མཁྱེན་བརྩེ་སྐུ་ཕྲེང་གཉིས་པ།

 

༈ རིས་མེད་བསྟན་པའི་མངའ་བདག་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས།

 

བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནི། བོད་ལྗོངས་མདོ་ཁམས་རེ་ཁེ་ཨ་བྱམས་ཞེས་པའི་ས་ཡི་ཆར། ཡབ་ནུས་ལྡན་རྡོ་རྗེའི་གདུང་རྒྱུད་གཏེར་སྲས་འགྱུར་མེད་ཚེ་དབང་རྒྱ་མཚོ་དང་ཡུམ་གྲུབ་ཐོབ་ཀྱི་རིགས་སུ་བྱུང་བ་ཚུལ་ཁྲིམས་མཚོ་ཞེས་པ་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༨༩༣ རབ་བྱུང་བཅོ་ལྔ་པའི་ཆུ་མོ་སྦྲུལ་ལོའི་སྟོན་ཁར་སྐུ་བལྟམས།

ཡབ་ཀྱིས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་པའི་མཚན་གསོལ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཕྲིན་ལས་ཀྱི་རྣམ་སྤྲུལ་ཡིན་པར་ངོས་འཛིན་མཛད། དགུང་ལོ་དྲུག་ལོན་པ་ན་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་སྔ་འགྱུར་གྱི་གདན་ས་ཤར་ཀཿཐོག་གི་ཆོས་སྡེར་གདན་དྲངས། དགུང་གྲངས་བཅུར་ཕེབས་སྐབས་ཀུན་གཟིགས་དྷརྨ་སཱ་ར་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་གྲངས་བཅོ་ལྔའི་སྟེང་རྫོང་སར་བཀྲ་ཤིས་ལྷ་རྩེའི་འོག་མིན་བླ་མའི་བཞུགས་གནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རིས་བྲལ་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད།

དགུང་ལོ་ཉེར་དྲུག་ཐོག་རུ་དམ་ཨོ་རྒྱན་བསམ་གཏན་གླིང་དུ་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་སོགས་ལས་བསྙེན་པར་རྫོགས། ཀཿཐོག་གདན་སར་འཁོད་ནས་རྗེ་སི་ཏུ་རིན་པོ་ཆེའི་ཡོངས་འཛིན་མཁན་ཆེན་ཐུབ་བསྟན་རིག་འཛིན་རྒྱ་མཚོ་རྗེ་ཉིད་ཀྱི་ཡོངས་འཛིན་དུ་བཞག་པའི་མདུན་ལྗགས་ཀློག་ཕྱག་བྲིས་ནས་བརྩམས་ལོ་གཅིག་ལྷག་རིང་ཀཿཐོག་གི་སྒྲིག་འདོན་པུ་སྟི་བཅུ་སྐོར་བློར་འཛིན་བྱང་ཆུབ་པར་ཀུན་གཟིགས་སི་ཏུ་རིན་པོ་ཆེ་ལ་རྒྱུགས་འབུལ་ཞུས། དགུང་ལོ་བཅུ་པ་ནས་ཡོངས་འཛིན་དེ་ཉིད་དང་དཔལ་ཡུལ་བླ་མ་ཤེར་འོད། མཁས་དབང་བཀྲ་ཤིས་ཆོས་འཕེལ། བླ་སྨན་ཨ་ཚང་། མཁན་ཆེན་ཀུན་དཔལ་སོགས་ལས་སྒྲ་དང་སྙན་ངག བརྡ་སྤྲོད་དང་སྐར་རྩིས། གསོ་རིག་དང་ཚད་མ་རིག་པ་སྟེ་ཐུན་མོང་གི་རིག་གནས་དང། ཀཿཐོག་མཁན་བླ་མ་བསྟན་བཟང་། མཁན་ཨ་ཀ་རིན་པོ་ཆེ། མཁན་སྐལ་བཟང་དབང་ཕྱུག གསང་བདག་བློ་གཏེར། གནས་གསར་བཀྲ་འཕེལ། དབོན་སྟོད་མཁན་རིན་པོ་ཆེ་མཁྱེན་རབ་སོགས་ལས་མདོ་ཕྱོགས་ཀྱི་རྩ་བ་དང་ས་བཅད་ཐུགས་འཛིན། འགྲེལ་པ་ལ་གཟིགས་རྟོགས་ཀྱིས་བཀའ་གནད་དོགས་དཔྱོད་གོ་དོན་རྒྱུགས་འབུལ། བརྒལ་བརྟག་གི་དམ་བཅའ་འཕེར་ངེས་མཛད།

རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས།

ཁྱད་པར་ཀུན་གཟིགས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། དཔོན་སློབ་བློ་གཏེར་རིན་པོ་ཆེ། ཐར་རྩེ་ཞབས་དྲུང་བྱམས་པ་ཀུན་བཟང་བསྟན་པའི་ཉི་མ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དགོན་ཆེན་མཁན་རྒན་བསམ་གཏན་བློ་གྲོས།  རྡོ་གྲུབ་བསྟན་པའི་ཉི་མ། ཞེ་ཆེན་རྒྱབ་ཚབ་པདྨ་རྣམ་རྒྱལ། སྒ་སྟོན་ངག་དབང་ལེགས་པ། ཐར་ལམ་ངག་དབང་བརྟན་པ་སོགས་ཀྱིས་མཚོན། རྣམ་ཐར་ཞལ་གསུང་མ་ལས། མདོར་ན་ཡོངས་འཛིན་བརྒྱད་ཅུ་ལྷག །བསྟེན་ནས་དམ་ཆོས་རྒྱ་ཆེར་ཐོབ། །བོད་ཡུལ་ཤིང་རྟ་ཆེ་བརྒྱད་པོ། །ཀུན་ལ་དག་སྣང་ཆེར་བསྐྱེད་ཅིང་། །ལོག་རྟོག་སྒྲིབ་པས་མ་གོས་ཤིང་། །གཤེ་སྐུར་གྲུབ་མཐའི་ཕྱོགས་འཛིན་སྤངས། །དབང་ཁྲིད་མན་ངག་རྒྱུད་ལུང་རྣམས། །རྒྱུན་བཞུགས་ཐམས་ཅད་འབད་པ་ཆེས། །ཉན་དང་མཉན་པར་འགྱུར་བར་སྨོན། །ཞེས་གསུངས་པ་ལྟར་གངས་རིའི་ཁྲོད་ཀྱི་ཐུབ་བསྟན་རིན་པོ་ཆེ་ཡིན་ནོ་ཅོག་སོ་སོའི་ཆོས་རྒྱུན་ཁུངས་དང་འབྲེལ་ངེས་པ་རྣམས་ཕྱོགས་རིས་དང་ཆོག་ཤེས་མེད་པར་དུས་རྟག་ཏུ་འབད་པ་ཆེན་པོས་སྐྱོ་དུབ་མི་མངའ་བའི་དབང་གིས་མང་དུ་ཐོས་པ་རྒྱ་མཚོའི་ཕ་མཐར་སོན། གང་གསན་ཐམས་ཅད་ཐུགས་ཉམས་སུ་བཞེས་པས་ནང་དུ་ཐུགས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྒྱུན་དུ་གནས་པའི་ཉམས་སྣང་ལ་ཞིང་ཁམས་ཀྱི་བཀོད་པ་རྣམས་ཐུགས་འདུན་པ་ཙམ་གྱིས་གཟིགས། འཇམ་དཔལ་དབྱངས་དང་འཁོར་ལོ་བདེ་མཆོག དཔལ་ཀྱེ་རྡོ་རྗེ་སོགས་ཡི་དམ་གྱི་ལྷ་ཚོགས་རྣམས་ཡང་ཡང་གཟིགས་ཤིང་བྱིན་གྱིས་རླབས་པ་དང་། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སོགས་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་གང་བཅོལ་གྱི་ཕྲིན་ལས་སྒྲུབ། གཞན་ཡང་རྒྱ་བོད་བླ་མ་བརྒྱུད་པ་གྲངས་མེད་པས་ཞལ་གཟིགས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་དག་སྣང་ཉེ་བརྒྱུད་ཀྱི་ཚུལ་དུ་བཞེས་པར་མཛད།

བསྟན་པ་ལ་ཞབས་འདེགས་སྒོ་དུ་མ་ནས་བསྒྲུབས་པའི་ཚུལ་ནི། དད་རྫས་ཆུད་ཟོས་སུ་མ་ཤོར་བར་རྗེ་གོང་མའི་གསུང་འབུམ་པོད་ཆེན་བཅུ་གསུམ་ལྷག་ཙམ་དང་། འདུས་མདོའི་འགྲེལ་པ། གསང་སྙིང་ཊཱིཀ མི་ཕམ་གསུང་སྐོར་པོད་གཉིས། གཞུང་ཆེན་རྣམས་ཀྱི་རྩ་བ་སོགས་ཤིང་སྤར་པོད་ཉེར་ལྔ་བརྐོས། ཁམས་བྱེ་རིགས་གསུམ་ལྷ་ཁང་རྨང་ནས་གསར་དུ་བཞེངས། དེར་མགོན་པོ་མ་ཕམ་པའི་སྐུ་གསེར་ཟངས་ལས་བསྐྲུན་པ་ཐོག་ཚད་ལྔ་པས་མཚོན་རྟེན་གསུམ་ཅི་རིགས། བཤད་གྲྭ་གསར་འཛུགས་ལ་གྲྭ་ཤག་སོགས་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། མཁན་སློབ་ལྔ་བཅུ་ང་གསུམ་ལ་ཕོགས་ཐེབས་སྦྱོར་འཇགས་གནང་བའི་ཕྲིན་ལས་ད་སྐབས་ཀྱང་རྒྱལ་ཕྱི་ནང་ཀུན་ཏུ་དར་རྒྱས་བྱུང་དང་འབྱུང་བཞིན་པ། ཀུན་གཟིགས་སི་ཏུ་རིན་པོ་ཆེ་སྐུ་གཤེགས་ནས་སྔ་འགྱུར་བསྟན་པའི་འབྱུང་གནས་ཀཿཐོག་རྡོ་རྗེ་གདན་གྱི་བསྟན་པ་སྔ་ཕྱི་མི་ལོ་བཅོ་ལྔར་གཟིགས། དེ་སྐབས་རྒྱུད་སྡེའི་བཤད་གྲྭ་ཐུབ་བསྟན་ནོར་བུའི་ལྷུན་པོའི་སྤྱི་རྐང་གཏན་མེད་གྱུར་པ་གཞིར་བཞེངས་ཀྱི་ཉམས་གསོ་མཁན་སློབ་ཞལ་གྲངས་ཞེ་ལྔ་ལ་ཕོགས་ཐེབས་སྦྱོར་འཇགས། ཟངས་མདོག་དཔལ་རིའི་བློས་བསླངས་མཇུག་སྐྱོང་། ཐུབ་ཆེན་ལྷ་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལ་ཐུབ་ཆེན་ཐོག་བརྩེགས་གསུམ་ཅན་གསེར་ཟངས་ལས་བསྐྲུན་པ་བཅས་གཙོ་ཆེར་རྗེ་ཉིད་ཀྱི་ཕྱག་རྫས་བཏང་། སྡེ་དགེ་ཆོས་རྒྱལ་གྱིས་སྔོན་དུས་སྦྱོར་འཇགས་གནང་ཡང་ཕྱིས་ཉམས་ཆག་གྱུར་པ་དྲྭ་སྒང་སྒྲུབ་སྡེ་གསར་བཙུགས་ལ་སྒྲུབ་ཤག་གསར་དུ་བཞེངས་ཏེ། གསུང་ངག་ལམ་འབྲས་གཙོ་བོ་གྱུར་པའི་དཔལ་ལྡན་ས་སྐྱའི་སྙན་བརྒྱུད་སྐོར་ཉམས་བཞེས་མཛད་ཅིང་བཞུགས་ཐེངས་རེར་ལོ་བཞི་རེའི་ཡུན་ཚད་ཅན། སྒྲུབ་གྲྭ་ལྔ་བཅུ་ཐམ་པ་ཇི་སྲིད་བསྟན་པ་གནས་ཀྱི་བར་བཞུགས་པའི་ཕོགས་ཐེབས་སྦྱོར་འཇགས་གནང་།

ཉམས་ལེན་གཙོ་བོ་མཁྱེན་ཀོང་མཆོག་གསུམ་གྱི་ཟབ་གཏེར་གཙོ་བོ་དང་། ཞར་བྱུང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་འབྲེལ་འཇོག་སྒྲུབ་ཐེངས་རེར་ལོ་ལྔ་རེའི་ཡུན་ཚད་ཅན་རོང་མེ་དཀར་མོ་སྟག་ཚང་གི་སྒྲུབ་གྲྭ་གསར་འཛུགས་ལ་སྒྲུབ་ཁང་སྔར་ཡོད་རྒྱ་བསྐྱེད། སྒྲུབ་གྲྭ་དཔོན་སློབ་དགུ་དང་སྒྲུབ་གཡོག་བཅས་ལ་མཆོད་ཕོགས་ཐེབས་རྩ་སྦྱོར་འཇགས། གཟིམ་ཁང་རྙིང་པ་རྒྱ་བསྐྱེད། དབུ་རྩེའི་ལྷ་ཁང་དང་འབྲེལ་བའི་གཟིམ་ཆུང་ཐོག་བརྩེགས་བཞི་པ་གསར་བཞེངས། སྐུ་གོང་མའི་དགོངས་བཞེད་དབུ་རྩེའི་ལྷ་ཁང་བརྩེགས་ཞབས་མར་ནང་གི་རྟེན་གསུམ་ཡོངས་རྫོགས་གསར་བཞེངས་རིན་ཐང་ཟླ་མེད། དབུ་རྩེའི་བསང་ཁང་རྟེན་དང་བརྟེན་པར་བཅས་གསར་བཞེངས། གསུང་རྟེན་ཁོ་ན་བཞེངས་པའང་། གསེར་བྲིས་པོ་ཏི་ཉིས་བརྒྱ་ལྷག་བརྩིས་པའི་པོད་ཉིས་སྟོང་ལྔ་བརྒྱ་ལྷག་གསར་བཞེངས་མཛད། མདོ་ཁམས་སུ་བཤད་སྒྲུབ་ཀྱི་སྡེ་གསར་དུ་འཛུགས་པ་རྣམས་ལའང་མཁན་པོ་གཏོང་བ། ཐེབས་རྩ་ཞབས་འདེགས། ཞལ་བཀོད་སོགས་ཀྱི་བཀའ་དྲིན་སྩལ་བ་མང་།

རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས།

དགུང་ལོ་དགུ་པར་གླིང་དཀར་རྒྱལ་བློན་ལ་གང་བློ་མ་ཐུགས་ཐོག་ནས་འཆད་པ་ནས་བཟུང་ཀཿཐོག་དང་རྫོང་སར་སོགས་སུ་མདོ་སྔགས་ཀྱི་བཤད་པ་ཡང་མི་ཉུང་བར་གནང་། དེ་དག་གི་སྐབས་སུ་རྒྱུད་གཞུང་གི་བཤད་ཁྲིད་དག་ཀྱང་ཟབ་དོན་མན་ངག་གིས་དབུལ་བའི་རྟོག་གེའི་བཤད་ཡམས་དང་། གང་ཤེས་གང་དྲན་ཤ་ཟིན་སྤུ་བསྡུས་ལྟ་བུ་མ་ཡིན་པར་རྒྱས་བཤད་རྣམས་ཀྱི་ཟབ་དོན་སྙིང་པོར་དྲིལ། བསྡུས་པའི་རིགས་ཞིབ་ཅིང་རྒྱས་པར་བཀྲལ་ཏེ་བློ་གྲོས་མཆོག་དམན་ཀུན་གྱི་རྒྱུད་ལ་སྨིན་ངེས་པའི་འཆད་བྱ་མདོ་སྔགས་གང་ཡིན་གྱི་གཞུང་དོན་ཐད་ཀར་གསལ་རྒྱས་སུ་སྟོན་པར་མཛད་ཅིང་། སྐབས་ཐོབ་གསར་རྙིང་གི་བཤད་རྒྱུན་དང་ཡིག་ཆ་སོགས་གང་ལ་བརྟེན་པའི་དགོངས་དོན་མཐའ་དག་གསལ་བར་མཛད་པ་ཙམ་ལས། གཞན་དགོངས་པ་མཐུན་མིན་དང་འཐད་མི་འཐད་ཀྱི་དགག་སྒྲུབ་རིགས་གཏན་ནས་མི་མཛད། སྣོད་ལྡན་བློ་གྲོས་མཆོག་གྱུར་གྱི་རིགས་ལ་ཟབ་དོན་ལས་འཕྲོས་པའི་གསུང་བཤད་ཤིན་ཏུ་ངོ་མཚར་བ་རྒྱས་པར་གནང་། སྐུ་ཚེའི་སྨད་དབུས་ཕྱོགས་ལྷ་ལྡན། རྡོར་སྨིན་གཉིས། ལྷོ་བྲག་སྣ་བོ་ཅོག། མཁར་ཆུ། ལྷ་ལུང་། ཡར་འབྲོག་སྟག་ལུང་། གཙང་གླིང་བུ་དགོན། ས་སྐྱ་གོང་། འབྲས་ལྗོངས་རྒྱལ་ས། པདྨ་ཡང་རྩེ། རྡོ་རྗེ་གླིང་སོགས་སུ་བཀའ་ཆོས་འགའ་ཞིག་གསུངས་པ་རྣམས་ལས་བསྟན་པའི་གཞི་རྟེན་སོ་ཐར་དགེ་ཚུལ་སློང་གི་སྡོམ་པ་ཕྱིས་སྔགས་སྤྱོད་མ་མཛད་ཀྱི་བར་མང་ཙམ་བསྒྲུབས། བྱང་ཆུབ་སེམས་སྡོམ་བཀའ་སྲོལ་གཉིས་གསར་རྙིང་ཡིག་ཆ་སྣ་ཚོགས་སྟེང་སྔ་ཕྱི་ལན་གྲངས་ཆེས་མང་དུ་བསྩལ།

རྡོ་རྗེ་ཐེག་པའི་ཆོས་འཁོར་གདམས་ངག་མཛོད་ལན་གཉིས། སྒྲུབ་ཐབས་ཀུན་བཏུས་ལན་བཞི། ལམ་འབྲས་སློབ་བཤད་ལན་གསུམ། ཚོགས་བཤད་ལན་གཉིས། ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ཆེན་ལན་བཞི། སྔ་འགྱུར་རྙིང་མ་བཀའ་མ་ལན་གསུམ། རིན་ཆེན་གཏེར་མཛོད་དབང་ཁྲིད་ལུང་བཅས་ལན་གཅིག གཏེར་མཛོད་བཀའ་རྒྱ་ལན་གསུམ། སྙིང་ཐིག་ཡ་བཞི་ཚར་ལྔ། མཛོད་བདུན་ལུང་ཚར་གཉིས། བྱང་གཏེར་སྐོར་ཁ་ཚང་ལན་གཅིག འཇའ་ཚོན་པོད་དྲུག་ལན་གཅིག ལྔ་པའི་རྒྱ་ཅན་ཉེར་ལྔ་ལན་བཞི། སྨིན་གཏེར་ཡོངས་རྫོགས་ལན་བཞི། སྒྲུབ་ཐབས་འདོད་བུམ་ཐེངས་གསུམ། བདུད་འདུལ་དང་ཀློང་གསལ་ཆོས་སྐོར་ཚར་གཉིས། ཀུན་གཟིགས་མཁྱེན་བརྩེའི་གཏེར་ཆོས་ཡོངས་རྗོགས་དང་། བཀའ་འབུམ་ཚར་གཉིས། མཆོག་གླིང་གཏེར་ཆོས་ཡོངས་རྫོགས་ཚར་གསུམ། རྒྱུད་སྡེ་ཀུན་བཏུས་དཀྱུས་གཅིག་ཏུ་མ་གསུངས་ནའང་སྔོན་རྗེས་ཚར་གཅིག་སོང་བར་གསུངས། ས་སྐྱའི་གོང་མ་ལྔ་དང་ངོར་ཆེན་བཀའ་འབུམ་ལུང་ཚར་གཅིག རྙིང་མ་རྒྱུད་འབུམ་ལུང་ཚར་གཅིག་གསུངས་པས་མཚོན་ཞིབ་པར་རྣམ་ཐར་ཆེན་མོར་རྒྱས་པ་འབྱུང་། སྐུ་ཚེ་སྨད་དུ་འཁོར་འདས་དབྱེར་མེད། ཕྱག་རྒྱ་ཆེན་པོ། རྫོགས་ཆེན་རྣམས་ཀྱི་སྨིན་ཁྲིད་ཀྱང་སློབ་མ་སྣོད་ལྡན་མང་པོ་ལ་གནང་བ་སྟེ། དེ་དག་གི་སྐབས་སུ་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་། ཐུགས་རྗེ་ཆེན་པོའི་དབང་རྗེས་ཐུན་མོང་བ། འཕོ་ལུང་། རྐྱེན་སེལ་དབང་རྗེས་ཕྲན་ཚེགས། ཚེ་དབང་སོགས་ཀུན་ལ་འཆད་རུང་རིགས་ཁྱབ་གདལ་དུ་གནང་བ་ཙམ་ལས། གཞན་ཐམས་ཅད་གང་བྱུང་བྱུང་ལ་ཁྲོམ་ཆོས་སུ་གྱུར་པ་གཏན་ནས་མི་མཛད་ཅིང་། ཁྱིམ་པ་ཕོ་མོ་ལ་ཡི་གེ་དྲུག་པའི་བསྒོམ་བཟླས་དང་། ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་དང་བསགས་སྦྱོང་གི་སྒོ་ནས་རྣམ་དཀར་སྒྲུབ་པ་དང་། དགེ་ཚུལ་སློང་གི་སྡོམ་པའི་རྟེན་ཅན་གདམས་ཟབ་དོན་དུ་གཉེར་བ་དག་ལ་གཙོ་བོར་རང་རང་བློ་མོས་དང་འཚམ་པར་རྟེན་ཁྲིམས་གཙང་དང་ཆོས་ལུགས་རང་རང་གི་ཡི་དམ་བསྙེན་སྒྲུབ་ཉམས་ལེན་སོགས་གསར་རྙིང་བཀའ་གཏེར་རིས་མེད་ཀྱི་ཆོས་བཀའ་ཕལ་མོ་ཆེ་ལན་གྲངས་གཅིག་ནས་བཅུ་ཡི་བར་ཅི་རིགས་སུ་གང་དགོས་སོ་སོར་སྟོན་པར་མཛད།

རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས།

དགུང་གྲངས་རེ་གསུམ་པ་ཤིང་ལུག་ལོ་ནས་སྐུ་འཁོར་ཉུང་བསྡུས། དབུས་ཕྱོགས་དང་། ལྷོ་ཁ། ཡར་འབྲོག། སྣར་ཐང་། ས་སྐྱ་སོགས་བརྒྱུད་དེ། འབྲས་ལྗོངས། རྡོར་གླིང་། འཕགས་ཡུལ་ལ་ཐེངས་གཉིས། བལ་ཡུལ་རྣམས་སུ་གནས་གཟིགས། མཆོད་འབུལ། ཚོགས་འཁོར། བསྟན་རིམ། སྨོན་ལམ་སོགས་གནང་། གང་དུ་བྱོན་པའི་གནས་ཡུལ་གྱི་འགྲོ་བ་མང་པོས་སྐུ་མཇལ་གསུང་ཐོས། ཐུགས་ཀྱིས་ཁྱབ་པའི་སྒོ་ནས་འབྲེལ་ཚད་དོན་ལྡན་དུ་མཛད་དོ། །གདུལ་བྱ་སྐྱོང་བའི་ཞལ་སློབ་ཀྱི་ཚོགས་ཀྱང་། སྨིན་གླིང་མཁན་གཅུང་རྣམ་གཉིས། རྫོགས་ཆེན་ཡིད་བཞིན་དྲུག་པ་དང་མཁྱེན་བརྩེ། ཞེ་ཆེན་རབ་འབྱམས་དྲུག་པ། མཁྱེན་སྤྲུལ་རབ་གསལ་ཟླ་བ། ཀཿཐོག་སི་ཏུ་སོགས་མཁན་སྤྲུལ་ཕལ་མོ་ཆེས་མཚོན་རྙིང་ཕྱོགས། ས་སྐྱའི་ཕོ་བྲང་ཁག་གི་ཁྲི་ཆེན་གཞུང་ཟུར། ངོར་ཨེ་ཝཾ་པའི་མཁན་ཞབས་རྣམ་པ། ནཱ་ལེནྡྲའི་གཟིམས་འོག་དང་བཅོ་བརྒྱད་ཁྲི་ཆེན་སོགས་ས་སྐྱ། སྐུ་ཞབས་སི་ཏུ་པདྨ་དབང་ཆེན་ཡབ་སྲས། རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ། འབྲུག་ཆེན་རིན་པོ་ཆེ་སོགས་བཀའ་བརྒྱུད། མཁས་དབང་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས། ཀུན་གླིང་རྟ་ཚག་རྗེ་དྲུང་། མི་ཉག་ཀྱི་ལེ་སྐྱབས་མགོན། ཏྲེ་ཧོར་དགེ་སྟག་མཆོག་སྤྲུལ། གོ་འཇོ་འགྲོ་འདྲེན་སྤྲུལ་སྐུ་སོགས་དགེ་ལུགས་ཕྱོགས་ཀྱིས་མཚོན་བསྟན་འཛིན་གྱི་སྐྱེས་ཆེན་ཡོངས་གྲགས་བགྲངས་ཀྱིས་མི་ལོང་བ་རྣམས་དང་། བོད་ཀྱི་མི་ཆེན་བཀའ་མདའ་རྩིས་གསུམ་ཕལ་ཆེར། སྡེ་དགེ་ཆོས་རྒྱལ། གླིང་རྒྱལ། ནང་ཆེན་རྒྱལ་བློན། འབྲས་ལྗོངས་ཆོས་རྒྱལ་སོགས་ཀྱིས་མཚོན་བོད་དང་བོད་ཆེན་པོའི་ལྗོངས་ཀྱི་མི་ཆེན་ཁག་ཕལ་ཆེར་ནས་དད་ལྡན་མུ་ལྟོ་ཕལ་པ་ཡན་ཆད་གང་ཟག་མཆོག་དམན་གྱི་བྱེ་བྲག་མེད་ཅིང་བསྟན་པ་རིས་སུ་མ་ཆད་པའི་སློབ་ཚོགས་གྲངས་ལས་འདས་པ་བསྐྱངས།

དགུང་ལོ་ང་དྲུག་པར་ཚེ་ལམ་ཕྱག་རྒྱའི་རྟེན་འབྲེལ་བཞེས། དམ་པ་འདི་ཉིད་ཀྱི་གསུང་རྩོམ་སྐོར་རྣམས་ཀྱང་ཐུགས་སྲས་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་ནས་བསྡུ་འཚོལ་གནང་བ་པོད་བཅོ་ལྔ་ལྷག་ཙམ་བཞུགས་ཤིང་ད་དུང་མུ་མཐུད་འཚོལ་སྡུད་གནང་བཞིན་མཆིས། དེ་ལྟ་བུའི་རྣམ་ཐར་ཐུན་མོང་དང་ཐུན་མོང་མ་ཡིན་པ་བསམ་ཡུལ་ལས་འདས་པ་བསྟན་ནས། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་དྲུག་པའི་ས་ཕག་ཟླ་བ་ལྔ་པའི་ཚེས་དྲུག་གི་དགོང་མོར་རྒྱ་གར་འབྲས་ལྗོངས་ཆོས་རྒྱལ་ཆེན་པོའི་གཙུག་ལག་ཁང་དུ་སླར་ཡང་བི་མ་ལའི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དམ་པ་འདི་ཉིད་ཀྱི་ཕྱིའི་གདུང་རྟེན་འབྲས་ལྗོངས་བཀྲ་ཤིས་སྡིངས་སུ་བཞུགས་ཤིང་ནང་གི་གདུང་རྟེན་སྔར་འབྲས་ལྗོངས་གཙུག་ལག་ཁང་དུ་བཞུགས་པ་ཕྱིས་སུ་སྦིར་མཁྱེན་བརྩེ་བླ་བྲང་དུ་གདན་དྲངས་ཏེ་བཞུགས་སུ་གསོལ། རྗེ་འདི་ཉིད་ཀྱི་རྣམ་ཐར་ཞལ་གསུང་ཚིགས་བཅད་མ་དང་། ཐང་རྒྱལ་སྙན་རྒྱུད་ཀྱི་བླ་རྒྱུད་རྣམ་ཐར་ཁ་སྐོང་དུ་རྗེ་ཉིད་ཀྱི་རྣམ་ཐར་བསྡུས་པ་ཞལ་གསུང་། དིལ་མཁྱེན་རྡོ་རྗེ་འཆང་གིས་མཛད་པའི་རྣམ་ཐར་ཆེན་མོ། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་བསྒྲིགས་པའི་གསང་བའི་རྣམ་ཐར་དང་། འཁྲུངས་རབས་རྣམ་ཐར། གསང་རྣམ་གསོལ་འདེབས་རྒྱས་བསྡུས། བློ་གྲོས་ཕུན་ཚོགས་ཀྱིས་བསྒྲིགས་པའི་རྗེ་བླ་མའི་རྣམ་ཐར་སོགས་དཔྱད་གཞིར་བྱས་ཏེ་མདོར་བསྡུས་སུ་བསྒྲིགས་སོ། །

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གིས་བསྡུ་སྒྲིག་བྱས།