མཁན་རབས་བཅུ་གཅིག་པ།

༈ རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་གི་མཁན་རབས་བཅུ་གཅིག་པ་མཁན་པོ་ཚེ་བརྟན་མཆོག

མཁན་པོ་ཚེ་བརྟན།

རྫོང་སར་མཁན་རབས་བཅུ་གཅིག་པ་གདོང་ཚང་ཚེ་བརྟན་ནམ་འཇམ་དབྱངས་བློ་གྲོས་མཆོག་ནི། ཆུ་ཡོས་སྤྱི་ལོ་ ༡༩༦༣ ལོར་ཡབ་ཀར་བསམ་དང་ཡུམ་བསོད་ནམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

སྤྱི་ལོ་ ༡༩༧༠ ལོ་ནས་ ༡༩༨༣ བར་གཞུང་གི་སློབ་གྲྭར་ཕེབས་ནས་སློབ་མཐར་ཕྱིན། ༡༩༨༣ ལོར་ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་ལས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་གཞེས་ཤིང་སྔ་ཕྱིར་དམ་པ་དེ་ཉིད་ལས་ངོར་དཀྱིལ་བདུན་དང་སྦྱོང་དཀྱིལ་བཅུ་གཉིས་གཙོར་གྱུར་གྱི་དབང་ལུང་མཐའ་ཡས་པ་གསན། གཞན་ཡང་སྔ་ཕྱིར་མཁན་ཆེན་པདྨ་དམ་ཆོས་དང་། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་། དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ། སྒིས་བླ་རྡོ་རྗེ་འཆང་ཆེན་སོགས་ལས་གསུང་ངག་ལམ་འབྲས་སོགས་ཟབ་ཆོས་སྙན་བརྒྱུད་སྐོར་གྱི་ཆོས་བཀའ་དཔག་མེད་གསན་པར་མཛད།

སྤྱི་ལོ་ ༡༩༩༠ ལོར་ཁམས་བྱེའི་རྫོང་སར་བཤད་གྲྭར་སློབ་ཞུགས་གནང་ནས་མཁན་ཆེན་པདྨ་དམ་ཆོས་དང་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་ལས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིན་མཛད་དེ་སློབ་མཐར་ཕྱིན། བཤད་གྲྭའི་སྐྱོར་དཔོན་ལོ་གཉིས་གནང་། ༡༩༩༨ ལོར་རྫོང་སར་བཤད་གྲྭའི་མཁན་ཆེན་དུ་མངའ་གསོལ། བཤད་གྲྭའི་སློབ་གཉེར་བ་རྣམས་འཛིན་གྲྭ་ཁག་བཅུ་གཅིག་ཏུ་བྱས་ཏེ་ལས་ཐོག་མཁན་པོ་ལོ་བཅུ་གཅིག་མཛད། གཞན་ཡང་མི་ཉག་ལྷ་སྒང་བཤད་གྲྭ་དང་། འགུ་ཟི་བཤད་གྲྭ། སྐྱེ་དགོན་བཤད་གྲྭ། རྫ་གླང་ཡག་བཤད་གྲྭ། པེ་ཅིང་ནང་བསྟན་སློབ་གྲྭ་རྣམས་སུ་དཔེ་ཁྲིད་ཁྱོན་ལོ་གསུམ་ཙམ་མཛད།

སྤྱི་ལོ་ ༢༠༡༡ ལོར་རང་དགོན་བཤད་གྲྭ་རྗེན་ནེ་ཐང་དུ་གནས་སྤོས་མཛད་དེ་ལས་ཐོག་མཁན་པོའི་འགན་བཞེས་གནང་ནས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་གནང་དང་གནང་བཞིན་ཡོད། གསུང་རྩོམ་སྐོར་ཡང་། ནང་ཆོས་དང་ཉེ་བའི་དེང་རབས་སྔོན་ཐོན་ཚན་རིག་རྣམ་ཤེས་ཀྱི་ནུས་པའི་གསང་བ་སོགས་དང་། རྫོང་སར་ལྔ་རིག་དཔེ་ཚོགས་གསར་བཙུགས་གནང་ནས་རྗེ་བཙུན་ས་སྐྱ་པའི་གསུང་རབས་གཙོ་བོར་གྱུར་པའི་རྒྱ་བོད་ཀྱི་གཞུང་འབྲེལ་དང་ཚན་རིག་སྐོར་མང་པོ་ཕྱོགས་བསྒྲིགས་དང་བསྒྱུར་ཞུས་གནང་། ཞལ་སློབ་ཀྱང་རྫོང་སར་མཁན་ཆེན་གཞན་ཕན་སྙིང་པོ་གཙོ་གྱུར་གྱི་གསར་རྙིང་རིས་སུ་མ་ཆད་པའི་མཁན་པོ་སློབ་དཔོན་མང་པོ་བསྐྲུན་པ་སོགས་བསྟན་འགྲོའི་མཛད་འཕྲིན་ཤིན་ཏུ་རྒྱས་པའོ། །