མཁན་རབས་བརྒྱད་པ།

 

 

༈ རྫོང་སར་མཁན་རབས་བརྒྱད་པ་མི་ཉག་དམ་ཆོས།

 

མཁན་རབས་བརྒྱད་པ་མི་ཉག་དམ་ཆོས་ནི། ཤར་མི་ཉག་ཏུ་སྐུ་འཁྲུངས། དཔལ་ལྷ་སྒང་དགོན་པ་ཞེས་པ་འགྲོ་མགོན་ཆོས་འཕགས་ཀྱིས་ཆགས་བཏབ་པ་ལྷ་ལྡན་གྱི་ཇོ་བོ་དང་ཁྱད་མེད་ཀྱི་རྟེན་ཇོ་བོ་ཆེན་པོ་བཞུགས་པའི་དགོན་པ་དེའི་གྲྭ་པ་ཡིན། ཀུན་སྤྱོད་ཤིན་ཏུ་བཙུན། ཁོང་གཞོན་དུས་ནས་ངོར་ཨེ་ཝཾ་དུ་གྲྭ་སར་བྱོན། ཞོར་དུ་དབུས་གཙང་ཁམས་གསུམ་དང་ས་སྐྱ་སོགས་གནས་བསྐོར་མཛད། ཕྱིར་ཕེབས་ལམ་དུ་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོར་དཔེ་ཆ་སྦྱོངརྒྱུར་ཐུགས་ཐག་བཅད་དེ་བཞུགས་པར་ལོ་བརྒྱད་ཙམ་སོང༌། སྐྱོར་དཔོན་ཡང་ལོ་བཞི་ཙམ་མཛད། མཁན་པོ་རིན་ཆེན་དང་མདོ་སྲིབ་ཐུབ་རྒྱན་གཉིས་ཀའི་སློབ་མ་ཡིན། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་མདུན་ནས་ལམ་འབྲས་ཚོགས་སློབ་དང༌། གདམས་མཛོད། སྒྲུབ་བཏུས་སོགས་ཆོས་བཀའ་གྲངས་མེད་གསན། གཞུང་བཤད་སྐོར་ལ་ཤིན་ཏུ་མཁས་པ་ཆེན་པོར་གྱུར་མཐར། ཡབ་ཡུལ་དུ་ཕེབས་ཏེ་ལོ་ཁ་ཤས་མཚམས། འཇམ་པའི་དབྱངས་དངོས་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན། སྤྱི་ལོ་ ༡༩༥༡ ལོ་ནས་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོར་མཁན་རིན་པོ་ཆེ་ཐུབ་རྒྱན་གྱི་རྗེས་སུ་མཁན་པོ་ལོ་ལྟར་མཛད་མཐར། འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་དུས་འགྱུར་གྱི་རྐྱེན་གྱིས་སྟོད་ཕྱོགས་སུ་ཕེབས་པའི་ལོ་མཇུག་ཏུ་དགོངས་པ་གནང་རྒྱུ་མཛད་པ་ལྟར་བརྗེ་བཀྲོལ་རྗེས། ཡབ་ཡུལ་དུ་མི་ཕེབས་དབང་མེད་གྱུར་མཐར། རིམ་པར་ཉེས་བཙོན་གྱི་འོག་ཏུ་སྐུ་གཤེགས་དགོས་བྱུང་བར་གྲགས་སོ། །