རྒྱ་གར་དུ།

༄༅། །འཕགས་ཡུལ་རྫོང་སར་བཤད་གྲྭ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

མཁྱེན་བརྩེ་སྐུ་ཕྲེང་གསུམ་པ། འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ནས། འཕགས་ཡུལ་ལམ་རྒྱ་གར་དུ་བཤད་གྲྭ་དེའི་ཆོས་རྒྱུན་ཉམས་གསོ་མཛད་རྒྱུར་དགོངས་ཏེ། མཁྱེན་བརྩེ་སྐུ་གོང་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་དང་། ཁམས་བྱེ་བཤད་གྲྭ་ནས་ཐོན་པའི་མདོ་སྲིབ་པ། མཁན་ཆེན་ངག་དབང་ཀུན་དགའ་དབང་ཕྱུག་བོད་ནས་ཚུར་ཕེབས་དགོས་པའི་བཀའ་གནང་བ་བཞིན་སྤྱི་ལོ་༡༩༨༢ཁོང་གི་མདུན་དུ་ཕེབས། ཐོག་མར་རྒྱ་གར་ཤར་ཕྱོགས་འབྲས་ལྗོངས་གནས་ནང་བདེ་ཆེན་རི་ཁྲོད་དུ་སྤྱི་ལོ་ ༡༩༨༣ རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ཟླ་བ་དང་པོའི་ཚེས་བཅོ་ལྔའི་སྔ་དྲོར། མཁན་ཆེན་མཆོག་གིས་སློབ་ཕྲུག་བདུན་ལ་ཞི་བ་ལྷ་ཡི་སྤྱོད་འཇུག་དང་འཇམ་དབྱངས་ས་པཎ་གྱི་སྡོམ་གསུམ་འཆད་ཁྲིད་གནང་བ་དང་། རྫོང་སར་ཁམས་བྱེ་བཤད་གྲྭའི་ཆོས་རྒྱུན་འཕགས་ཡུལ་དུ་དངོས་སུ་དབུ་ཚུགས་པ་རེད།

དེ་རྗེས་སྤྱི་ལོ་ ༡༩༨༥ ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་བྷིར་ས་གནས་སུ་སྤོས་པ་ནས། ཁམས་བྱེ་བཤད་གྲྭའི་སྔོན་སྲོལ་བཞིན། ཟླ་ཕྱེད་ཀྱི་གསོ་སྦྱོང་དང་། དུས་བཞིའི་བསྐང་གསོ། ཉིན་རེ་བཞིན་སྔ་དགོང་གཉིས་ལ་སོ་སོར་རྒྱུན་ཆགས་གསུམ་པ་དང་། བསྔོ་སྨོན་གསུངས་རྒྱུ། གཞན་ཡང་ཉིན་མོ་ཡི་དུས་ཚོད་སོ་སོར། ཆོས་ཁྲིད་དང་། སྦྱོང་ཐུན། སྐྱོར་ཁྲིད། དགོང་ཐུན་སོགས་སྒྲིག་ལམ་ཆ་ཚང་རྫོང་སར་ཁམས་བྱེ་བཤད་གྲྭའི་ཕྱག་ལེན་རྒྱུན་བསྐྱངས་པ་དང་། བཤད་གྲྭའི་ནང་ཐོག་མར་ཞུགས་པའི་ཆ་རྐྱེན་རང་ལོ་བཅོ་ལྔ་ནས་ཉེར་ལྔའི་བར་གང་རུང་ལ། རབ་ཏུ་བྱུང་བ་ཡིན་དགོས་ཤིང་། ཞུགས་ཟིན་པ་ན་རྒྱུན་སྒྲིག་གང་ཡོད་འགལ་མེད་དང་། ལས་འགན་གང་འོས་དང་བླངས་ཀྱིས་སྦྱངས་ཚད་དང་། འཛིན་གྲྭ་ཐོན་པ་ན། སོ་སོའི་སྦྱངས་འབྲས་ལྟར་རང་གི་ཉམས་ལེན་དང་འབྲེལ་འདིར་བཤད་གྲྭའི་ཞབས་འདེགས་དང་། གཙོ་བོ་རང་གི་སྐྱེས་ཡུལ་དགོན་པའི་ནང་དུ་ཕར་བྱོན་ཏེ། དགོན་ཡུལ་ཐམས་ཅད་ལ་ཕན་ཐོག་པར་བྱ་རྒྱུ་ནས། རྒྱལ་ཁམས་ཕྱོགས་མེད་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་རྒྱུའི་འགན་ལེན་དགོས།

དེ་ལྟར་བྷིར་ས་གནས་སུ་ལོ་བཅུ་གསུམ་ལྷག་ཙམ་རིང་སློབ་ཕྲུག་ཇེ་མང་དུ་སོང་ནས་བཤད་གྲར་ཤོང་དཀའ་བར་གྱུར་པ་ན། གཙོ་བོ་ཐེ་ཝན་གྱི་སྦྱིན་བདག་ཚོས་རོགས་རམ་ལ་བརྟེན་ནས་སྤྱི་ལོ་ ༡༩༩༩ ལོ་ཟླ་བ་བཅུ་པའི་ནང་ཅོན་ཏ་རར་ས་ཉོ་རྒྱུ་རྙེད་པ་དང་། སྤྱི་ལོ་ ༢༠༠༠ ལོ་ཟླ་ ༣ པའི་ཚེས་ ༡༥ ལ་བཤད་གྲྭའི་འཛུགས་སྐྲུན་གསར་པའི་ས་གཞི་སྙོམ་པར་བྱ་བ་དང་། ཕྱི་ཡི་ལྕགས་རི་བསྐོར་བ་ནས་འགོ་ཚུགས་ཏེ་སྤྱི་ལོ་ ༢༠༠༤ ཡི་ལོ་སྨད་འཛུགས་སྐྲུན་གྱི་ཨར་ལས་ཕལ་ཆེར་གྲུབ་ཏེ། བཤད་གྲྭ་མར་སྤོས་པ་དང་བསྟུན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་དྲངས་ཏེ་བཤད་གྲྭའི་སྒོ་འབྱེད་གནང་། སླར་ཡང་སྤྱི་ལོ་ ༢༠༠༨ ལོར་སྐྱབས་མགོན་གོང་མ་རིན་པོ་ཆེ་གདན་ཞུས་ཀྱིས་བཤད་གྲྭ་རབ་གནས་མཛད་སྒོ་དང་འབྲེལ་གསུང་ངག་ལམ་འབྲས་སློབ་བཤད་ཆེན་མོ་བསྩལ། གཞན་ཡང་དུས་དང་དུས་སུ་བཤད་གྲྭ་འདིར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་མཆོག་གིས་དབང་ལུང་ཁྲིད་གསུམ་གྱི་རྒྱུན་གནང་བ་དང་། རྒྱུན་དུ་གཞུང་ཆེན་བཀའ་པོད་དྲུག་གི་མཚོན་པའི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་ཀྱི་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ། །