཅུག་ཀྱང་མི་ཚེ་འདིའི་ཐོག་ལ་བོད་པ་ཇི་མ་ཇི་བཞིན་དུ་འགྱུར་རྒྱུ་མེད་ངེས་རེད། ཡིན་ནའང་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་པ་ལྟ་བུའི་དམ་པའི་ཆོས་གཤའ་མ་བཤད་ཅིང་ཉམས་སུ་ཡག་པོ་ལེན་ཐུབ་ན། མི་ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱང་ཉོན་མོངས་པ་རགས་པ་མགོ་མནོན་ཐུབ་ངེས་ཡིན། ཕྱི་རྒྱལ་གྱི་མི་སྣ་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱས་ནས་ཡོང་མཁན་རྣམས་ལས་ཉུང་ཤས་ཤིག་བོད་ཀྱི་རིག་གཞུང་དང་། ལུགས་སྲོལ། སྐད་ཡིག་སོགས་ལ་དོ་སྣང་བྱས་ནས་ཡོང་མཁན་ཡོད་པ་སྲིད་ཀྱང་། ཕལ་ཆེ་བ་ནི་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་དམ་པའི་ཆོས་དམིགས་ཡུལ་དུ་བྱས་ནས་ཡོང་མཁན་ཡིན་པའི་ཚུལ་དེ་ཚོ་མཁྱེན་དགོས་པའི་སློབ་གསོ་སྤྲོད་དགོས།

དེང་སང་མཁས་དབང་མང་པོ་ཞིག་གིས་ནང་པ་སངས་རྒྱས་པའི་བསྟན་པ་འདི་ཆོས་ལུགས་ཀྱང་མ་ཡིན་པའི་ལྟ་ཚུལ་བཟུང་ཞིང་། ཆོས་ལུགས་མ་ཡིན་པ་དེའང་ནང་པའི་གཟི་བརྗིད་ཅིག་ཏུ་རྩི་གི་ཡོད། ཡིན་ནའང་ང་རང་ཚོ་བོད་པས་ཨུ་ཚུགས་ཀྱིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ལུགས་སྲོལ་གཉིས་གཅིག་པ་ལྟ་བུར་བཤད་འདུག་པ་འདི། ཐོས་རྒྱ་དང་བསམ་རྒྱ་ཆུང་སོང་བའི་རྟགས་ཡིན་ལས་ཆེ། སྔོན་མའོ་ཙེ་ཏུང་གིས་རྒྱལ་བ་རིན་པོ་ཆེ་ལ་ཆོས་ལུགས་ཟེར་བ་དེ་དུག་རེད་ཞུས་པ་རེད། ཁོ་པས་བཤད་པ་དེ་ལ་རྒྱུ་མཚན་མེད་པ་མ་ཡིན་ཞིང་། སྤྱིར་ན་ནང་པ་མ་ཡིན་པའི་ཆོས་ལུགས་མང་པོ་ཞིག་དང་། དེའི་ནང་ནས་ཀྱང་ཨེ་བྷར་ཧེ་མིག་གི་ཆོས་ལུགས་ཡེ་ཤུ་སོགས་ཀྱིས་སྔོན་ནས་ད་ལྟའི་བར་དུ་ཆོས་ལུགས་རྒྱུ་མཚན་དུ་བྱས་ཏེ། མི་གསོད་ཁྲག་སྦྱོར་གྱི་བྱ་བ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་གཉིས་ཁྱོན་བསྡོམས་པ་ལས་ཀྱང་ལྷག་པ་དེ་འདྲ་བྱུང་དང་འབྱུང་བཞིན་པ་རེད། རྒྱུ་མཚན་དེས་ན་སངས་རྒྱས་ཀྱི་བསྟན་པ་འདི་མིའི་ལུགས་སྲོལ་མ་ཡིན་པ་དང་། ཆོས་ལུགས་མ་ཡིན་པ་བསྒྲུབ་ཅིང་དེ་དག་ལས་ཟུར་དུ་བཏོན་ཐུབ་པ་ཡིན་ན་ནང་པ་སངས་རྒྱས་པའི་གཟི་བརྗིད་ཡིན་པ་དང་། མའོ་ཙེ་ཏུང་ལ་ནང་པའི་རྒྱུས་ཡག་པོ་མེད་པས་ནང་པ་ཆོས་ལུགས་ཀྱི་གྲས་སུ་བཞག་ཅིང་དེ་ལྟར་བཤད་པ་ཡིན་པའི་སྐོར་དེ་ཚོ་ཡང་བླ་སྤྲུལ་རྣམ་པས་མཁྱེན་པར་མཛད་དགོས།

གཞན་ཡང་དེང་དུས་བླ་སྤྲུལ་རྣམ་པས་སྤྱིར་བླ་མ་དགེ་བའི་བཤེས་གཉེན་ལ་བརྩི་བཀུར་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་བླ་མ་ལ་དད་པ་དང་དག་སྣང་སྦྱང་རྒྱུ། མཆེད་གྲོགས་ཕན་ཚུན་ལ་དམ་ཚིག་གི་བརྩེ་དུང་དགོས་རྒྱུ་དེ་དག་རི་བོང་གི་རྭའི་རྣམ་པ་ལྟར་འགྱུར་གྲབས་ཡོད། དེ་ལྟར་དད་པ་དང་དག་སྣང་མེད་ཅིང་དམ་ཚིག་སྲུང་མི་ཐུབ་པའི་རྒྱུ་རྐྱེན་གཅིག་ནི་དཔལ་འབྱོར་འདུ་འགོད་ཁོ་ན་ཞེ་འདོད་དུ་བཅངས་པའི་རྒྱུ་མཚན་སོགས་ཡིན་པས། འདི་ལྟ་བུའི་གནས་ཚུལ་མི་ཡོང་བའི་ཐུགས་སྣང་གནང་དགོས་ཚུལ་དང་། ནམ་རྒྱུན་ཀུན་སློང་རྒྱ་ཆེན་པོ་དགོས་ཞེས་སྐུལ་མ་བྱེད་དུས། ཕྱི་དངོས་པོའི་འཛུགས་སྐྲུན་དགོན་པ་ཆེན་པོ་བརྒྱག་རྒྱུ་དང་། གྲྭ་པ་མང་པོ་གསོ་སྐྱོང་བྱ་རྒྱུ་རྐྱང་པ་མ་ཡིན་པར། འཛམ་གླིང་ཁྱོན་ཡོངས་ནས་དཔེར་ན་ད་ལྟའི་སྐབས་སུ་ཡེ་ཤུ་གནམ་བདག་གི་ཆོས་ལུགས་པ་ཐེར་འབུམ་གཉིས་དང་ས་ཡ་སུམ་བརྒྱ་ཡོད་པས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་སུམ་ཅུ་སོ་གཅིག་ཟིན་ཡོད་ཅིང་། ཁ་ཆེའི་ཆོས་ལུགས་པ་ཐེར་འབུམ་གཅིག་དང་ས་ཡ་བརྒྱད་བརྒྱ་ཡོད་པས་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ཉེར་བཞི་ཐམ་པ་ཟིན་ཚར་ཡོད། འོན་ཀྱང་ནང་པ་སངས་རྒྱས་པ་ནི་ཐེར་འབུམ་ཞིག་གི་ཕྱེད་ཀ་ལས་མེད་པར་བརྟེན་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་བདུན་ཙམ་ལས་མེད། ཞིབ་འཇུག་པ་རྣམས་ཀྱིས་ཚོད་དཔག་བྱས་པ་ལྟར་ན་ཁ་ཆེའི་ཆོས་ལུགས་པའི་མི་འབོར་ནི་ད་ལྟ་མགྱོགས་ཚད་མྱུར་པོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། སྤྱི་ལོ་ཉིས་སྟོང་བདུན་ཅུ་(༢༠༧༠)སྔོན་ཚུད་དུ་ཡེ་ཤུ་ལས་ཀྱང་ཆེ་བར་འགྱུར་ནས་འཛམ་གླིང་གི་ཆོས་ལུགས་པའི་མི་འབོར་མང་ཤོས་དེ་ཆགས་རྒྱུ་རེད་ཟེར། གནས་སྟངས་འདིས་མ་འོངས་པར་ནང་པའི་གནས་བབས་ཇི་ལྟར་འགྱུར་མིན་གྱི་སྐོར་ལ་ད་ལྟ་ནས་ཐུགས་ཞིབ་གནང་དགོས་ཚུལ་སོགས་ཀྱང་སློབ་གསོ་རྒྱག་དགོས།

འཛམ་གླིང་ཁྱོན་ཡོངས་ལ་ནང་པ་སངས་རྒྱས་པའི་དགོན་པ་གྲྭ་ཚང་དང་། བཤད་གྲྭ། སྒྲུབ་གྲྭ། ནང་ཆོས་དང་འབྲེལ་བའི་གཞི་རིམ་སློབ་གྲྭ། འབྲིང་རིམ་སློབ་གྲྭ། མཐོ་རིམ་སློབ་གྲྭ་ཇི་ཙམ་ཡོད་མེད་དང་། ཆོས་ལུགས་གཞན་ཡེ་ཤུ་དང་ཁ་ཆེ་སོགས་ལ་ག་ཚོད་ཙམ་འདུག་མིན། ད་ལྟའི་བར་དུ་ནང་པ་སངས་རྒྱས་པའི་ཆོས་ལ་དར་རྒུད་གང་འདྲ་བྱུང་ཡོད་མེད་དང་། ཧིན་དྷུ་དང་ཁ་ཆེ། ཡེ་ཤུ་སོགས་ཆོས་ལུགས་གཞན་གྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ཞི་དྲག་གང་གི་སྒོ་ནས་གཏོར་བཅོམ་དབང་བསྒྱུར་སོགས་བྱས་ཡོད་ཚུལ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་རང་ཅག་ནང་པ་སངས་རྒྱས་པའི་བསྟན་པ་ལ་བོད་ཙམ་དུ་མ་ཟད་རྒྱ་ནག་ནང་དུ་ཡང་ཚད་ལས་བརྒལ་བའི་ཉམས་ཉེས་ཆེན་པོ་ཇི་ལྟར་བཏང་ཡོད་མེད་དང་། འཛམ་གླིང་ཁྱོན་ཡོངས་ལ་ད་ལྟ་ནང་པ་ཁྱོན་བསྡོམས་ས་ཡ་ལྔ་བརྒྱ་མ་ཟིན་ཙམ་ཡོད་པ་ལས་བརྒྱ་ཆ་ལྔ་བཅུ་ཐམ་པ་དེ་རྒྱ་ནག་གི་ནང་ལ་ཡོད་པའི་སྐོར་དང་། སྔོན་ཆད་ནང་ཆོས་གཏན་ནས་མེད་པའི་རྒྱལ་ཁབ་ཨོ་སི་ཏྲི་ལི་ཡ་དང་། གྷུར་ཝེ་ཤི་ཡ། བྷུལ་ཀ་རེ་ཡ་སོགས་སུ་ཡང་ནང་ཆོས་ཅུང་ཟད་རེ་དར་བའི་རྒྱུ་རྐྱེན་གཙོ་བོ་ནི་རང་ཅག་གི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཕར་བྱོན་ཏེ་སྤེལ་བ་ཆེས་ཉུང་ཉུང་དང་། ཡུལ་གྲུ་དེ་རྣམས་ལ་ཡོད་པའི་མི་རིགས་ཁ་ཤས་ལས་འཕྲོའི་དབང་གིས་ནང་ཆོས་ལ་ཚུར་དོ་སྣང་ཡོང་གི་ཡོད་པ་སོགས་ལ་ཆ་རྐྱེན་དང་། ལམ་སྟོན་སོགས་ཇི་ལྟར་གནང་དགོས་ཀྱི་ཡོད་མེད་སོགས་ལ་ཐུགས་བསམ་བཞེས་དགོས་ཚུལ་དང་། ནང་པ་ཡིན་པའི་རྒྱལ་ཁབ་འབྲུག་དང་བལ་ཡུལ་སོགས་སུ་དེང་སྐབས་ཡེ་ཤུའི་ཆོས་ལུགས་སོགས་རྒྱ་ཆེར་དར་སྤེལ་གཏོང་གི་ཡོད་པ་རྣམས་ལ་ཁོ་པ་ཚོས་ཐབས་ཤེས་ཇི་ལྟར་གཏོང་གི་ཡོད་མེད་ཀྱི་སྐོར་ལ་ཐུགས་གཞིག་གནང་དགོས་པ་སོགས་ཀྱང་ཞུ་དགོས། མདོར་ན་འཛམ་གླིང་གི་ཡུལ་གྲུ་གང་སར་ནང་པ་སངས་རྒྱས་པའི་བསྟན་པ་འདས་མ་འོངས་ད་ལྟ་དུས་གསུམ་ལ་འཕེལ་འགྲིབ་ཇི་ལྟར་བྱུང་ཡོད་མེད་སྐོར་ཤེས་རྒྱུ་ལྟ་ཞོག བོད་ནང་ལ་ནང་བསྟན་འཕེལ་འགྲིབ་ཇི་ལྟར་བྱུང་ཡོད་མེད་ཙམ་ཡང་མ་ཤེས་ན། བསྟན་འཛིན་གྱི་སྐྱེས་བུའི་མཚན་གནས་ཆེན་པོ་ཞིག་ཁྱེར་ཀྱང་། ཁྲི་ཁར་སྡོད་ཤེས་ཙམ། དབང་ཚིག་ཀློག་ཤེས་ཙམ། བློར་བཟུང་བ་སྐྱོར་ནས་ཆོས་འཆད་ཤེས་ཙམ། ཌ་དྲིལ་འཁྲོལ་ཤེས་ཙམ་དང་། རང་དགོན་ཉི་ཚེ་བ་ཞིག་སྐྱོང་ཤེས་པ་ཙམ་གྱིས་མཚན་དོན་མཐུན་པའི་བསྟན་འཛིན་གྱི་སྐྱེས་བུ་རུ་འགྱུར་མི་ཐུབ་པའི་སྐོར་གྱི་སློབ་གསོ་རྒྱག་དགོས།

གཞན་ཡང་བླ་སྤྲུལ་ན་གཞོན་རྣམས་ཀྱིས་སྐུ་རྩེད་རིགས་ལ་དགའ་བོ་བྱེད་པ་དང་། གློག་བརྙན་ལ་བལྟ་བ། གླུ་དབྱངས་ལེན་པ། གླུ་གཞས་ཉན་པ་སོགས་རྣམ་གཡེང་བྱེད་པ་དང་། སྤྱོད་པ་ཏོག་ཙམ་རྒོད་པོ་གནང་བའི་སྐབས་སུ་བཀའ་བཀྱོན་དང་སྐྱོན་འཛུགས་སོགས་རྫབ་ཆེན་པོ་བྱེད་པ་ལས། བླ་མ་དང་མཁན་པོ་དགེ་བའི་བཤེས་གཉེན་རྣམས་ལ་བརྩི་བཀུར་མི་བྱེད་པ་དང་། གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་དང་། དཀོར་རྫས་བག་མེད་དུ་ལོངས་སྤྱོད་ཀྱི་འདུག་ན་དེའི་ཚེ་དམིགས་བསལ་གྱིས་སྐྱོན་བརྗོད་དང་། བཀའ་བཀྱོན། བཀའ་སློབ། ལམ་སྟོན་སོགས་འབུལ་དགོས། དེ་བཞིན་དུ་གསེར་སྐུ་བཞིན་ཙོག་གེ་བཞུགས་པ་སོགས་ཚུལ་འཆོས་ཡག་པོ་ཤེས་པའི་སྐབས་སུ་ལེགས་སོ་དང་གཟེངས་བསྟོད་བྱེད་པ་ལས། དགུང་ན་ཕྲ་མོའི་དུས་ནས་བཅོས་མིན་གྱི་རང་བཞིན་དྲང་པོ་དང་། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། དཀོན་མཆོག་གསུམ་ལ་དད་པ་དང་དག་སྣང་། ལས་འབྲས་ལ་ཡིད་ཆེས་བྱེད་པའི་སྐབས་རྣམས་སུ་ལེགས་སོའི་བསྔགས་བརྗོད་དང་། གཟེངས་བསྟོད་བྱ་དགའ་སོགས་འབུལ་ན་བླ་སྤྲུལ་ན་གཞོན་རྣམས་ཐུགས་རྒྱུད་བཟང་པོ་ཡོང་བ་དང་བསྟན་པ་སྤྱི་ལ་ཐུགས་ཁུར་གནང་མཁྱེན་པ་སོགས་ཀྱི་ཐབས་ཤེས་གང་ལེགས་སུ་འགྱུར་སྲིད།

བླ་སྤྲུལ་རང་ཉིད་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་འཛམ་གླིང་གི་གནས་ཚུལ་ཉིན་ལྟར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་རྣམས་གཟིགས་པ་དང་། གསར་འགྱུར་ཙམ་མ་ཡིན་པར་ཡུལ་ཕྱོགས་སོ་སོའི་གོམས་གཤིས་དང་བསམ་ཚུལ་རྣམས་མཁྱེན་ཐུབ་པའི་ཆེད་དུ། གཏམ་རྒྱུད་དང་སྒྲུང་དང་རྩོམ་རིག་ཁག་སོགས་ལ་ཡང་ཐུགས་སྣང་ཅུང་ཟད་རེ་གནང་ན་ལེགས་པའི་ཡོན་ཏན་དུ་འགྱུར་གྱི་ཡོད། རིམ་གྱིས་ནར་སོན་པའི་སྐབས་སུ་དེང་དུས་ཀྱི་དགེ་རྒན་དང་དབུ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད་སར་ཞུགས་ཤིང་དབུ་ཁྲིད་དང་དགེ་རྒན་བྱེད་ཚུལ་སྦྱོང་བརྡར་བྱ་རྒྱུ་དེ་གལ་ཆེན་པོ་རེད་སྙམ། ཟབ་སྦྱོང་ལེགས་གྲུབ་བྱུང་ན་བཤད་གྲྭ་དང་གྲྭ་ཚང་སོགས་རང་གིས་དབུ་ཁྲིད་སའི་ཁོར་ཡུག་དེའི་ཕྱི་ནང་གི་དཀའ་རྙོག་ལས་སླ་བོས་སེལ་ཐུབ་པ་དང་། འཛིན་སྐྱོང་དང་སྒྲིག་འཛུགས་ཚགས་ཚུད་ཡོང་པའི་འཆར་གཞི་གདིང་ནུས་པ་མ་ཟད། གཞན་གྱིས་བཤད་པའི་སྐད་ཆ་ཚུར་ཉན་ཤེས་པ་དང་ཕར་བཤད་ཤེས་ཏེ་གཞན་གྱི་བསམ་ཚུལ་ཤེས་ཐུབ་པའི་དགེ་མཚན་ཆེན་པོ་ཡོད། དེ་བཞིན་ཐབས་ལམ་སྣ་ཚོགས་བརྒྱུད་གཞན་ལ་བཀའ་བཀོད་ལམ་སྟོན་གང་དགོས་གནང་ཤེས་པ་དང་། མང་ཚོགས་ལ་བཀའ་སློབ་གནང་བའི་སྐབས་སུ་ཡིན་ནའང་བརྗོད་དོན་ཚང་ལ་མ་ནོར་བ་གསལ་པོར་བཤད་ཐུབ་པ་དང་། དོན་མེད་ཀྱིས་བཤད་ཡམས་ལུང་འདྲེན་དང་གཏམ་དཔེ་སོགས་མང་པོ་ཞིག་གིས་དུས་ཚོད་ཆུད་ཟོས་སུ་མི་གཏོང་ཞིང་། དུས་ཚོད་ཐུང་ངུའི་ནང་དུ་ཚིག་ཉུང་གནད་ཁེལ་གྱིས་དོན་ཆ་ཚང་བཤད་ཐུབ་པ། དབུ་ཁྲིད་ཅིག་གི་ཐུགས་བསམ་བཞེས་སྟངས་དང་། འཆར་གཞི་འགོད་སྟངས། འོག་གི་གྲྭ་ཚང་སོགས་ཀྱི་ལས་བྱེད་པ་རྣམས་དབུ་ཇི་ལྟར་ཁྲིད་སྟངས། དགོན་མ་ལག་གང་སར་ཁ་འཐོར་ནས་ཡོད་པ་རྣམས་ཀྱི་ལས་དོན་ཆེ་ཕྲ་དཀའ་ཚེགས་ཆུང་ངུས་སྒྲུབ་ཐུབ་པ་སོགས་ལ་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག

གཞན་ཡང་ཡེ་ཤུའི་བླ་མ་དང་དགེ་རྒན་སློབ་སྟོན་པ་ཚོས་ཡེ་ཤུའི་ཆོས་ལུགས་འཕེལ་རྒྱས་སུ་གཏོང་ཕྱིར་སེམས་སྤོབས་བསྐྱེད་ཚུལ་དང་དཀའ་ངལ་རྒྱག་སྟངས་གཟིགས་ན། ཁོང་ཚོས་རང་དང་གོམས་གཤིས་རྩ་བ་ནས་མི་མཐུན་པའི་ཡུལ་ལུང་ཨ་ཕྷི་རི་ཀ། ལྷོ་ཨ་མི་རི་ཀ། ཤར་གླིང་ཡུལ་གྲུ་སོགས་མང་པོ་ལ་དཀོར་དང་གདུལ་བྱ་སོགས་ཚུར་བསྡུ་རྒྱུའི་བསམ་མནོ་མ་ཡིན་པར་འགྲོ་གྲོན་ཆེད་དུ་བཏང་སྟེ་དཀའ་བ་དུ་མ་ཁྱད་གསད་དང་ངལ་བ་དྭངས་བླངས་ཀྱིས་ཕྱིན་ནས། དང་པོ་མི་མང་འདུ་འཛོམས་བྱ་ས་སྨན་ཁང་དང་། སློབ་གྲྭ། རྒན་གསོ་ཁང་སོགས་གཞོན་སྐྱེས་རྣམས་སྤྲོ་སྐྱིད་གཏང་ས་ཡན་འཛུགས་སྐྲུན་བྱས། ཐབས་ཤེས་སྣ་ཚོགས་པ་བརྒྱུད་རིམ་གྱིས་མི་རྣམས་ཀྱི་བསམ་པ་ཡེ་ཤུའི་ཆོས་ལུགས་ལ་བཀུག་ཅིང་ཡུལ་གྲུ་མང་པོ་ཞིག་ཡེ་ཤུས་དབང་བསྒྱུར་བྱས་ཡོད། ང་ཚོ་བོད་རིགས་རྣམས་ཀྱིས་ཡེ་ཤུའི་ཆོས་ལུགས་དེ་སྟོབས་འབྱོར་ཤིན་ཏུ་ཆེན་པོ་རེད། དེས་ན་ཁོང་ཚོའི་བླ་མ་དང་སློབ་དཔོན་ཚོས་དེ་འདྲ་བཟོ་ཐུབ་དང་ཐུབ་བསམ་གྱི་ཡོད་རེད་དེ། དངོས་གནས་བྱས་ན་ཡེ་ཤུའི་བླ་མ་དང་དགེ་རྒན་ཡུལ་ལུང་གཞན་དག་ལ་འགྲོ་ཞིང་ཡེ་ཤུའི་ཆོས་དར་སྤེལ་བྱེད་མཁན་དེ་དག་ཕལ་ཆེ་བ་སྒེར་སོ་སོའི་ངོས་ནས་རང་རང་སོ་སོའི་ཆོས་ལུགས་ཁྱབ་སྤེལ་གཏོང་འདོད་ཀྱི་ལྷག་བསམ་རྣམ་དག་གིས་དྭངས་བླངས་བྱས་ནས་འགྲོ་བ་རེད་མ་གཏོགས་དམིགས་བསལ་གཞན་གྱིས་བཀས་བཀོད་པ་དང་ནན་ཏན་དུ་བསྐུལ་བ་སོགས་ཀྱི་རྐྱེན་གྱིས་འགྲོ་བའམ། ཡང་ན་ཡེ་ཤུའི་ཐེབས་རྩ་ཆེན་པོ་ཞིག་ནས་འགྲོ་གྲོན་ཕོན་ཆེན་ལེན་རྒྱུ་ཡོད་ནས་འགྲོ་མཁན་ཉུང་ཉུང་རེད།

ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་དེ་རྣམས་ཀྱིས་ཀྱང་ཆོས་ཀྱི་ལམ་ལུགས་དེ་ཉིད་མི་རྣམས་ཞིང་ཁམས་སུ་འགོད་ཐུབ་ངེས་ཀྱི་སྐྱབས་གནས་མ་ནོར་བ་ཡིན་བསམ་པའི་ཁ་ཞེ་གཉིས་མེད་ཀྱི་དད་འདུན་དང་ཡིད་ཆེས་བཞག་ཅིང་། ཡེ་ཤུའི་ཆོས་ལུགས་དར་སྤེལ་གཏོང་རྒྱུའི་ལས་འགན་རང་རང་སོ་སོས་གང་ནུས་ཁྱེར་རྒྱུ་དེ་སོ་སོའི་ཉམས་ལེན་དུ་ངོས་འཛིན་བྱེད་ཀྱི་ཡོད་རེད། ཁོང་ཚོས་བོད་དང་བལ་ཡུལ་འབྲུག་ལ་སོགས་པ་མུན་པའི་གླིང་དུ་མཐོང་ནས། གལ་སྲིད་ཡུལ་ལུང་འདི་དག་ལ་ཡེ་ཤུའི་ཆོས་ལུགས་དར་སྤེལ་གཏོང་ཐུབ་ན་མི་རྣམས་ཡེ་ཤུའི་ཆོས་ཀྱིས་སྐྱོབ་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད་པ་ལ་བརྟེན། སྙིང་རྗེས་རང་རང་སོ་སོའི་སྲོག་ལའང་མི་འཛེམས་པར་འགྲོ་སོང་ཡང་སྒེར་སོ་སོས་བཏང་སྟེ་འཛམ་གླིང་རྒྱལ་ཁབ་གང་སར་འགྲོ་བཞིན་ཡོད་པའི་ཚུལ་དང་། དེ་བཞིན་དུ་ཁ་ཆེ་བ་རྣམས་ལ་མཚོན་ན་རང་གི་ཆོས་ལུགས་ཁྱབ་སྤེལ་གྱི་ཆེད་དུ་འཇིགས་སྐུལ་དང་དྲག་སྤྱོད་སྣ་ཚོགས་ལག་བསྟར་བྱེད་ཅིང་རང་སྲོག་ཀྱང་བློས་གཏོང་ཐུབ་མཁན་དེ་འདྲ་མང་པོ་ཡོང་དང་ཡོང་བཞིན་ཡིན་པའི་ཚུལ་རྣམས་བླ་སྤྲུལ་གཞོན་པ་དག་ལ་ཁུངས་སྐྱེལ་ར་སྤྲོད་དང་བཅས་ཞུ་ཞིང་ཤེས་སུ་འཇུག་དགོས།

རང་རེ་ནང་པ་སངས་རྒྱས་པའི་ཆོས་ལ་ཕར་དཀའ་ངལ་བརྒྱབ་སྟེ་ཁྱབ་སྤེལ་མ་བཏང་ཡང་ཚུར་ཕྱི་རྒྱལ་ཁག་ནས་མི་ཉུང་བ་ཞིག་གིས་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་མུ་མཐུད་ནས་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོའི་ཆེད་དུ་ནང་ཆོས་སློབ་སྦྱོང་བྱ་སའི་མཐུན་རྐྱེན་དམིགས་བསལ་ཁ་ཡོད་ལག་ཡོད་པ་ཞིག་ད་ལྟའི་བར་དུ་ང་ཚོ་སུས་ཀྱང་བསྐྲུན་ཐུབ་མེད་པའི་ཚུལ་དང་། སྤྱིར་ནང་པ་སངས་རྒྱས་པ་ཡོངས་དང་། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཡོད་མི་སྣ་བླ་སྤྲུལ་མཁན་པོ་དགེ་བཤེས་ཡིན་ཟེར་མཁན་ཚོ་ལ། ཕྱི་རོལ་པའི་བླ་མ་སློབ་དཔོན་ནང་བཞིན་པའི་རླབས་ཆེན་གྱི་སེམས་ཤུགས་དང་། མཛད་པའི་ནུས་སྟོབས་མེད་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། ཆུང་དུས་ནས་སློབ་གསོ་རྒྱག་སྟངས་མ་འགྲིག་པའི་སྐྱོན་ཡིན་ཞིང་། དཔེར་ན་ཁ་ཆེ་བ་ཚོས་ལོ་ཆུང་རྣམས་ལ་སློབ་གསོ་ཤུགས་ཆེན་ཡང་ཡང་སྤྲད་པའི་མཐུས་ཁ་ཆེའི་བསྟན་པའི་ཆེད་དུ་སོ་སོའི་རང་སྲོག་ཀྱང་གཏོང་ཐུབ་པ་དང་། དེ་བཞིན་ང་ཚོས་ཀྱང་སྤྱིར་གཞོན་སྐྱེས་རྣམས་དང་ལྷག་པར་བླ་སྤྲུལ་རྣམས་ལ་ཐབས་ལ་མཁས་པའི་སྒོ་ནས་སློབ་གསོ་སེམས་འགུལ་ཐེབས་ངེས་སྤྲད་ཐུབ་ན། ད་གཟོད་གཞི་ནས་བསྟན་པའི་ཁུར་ཆེན་ཁུར་ནུས་པའི་བསྟན་འཛིན་གྱི་སྐྱེས་བུ་བླ་སྤྲུལ་མཁན་པོ་སོགས་བསྐྲུན་ཐུབ་ངེས་རེད། བོད་ཀྱི་ལམ་སྲོལ་དུ་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་སྨོན་ལམ་ཚིགས་བཅད་རེ་སོགས་འདོན་སྲོལ་ཡོད་པ་དེ་དག ཁ་གཡེང་དང་མིག་གཡེང་སྒོ་ནས་རང་དགར་འདོན་རྒྱུ་ཙམ་མ་ཡིན་པར། ཚིགས་བཅད་དེ་དག་གི་ནང་དོན་རྣམས་བརྡ་རྙིང་དང་སྙན་ངག་སོགས་ཀྱིས་མ་བཅིང་བར་ཁ་གསལ་གོ་བདེས་གོ་བརྡ་གསལ་པོར་སྤྲོད་དགོས་ཀྱི་འདུག

སྤྱིར་བཏང་བོད་བརྒྱུད་ནང་པའི་ཁོར་ཡུག་ཏུ་བསྟན་པ་སྤྱི་ལ་ཐུགས་ཁུར་གནང་དགོས་ཞེས་སློབ་གསོ་སྤྲོད་མཁན་ཧ་ཅང་ཉུང་ཉུང་ལས་མེད་པ་ལྟར། བསྟན་པ་སྤྱི་ལ་ཐུགས་ཁུར་བཞེས་པའི་གོམས་གཤིས་ཕལ་ཆེ་བ་ལ་མེད། གལ་ཏེ་བསྟན་པ་ལ་སེམས་ཁུར་ཅུང་ཟད་རེ་ཡོད་མཁན་བྱུང་ནའང་། རང་རང་གི་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་ཆེད་ཙམ་མ་གཏོགས་ཆོས་བརྒྱུད་གཞན་ཉམས་རྒུད་འགྲོ་བར་སྙམ་པའི་སེམས་ཁྲལ་གནང་མཁན་ཕལ་ཆེར་མེད་པ་ལྟར་ཡིན། རང་གི་ཆོས་བརྒྱུད་ལ་སེམས་ཁུར་ཏོག་ཙམ་ཞིག་ཡོད་ཁུལ་དེའང་། རང་གི་དགོན་པ་དང་བླ་བྲང་གི་ནང་ལ་གཞག་རྒྱུའི་གྲུམ་གདན་དང་། གསེར་སྐུ་དང་། གསེར་དངུལ་གྱི་མཆོད་ཆས་ཙམ་དང་། གསེར་གཡབ་སོགས་ཕྱིའི་དངོས་པོ་ཡར་རྒྱས་ངན་ངོན་ཙམ་ཞིག་ལས་ཕུགས་རྒྱང་རིང་པོའི་བསམ་བློ་མེད་ཅིང་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས་ཇི་ལྟར་སྐྱོང་ཚུལ་གྱི་སྐོར་དང་། ཁྱད་པར་ནང་པའི་མི་འབོར་འཕེལ་འགྲིབ་ཀྱི་སྐོར་ལ་སེམས་ཁྲལ་གནང་མཁན་ཕལ་ཆེར་མེད་ཟེར་ན་ཆོག་གི་ཡོད། གལ་སྲིད་རེ་ཟུང་ཡོད་ནའང་བོད་རིགས་རྐྱང་པའམ། ཧི་མ་ལ་ཡའི་མི་རིགས་གཅིག་པུ་ལ་ཐུགས་ཁྲལ་གནང་བ་ལས། རྒྱ་གར་དང་། ཡུ་རོབ། རྒྱ་ནག་སོགས་ལ་ཡོད་པའི་ནང་པའི་མི་འབོར་རྣམས་བདག་སྐྱོང་ཇི་ལྟར་བྱེད་སྟངས་ཀྱི་སྐོར་ལ་ཐུགས་ཁྲལ་གནང་ཤེས་མཁན་མེད་ཚུལ་རྣམས་བླ་སྤྲུལ་རྣམས་ཀྱིས་མཁྱེན་དགོས།

ཧི་མ་ལ་ཡའི་རི་བརྒྱུད་སོགས་བོད་བརྒྱུད་ནང་བསྟན་ཡོད་པའི་ས་ཁུལ་ནང་དུ་ད་བར་རབ་བྱུང་གསོ་སྐྱོང་གནང་རྒྱུའི་གོམས་གཤིས་ཅུང་ཟད་རེ་ཡོད་ཀྱང་། གཙོ་བོ་གྲྭ་པའི་རིགས་བདག་སྐྱོང་བྱེད་པ་ལས་བཙུན་མའི་རིགས་གསོ་སྐྱོང་བདག་གཉེར་བྱེད་རྒྱུའི་གོམས་གཤིས་ཤིན་ཏུ་ཉུང་བ་ཡིན་ཞིང་། དེའི་ནང་ནས་ཀྱང་། མི་སྐྱ་ལ་ཆོས་ཀྱི་སློབ་གཉེར་སྤྲད་ས་དང་། ལྷག་པར་དུ་བུད་མེད་ཀྱི་རིགས་ལ་ནང་ཆོས་ཀྱི་སློབ་གསོ་སྤྲོད་ཅིང་བདག་སྐྱོང་བྱེད་པའི་གོམས་གཤིས་ཕལ་ཆེར་ཉུང་ཉུང་ཡིན་པའི་སྐོར་དང་། འཛམ་གླིང་གི་ཡུལ་གྲུ་དཔེར་ན་ཨ་ཕི་གྷ་ནི་སི་ཐན་དང་། པཱ་ཀི་སི་ཐན་སོགས་སུ་སྔོན་མའི་དུས་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་སྟོབས་ཆེན་པོ་དར་སའི་ཡུལ་གྲུ་ཆེན་པོ་ཡིན་པ་དང་། དེ་རྣམས་སུ་སངས་རྒྱས་ཀྱི་བསྟན་པ་ཉམས་ཆག་བྱུང་བ་རྣམས་ནང་པ་སྤྱི་ཡི་ངོས་ནས་གྱོང་གུད་ཆེན་པོ་ཡིན་པ་བསྟན་འཛིན་གྱི་སྐྱེས་བུ་ཡིན་ན་མཁྱེན་རྟོགས་དགོས། དེས་ན་ཡུལ་གྲུ་དེ་དག་ཏུ་ཆབ་སྲིད་དང་ཆོས་ལུགས་གཞན་གྱིས་ཞི་དྲག་ཅི་རིགས་པའི་སྒོ་ནས་དབང་བསྒྱུར་ཇི་ལྟར་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉམས་རྒུད་ཕྱིན་པའི་སྐོར་དང་། ཡུལ་ལུང་དེ་དག་ལ་ནང་ཆོས་སླར་གསོ་མ་ཐུབ་ནའང་། ལོ་རྒྱུས་ཀྱི་ནང་དུ་ནང་ཆོས་གཏོར་བརླག་ཇི་ལྟར་བྱུང་ཡོད་པའི་སྐོར་རྣམས་མ་འོངས་པར་བལྟ་ཀློག་བྱ་སའི་ལོ་རྒྱུས་དེབ་ཐེར་སོགས་སུ་འགོད་པ་དང་འགྲེམ་སྟོན་གསལ་བཤད་སོགས་བྱེད་ཅིང་། དེ་ལྟར་ལོ་རྒྱུས་རྣམས་ཡལ་དུ་འཇུག་རྒྱུ་མེད་པའི་སློབ་གསོ་འབུལ་དགོས། དེ་བཞིན་ཐེ་ལཎྜ་དང་། ཤྲཱི་ལངྐ་སོགས་ཀྱི་ཡུལ་གྲུ་དེ་དག་གི་ནང་དུ་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་ལ་དབུ་འཕང་དམའ་བའི་གནས་ཚུལ་སོགས་བྱུང་ན་འདི་ནི་གནས་བརྟན་སྡེ་པ་ལ་བྱུང་བའི་གནད་དོན་ཞིག་ཡིན་པས་ཁོང་ཚོའི་འགན་ང་ཚོས་ཁུར་དགོས་ཀྱི་མ་རེད་བསམ་ནས་ཐུགས་ལྷོད་ལྷོད་མི་གནང་ཞིང་ཐུགས་ཁྲལ་གནང་དགོས་པ་དང་། དེ་ཡང་དཔེར་ན་གནས་བརྟན་སྡེ་པའི་དགེ་སློང་ངམ་མཁན་པོ་ལྟ་བུ་བགྲེས་སོང་ཞིག་འདས་གྲོངས་སུ་གྱུར་པ་ལྟ་བུ་བྱུང་ནའང་། ནང་པ་སྤྱི་ཡི་ངོས་ནས་ཐུགས་ཕམ་གནང་རྒྱུ་མཁྱེན་དགོས་པའི་སྐོར་དང་། དེ་བཞིན་ཉི་ཧོང་གི་རྒྱལ་ཁབ་ལྟ་བུར་མཚོན་ན་གནའ་སྔ་མོར་ནང་ཆོས་དར་ཁྱབ་ཆེན་པོ་ཡིན་ནའང་། ད་སྐབས་ནང་ཆོས་ཀྱི་གཟུགས་བརྙན་ཙམ་ཞིག་མ་གཏོགས་མེད་ཅིང་། གལ་སྲིད་ཡུལ་ལུང་འདི་དག་ལ་རང་གིས་དངོས་སུ་ནང་ཆོས་སླར་གསོ་མཛད་ཐུབ་ན་རབ། དེ་ལྟར་མ་བྱུང་ནའང་བསམ་པའི་ནང་ནས་ནང་ཆོས་ཉམས་ཆག་སོང་བ་ལ་ཞེ་འགྱོད་དང་སེམས་ཁྲལ་ཡོད་ཤེས་པ་དང་། ཕྱིས་སུ་སླར་ཡང་ནང་པ་སངས་རྒྱས་པའི་བསྟན་པ་དར་རྒྱས་ཡོང་བའི་སྨོན་ལམ་ཁ་ཞེ་གཉིས་མེད་ཀྱིས་འདེབས་དགོས་ཚུལ་བཅས་ཀྱི་སློབ་གསོ་འབུལ་དགོས།

རྒྱ་གར་རྡོ་རྗེ་གདན་ལྟ་བུར་མཚོན་ན་ནང་པ་སངས་རྒྱས་པའི་གནས་རྩ་ཆེ་ཤོས་ཡིན་ཡང་། བྱང་ཆུབ་ཆེན་པོའི་ལྷ་ཁང་དང་མཆོད་རྟེན་གྱི་འཛིན་སྐྱོང་ཆ་ཚང་མངའ་སྡེའི་ཧིན་དྷུའི་ཚོགས་པ་ཞིག་གིས་བྱེད་ཀྱི་ཡོད་པ་དང་། ཧིན་དྷུའི་རིང་ལུགས་འཛིན་པས་ནང་པ་ཧིན་དྷུའི་གྲས་སུ་འཇོག་གི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་ནང་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་བཅས་གཏོར་བཤིགས་བཏང་བ་སོགས་ཀྱིས་དབང་སྒྱུར་བྱས་དང་བྱེད་བཞིན་ཡིན་པ་དང་། རྒྱ་གར་རྒྱལ་ཁབ་འདི་སྤྱིར་མང་གཙོའི་རྒྱལ་ཁབ་ཡིན་ནའང་ཕུག་ཏུ་ཧིན་དྷུའི་ལྟ་བ་ཤུགས་ཆེར་སོང་བའི་དབང་གིས། རྡོ་རྗེ་གདན་ཙམ་མ་ཡིན་པར། ནང་པའི་གནས་ཆེ་ཆུང་མང་པོ་ཞིག་ལ་ཧིན་དྷུའི་ལྷ་སྐུ་སོགས་བཞེངས་ནས། ཧིན་དྷུ་ཁོ་རང་ཚོའི་གནས་ཡིན་ཁུལ་གྱིས་མིང་བཅས་བཏགས་ཏེ་དབང་སྒྱུར་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་འདི་དག་ལ། དངོས་ཤུགས་བརྒྱུད་གསུམ་ནས་གཞུང་དམངས་ཡོངས་ལ་དྲྭ་རྒྱ་སོགས་སུ་བསམ་འཆར་འདོན་པ་སོགས་ཞབས་འདེགས་ཞུ་རྒྱུ་དང་།

གཞན་ཡང་དཔེར་ན་རྒྱ་གར་མ་ཧཱ་ར་ས་ཏྲཱའི་ཞིང་ཆེན་ནང་དུ། རིགས་དམན་པའི་རྒྱ་གར་བ་མང་པོ་ཞིག་ནང་པ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་ནང་པ་ཡིན་ཟེར་གྱི་ཡོད་ཀྱང་། ཁོང་ཚོ་རིགས་དམན་པ་དང་འཚོ་བ་ཆ་རྐྱེན་སྐྱོ་བོ་ཡིན་པས་རང་རེ་ལ་ནམ་རྒྱུན་དཔལ་འབྱོར་འདུ་འགོད་སོགས་ལ་འཕྲལ་དུ་ཕན་ཐོགས་མེད་ཀྱང་ཕུགས་སུ་ནང་པའི་རྗེས་འཇུག་མི་རིགས་ཀྱི་གྲངས་འབོར་སོགས་སུ་བརྩི་ཞིང་། ཁྱད་གསོད་སོགས་མི་བྱེད་པར་དམིགས་བསལ་གྱིས་དོ་སྣང་ཆེན་པོ་གནང་ནས་ཁོང་ཚོའི་ས་ཕྱོགས་སུ་ཆེད་དུ་ཕེབས་ནས། ཆེ་ཆུང་ལ་མ་ལྟོས་པར་ཆོས་དང་ཟང་ཟིང་གང་ཐད་ནས་རོགས་རམ་དང་བླང་དོར་བཀའ་སློབ་ལམ་སྟོན་གནང་དགོས་པའི་སྐོར་དང་། དེང་སང་ཤར་ནུབ་ཀྱི་ཕྱི་རྒྱལ་བ་མང་པོ་ཞིག་ནང་ཆོས་ལ་དོ་སྣང་ཆེན་པོའི་སྒོ་ནས་ཚུར་འབྲེལ་བ་བྱེད་པའི་སྐབས་སུ། ཕྱི་རྒྱལ་བ་ཞིག་ཡིན་ནས་བཟུང་སྟེ་ཚུར་སྦྱིན་བདག་གམ། རོགས་རམ་བྱེད་མཁན་ཞིག་གི་གྲས་སུ་བཞག་སྟེ། ཚུར་ཅི་ཐོབ་ཀྱི་བསམ་མནོ་ལས་ཕར་ཁོང་ཚོ་ལ་དངོས་སུ་ཕན་པའི་བཤད་གྲྭ་དང་། སྒྲུབ་གྲྭ། དཔེ་མཛོད་སོགས་མཐུན་རྐྱེན་སྦྱོར་རྒྱུ་ལྟ་ཅི། འཚོ་བའི་མཐུན་རྐྱེན་ཙམ་ཡང་མི་སྦྱོར་ཞིང་། ད་དུང་ཡེ་ཤུའི་ཆོས་ལུགས་ང་ཚོའི་ས་གནས་སུ་སྤེལ་ཡོང་གི་འདུག་ཅེས་དོགས་པ་དང་རྣམ་རྟོག་དབང་གིས་འཁུན་སྒྲ་སྒྲོག་པ་ནི་ངོ་མ་བྱས་ན་ང་རང་ཚོའི་སྡུག་གྱོང་ཡིན་པའི་ཚུལ་ཤེས་འཇུག་དགོས།

ཡང་ང་ཚོའི་བླ་སྤྲུལ་མཁན་པོ་ཁ་ཤས་ཀྱིས་རྒྱ་རིགས་དང་། ནུབ་ཕྱོགས་པ་དཔལ་འབྱོར་ཡོད་པར་ཁས་འཆེ་བའི་སྦྱིན་བདག་རྣམས་ལ་དམིགས་བསལ་གྱིས་ངོས་ལེན་གནང་བ་དང་། སྐབས་མཚམས་སུ་ཁྲི་མཐོན་པོར་འཇོག་པ་དང་། ཡང་ན་སློབ་མ་དཀྱུས་མ་སོགས་ལས་ཀྱང་བརྩི་བཀུར་ཧ་ཅང་གིས་ཆེ་བ་བྱེད་ཅིང་། མང་ཚོགས་ཀྱི་ནང་དུ་སྦྱིན་བདག་ཕོ་མོ་རྣམས་ཀྱི་མིང་དང་བྱས་རྗེས་རྣམས་བརྗོད་ཅིང་གཟེངས་བསྟོད་ངོ་དགའ་བྱེད་ཐལ་ཆེ་བའི་རིགས་འདི་ལའང་བག་ཟོན་མ་མཛད་ན་ནང་པ་སངས་རྒྱས་པའི་ཆོས་འདི་དཔལ་འབྱོར་ཆེ་ཆུང་དང་། གོང་ཚད་སྤྲོད་ཆེ་ཆུང་གིས་ཁ་ལོ་བསྒྱུར་ཆོག་པ་ལྟ་བུར་འགྱུར་སྲིད་པ་ཡིན་པས། དེས་ན་རང་ཚུགས་མ་ཤོར་བའི་ངང་ནས་ཐུགས་སྒམ་པོར་གནང་དགོས་པའི་སློབ་གསོ་ཞུ་དགོས་ཀྱི་འདུག

ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དུ་རང་རེ་རྣམས་གཞན་སྟོང་རང་སྟོང་གི་ཚིག་སྐམ་པོ་ཞིག་ལ་དགག་བཞག་གི་རྩོད་པ་བསྐྱར་ཟློས་ཡང་བཟློས་བྱེད་འདུག་པ་ལས་དེང་སྐབས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་ནང་པའི་ཆོས་ཉམས་སུ་ལེན་ཁུལ་བྱེད་མཁན་རྣམས་ལ། བརྒལ་ལན་དང་རྩོད་པ་སོགས་རིགས་ལམ་དང་མཐུན་པ་གནང་ཨེ་ཐུབ་དང་། དེ་བཞིན་ཕྱི་རྒྱལ་སོགས་སུ་ཆོས་ཁྲིད་གནང་སྐབས་ཡུལ་དུས་ཀྱི་སེམས་ཁམས་དང་འཚམ་ཨེ་ཐུབ་གཟིགས་དགོས་པ་སྟེ། ཐ་ན་ཆོས་ཁྲིད་བྱེད་སྟངས་ཡན་ཆོད་ལ་དོ་སྣང་གནང་བ་ལས་རང་དགར་རང་རེ་བོད་ཀྱི་ལུགས་སྲོལ་ཁྲི་དཔང་མཐོན་པོ་རི་ལྟར་བརྩེགས་པ་དང་གོས་ཆེན་དར་སྣས་བཏུམས་པ་དང་། ཆོས་ཉན་མཁན་རྣམས་དད་མདུན་ཡོད་མེད་ལ་མ་ལྟོས་པར་དམན་པའི་ས་ལ་སྡོད་དུ་བཅུག་པ་སོགས་གནང་ན་ལུང་ཁུག་གི་བསམ་མནོ་བྱབ་ཆུང་དང་སྤྲང་རྟགས་སྟོན་པ་ལས་དགོས་པ་ཡེ་མེད་པའི་སྐོར་ཞུ་དགོས། དེ་བས་དམིགས་བསལ་དུ་ལས་དང་པོ་པའི་རིགས་ལ་ཐོག་མར་ཆོས་ཀྱི་ངོ་སྤྲོད་སོགས་གནང་སྐབས་བཞུགས་ཁྲི་སོགས་མེད་པར་རྐུབ་སྟེགས་མཐོ་དམན་འདྲ་མཉམ་དང་། གང་འདོད་ཀྱི་དྲི་བ་དང་དྲི་ལན། རྒོལ་བ་སོགས་བྱེད་དགོས་པའི་སྐུལ་འདེད་བྱེད་དགོས་ཚུལ་བཅས་ཞུ་དགོས། གོང་དུ་ཞུས་པ་ལྟར་ཡང་སྲིད་དང་སྤྲུལ་སྐུ་བཙལ་བའི་དམིགས་ཡུལ་དེ་ཡལ་བར་མ་དོར་བའི་སྟེང་དུ་ཡུལ་དུས་དང་འཚམ་པའི་བསྟན་པ་འཛིན་སྐྱོང་གི་ཐད་སློབ་གསོ་འབུལ་དགོས་ཚུལ་བཅས་འདིར་ཞུས་པ་རྣམས་ནི་དཔེ་མཚོན་ཙམ་ཞིག་ཡིན།

 

བདུན་པ། བླ་སྤྲུལ་འདས་གྲོངས་རྗེས་ཇི་ལྟར་བྱ་ཚུལ།

བླ་བྲང་ལ་དཔལ་འབྱོར་སོགས་ཆེན་པོ་ཡོད་མཁན་གྱི་བླ་སྤྲུལ་རྣམ་པ་གཙོས་བླ་སྤྲུལ་རྣམས་ཀྱིས། རང་ཉིད་ཞི་བར་གཤེགས་རྗེས་སུ་རང་ལ་ལྟོས་བཅས་བླ་བྲང་གདན་ས་སོགས། རྗེས་འབྲང་སློབ་འབངས་རྣམས་ཀྱིས་ཇི་ལྟར་བྱ་དགོས་མིན་གྱི་སྐོར་ད་ལྟ་ཞལ་བཞུགས་པའི་སྐབས་ནས་འཆར་གཞི་འདིང་ཞིང་རིམ་གྱིས་འཕོ་འགྱུར་དང་། ལེགས་བཅོས་ཅི་དགོས་གཏོང་དགོས་པ་དང་། བློ་གཏད་ཐུབ་པའི་ཕྱི་ནང་གི་མི་སྣ་དད་ཅན་ཁག་ལྷན་འཛོམས་ཀྱིས། ས་ཆ་རྒྱུ་དངོས་དཔལ་འབྱོར་སོགས་ཇི་ཡོད་ཡིག་ཐོར་འགོད་པ་དང་། ཇི་ལྟར་བྱ་དགོས་མིན་གྱི་དཔང་ཡིག་མིང་རྟགས་དམ་ཕྲུག་སོགས་ཡོད་པ་བཟོ་ཞིང་། ཡུལ་ལུང་གི་ཁྲིམས་ལུགས་དང་མཐུན་པར་སྒྲིག་འཛུགས་བཀོད་སྒྲིག་གང་འཚམ་གནང་རྒྱུ་ནི་གལ་གནད་ཤིན་ཏུ་ཆེ་བར་འདུག

དེ་ལྟར་བྱེད་མ་ཐུབ་ན་ཀུན་གྱིས་མཁྱེན་གསལ་ལྟར་བླ་སྤྲུལ་སྤྱི་དང་། ཁྱད་པར་བླ་བྲང་དང་གདན་ས་ཆེན་པོའི་བདག་པོ་བླ་སྤྲུལ་མཚན་གནས་མཐོན་པོ་ཅན་རྣམས་ཞི་བར་གཤེགས་པའི་རྗེས་སུ། བླ་བྲང་དང་གདན་སའི་ཐོབ་དང་གོ་ས། རྒྱུ་དང་འབྱོར་པ་ཇི་ལྟར་བྱ་རྒྱུར་འཁོར་འབངས་རྣམས་ཁ་མ་འཆམ་སྟེ། དེ་དག་གི་ཆེད་དུ་ཕན་ཚུན་འཐབ་རྩོད་དང་དམ་སེལ་ཤོར་བའི་གནས་སྟངས་ཀྱིས་ས་སྟེང་གང་ནས་བསྡད་ཡོད། རྒྱུ་མཚན་དེས་ན་སྒྲིག་འཛུགས་སྤུས་ལེགས་བརྟན་པོ་ཞིག་གཏན་འབེབས་གནང་རྒྱུ་དང་། གཏན་འབེབས་གནང་སྐབས་རང་གི་སྐུ་ཉེ་ཚ་ཞང་སོགས་མ་ཡིན་པ། གཞན་དག་བློ་གཏད་ཁེལ་བའི་མི་སྣ་གསུམ་ལྷག་ཙམ་གྱི་ཚོགས་ཆུང་ཞིག་བཙུགས་ཤིང་དེ་དང་ལྷན་དུ་གནང་ན་ཕན་ནུས་དང་བརྟན་བརླིང་ཆེ་བར་སྙམ། མདོར་ན་བླ་བྲང་དང་གདན་སའི་སྐུ་རྒྱུ་ཕྱག་རྫས་ཀྱི་རིགས་ཇི་སྙེད་ཡོད་པ་ཐམས་ཅད་ནི་སྦྱིན་སློབ་དད་པ་ཅན་གྱིས་ཕུལ་བའི་དད་རྫས་ཤ་སྟག་ཡིན་པར་བརྟེན། དེ་དག་ཆུད་ཟོས་སུ་མ་ཤོར་བར་སྤྱི་ཚོགས་ཤིག་གམ། ཆོས་ཀྱི་སྒྲིག་འཛུགས་ཤིག་ལ་འབྲེལ་ཐུབ་པའི་སྟ་གོན་ནམ་གྲ་སྒྲིག་འཐུས་ཚང་ངེས་པར་ཅན་དུ་བཟོ་ཐུབ་པར་མཛད་དགོས།

སྤྲུལ་སྐུའི་གཏམ་ཚོགས་ཞེས་པའི་ཟིན་ཐོ་འདི་ནི་ཉེ་བའི་ལོ་ཤས་སྔོན་ཕྲན་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་སློབ་ཁ་ཤས་དང་ལྷན་དུ་དོན་ཡོད་མེད་གཉིས་ཀའི་སྐོར་ཞིབ་ལྷོད་ངང་ངག་འཁྱལ་གྱི་གཏེར་སྒོ་ཕྱེ་བཞིན་པའི་སྐབས་དེར། དེང་སྐབས་དང་འབྱུང་འགྱུར་གྱི་སྤྲུལ་སྐུའི་སྐོར་གྱི་བསམ་ཚུལ་ཐད་མཁན་སློབ་འགའ་ཤས་ནས་བཅར་འདྲི་གནང་བར་ངོས་གང་ཟག་འཆིང་བ་ཀུན་ལྡན་ཞིག་སྤྲུལ་སྐུའི་མིང་ཁྱེར་ཏེ་བགྲང་བྱ་ལྔ་བཅུ་ལྷག་ཙམ་གྱི་རིང་ཡུལ་གྲུ་དུ་མར་དང་མཐོ་དམན་ཀུན་ཏུ་ཉུལ་པའི་ཀུན་ཏུ་རྒྱུ་བའི་སྤྱོད་ལམ་བསྐྱངས་སྐབས་ཉམས་མྱོང་དང་བསམ་ཚུལ་བྱུང་བ་རྣམས་ཟུར་དུ་བཀོད་པ་ཡིན། སྤྱིར་རང་རེ་བོད་ཀྱི་གོམས་གཤིས་ནང་དུ་བྱ་བ་གང་བྱེད་ཀྱང་ནམ་རྒྱུན་གོམས་གཤིས་གང་ཡོད་ཀྱི་རྗེས་སུ་འབྲང་པ་ལས་ཞིབ་བཤེར་དང་རིགས་གཅིག་རྐང་འཛིན་གནང་བ་ཧ་ཅང་ཉུང་བ་ཡིན་པས་འདི་རིགས་ལ་དོ་སྣང་གནང་ཏེ་ཀློག་མཁན་རྒྱ་ཆེན་པོ་ཡོང་སྣང་མི་ཤར། འོན་ཀྱང་རེ་ཟུང་ཡོད་སྲིད་ན་དེ་དག་ལ་ཕན་དུ་རེ་ནས་ཡིག་ཐོག་ཏུ་ཕབ་ཡོད་ཅིང་། དེ་ཡང་གཙོ་ཆེར་གོ་བདེའི་ཕྱིར་ཁ་སྐད་ཤུགས་ཆེ་བར་བྱས་ཡོད། ལས་རིམ་འདིའི་ཐད་འགོ་མཇུག་ཡོད་ཙམ་དང་ཀློག་བཏུབ་ཙམ་བྱུང་ཡོད་ན་དེ་ནི་རྫོང་སར་གྱི་མཁན་སློབ་མང་རབ་ཅིག་དང་འབྲུག་པ་པདྨ་ཀློང་གྲོལ། མཁན་པོ་ཆོས་དབྱིངས་རྡོ་རྗེ་བཅས་ནས་ཕྱོགས་བསྒྲིགས་སོགས་ཉིན་གྲངས་མང་པོ་ལ་གནང་བའི་བདག་རྐྱེན་ལས་བྱུང་བ་ཡིན་པས་བཀའ་དྲིན་ཆེ། ལས་འགུལ་ཉི་ཚེ་བ་འདིས་ཀྱང་བསྟན་པ་ལ་སྨན་དུ་རེ་བའི་སྨོན་ལམ་དང་བཅས། རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་རབ་གནས་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྲུབ་པར་བགྱིས་པའོ།། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *