མཁན་རབས་ལྔ་པ།

 

 

༈ རྫོང་སར་མཁན་རབས་ལྔ་པ་བྲག་གཡབ་བློ་གྲོས།

 

མཁན་རབས་ལྔ་པ་བྲག་གཡབ་བློ་གྲོས་ནི། འཁྲུངས་ཡུལ་བྲག་གཡབ་ནང་དུ་ཡིན་པ་དང༌། དེ་ཕྱོགས་ས་སྐྱའི་དགོན་པ་གསུམ་ཡོད་པ་ནས་གཅིག་གི་ཡིན་ཞིང༌། སྐུ་གཞོན་པ་ནས་ཀུན་སྤོང་བྱ་བྲལ་གྱི་སྤྱོད་པས་ས་མཐར་ཉུལ་ཞིང་ཆོས་ཁོ་ནར་འཚོལ་མཁན་ཞིག་ཏུ་གྲགས། དབོན་སྟོད་མཁྱེན་རབ་ཀྱི་སློབ་མའི་ཁོངས་ནས་གཞུང་བཤད་ཀྱི་རྒྱུན་འཛིན་གཙོ་བོའི་གྲས་མཁས་པའི་སྙན་གྲགས་ཆེ་ཤོས་ཡིན་པ་དང༌། འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བློ་གྲོས་དང༌། སྒ་ངག་དབང་ལེགས་པ། བླ་མ་འཇམ་རྒྱལ་རིན་པོ་ཆེ་སོགས་ཀྱི་སློབ་མ་ཡང་ཡིན་པ་དང༌། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན་སྡེ་གཞུང་ཆོས་འཕེལ་གྱི་རྗེས་སུ་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོའི་མཁན་པོ་མཛད། ཁོང་མཁས་པ་ཆེན་པོའི་སྙན་གྲགས་ཤིན་ཏུ་ཆེ་ཡང༌། ཐུགས་སྙུང་བ་ལྟ་བུའི་བར་ཆད་ཀྱི་རྐྱེན་པས་བཤད་གྲྭའི་མཁན་པོ་ལོ་གསུམ་མ་ཟིན་ཙམ་ལས་མཛད་མ་ཐུབ་པ་འདྲ། དེ་རྗེས་རྣམས་སུ་སྐབས་འགར་མ་གཏོགས་སྙུང་གཞི་ཇེ་དྲག་སོང་ཞིང༌། བསྟན་པ་ལ་ཐུགས་བཞེད་འགན་ཁུར་ཆེ་སྟབས་ཁོང་གི་འཁྲུངས་ཡུལ་གྱི་ས་སྐྱའི་དགོན་ཆུང་གསུམ་ཡོད་པ་ལ་དེའི་བསྟན་དོན་དུ་ཆབ་མདོར་བོད་གཞུང་རྙིང་པའི་ཁྲིམས་འོག་ཏུ་ཉེས་བཙོན་དང༌། རྟ་ལྕག་གྲངས་མེད་བཟོད་དགོས་པ་སོགས་ཀྱི་སྐུ་ངལ་ལོ་གྲངས་འགར་བྱུང་བཞིན་པ་ཡིན་ཡང༌། རྗེས་འབྲང་གི་སློབ་མ་འགའ་རེ་སྐྱོང་སྟེ་གཞུང་བཤད་ཁོ་ན་ཁྲིད་མཛད། དངོས་རྫས་བྱུང་རིགས་ཀྱིས་དཔེ་རྒྱུན་དཀོན་གྲས་ཤིང་པར་དང༌། རྒྱུད་སྡེའི་དཀྱིལ་འཁོར། རིན་ཆེན་གཏེར་མཛོད་ཀྱི་ཙ་ཀ་ལི་སོགས་རྟེན་བཞེངས་ཁོ་ནར་མཛད། བྱ་བཏང་གི་སྤྱོད་པ་ཁོ་ནས་ན་བཟའ་ཡང་ངན་ངོན་ལས་མི་བཞེས། མདོར་ན་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་གྲགས་སོ། །