མཁན་རབས་བདུན་པ།

 

 

༈ རྫོང་སར་མཁན་རབས་བདུན་པ་མདོ་སྲིབ་པ་ཐུབ་བསྟན་རྒྱལ་མཚན།

 

མཁན་རབས་བདུན་པ་མཁས་པ་ཆེན་པོ་མདོ་སྲིབ་པ་ཐུབ་བསྟན་རྒྱལ་མཚན་ནི། སྡེ་དགེ་འབྲི་ནུབ་ཀྱི་ཕྱོགས་སུ་མདོ་ཆུའི་རྒྱུད་རི་མདའ་ནས་ཉག་སྨད་འདམ་ཐོག་ཚང་ཞེས་པ་རྗེ་བློ་གཏེར་དབང་པོའི་དངོས་སློབ་མདོ་སྲིབ་པ་མཁན་ངག་དབང་དམ་ཆོས་ཞེས་མཁས་གྲུབ་གཉིས་ཀའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང༌རྒྱུད་སྡེའི་གསང་མཛོད་ཆེན་པོ་ཞིག་བཞུགས་པ་དེའི་དབོན་རྒྱུད་དུ། སྤྱི་ལོ་ ༡༩༠༡ རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་སྐུ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་ཚུལ་ཅན་ཞིག་ཡིན་པ་དང༌། སྐུ་ཞང་དུང་མདོ་དགོན་གྱི་བླ་མ་འཇམ་དབྱངས་རིན་ཆེན་གྱི་མདུན་ནས་ཡི་གེ་འབྲི་ཀློག་བསླབ་པར་ཚེགས་མེད་དུ་ཤིན་ཏུ་བྱང༌། དགུང་གྲངས་བཅུ་ལྷག་སྐོར་ནས་མདོ་སྲིབ་དགོན་པར་ཚོགས་བཞུགས་མཛད། རྫོགས་ཆེན་ཕྱོགས་ནས་ཕེབས་པའི་མཁན་ཨ་པད་ཞེས་གཞན་དགའ་རིན་པོ་ཆེའི་དངོས་སློབ་ཡིན་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡོད་པ་ཁོང་དབྱར་མདོ་སྲིབ་དགོན་པ་དང༌། དགུན་ཝ་ར་དགོན་དང༌། དུང་མདོ་དགོན་པར་ཡར་མར་ཕེབས་བཞུགས་ཀྱིས་གཞུང་བཤད་དཔེ་ཁྲིད་ཁོ་ནར་གནང་བར་མཛད་པས། དེའི་མདུན་ནས་སྤྱོད་འཇུག་དང༌། དབུ་མ་རྩ་འཇུག་སོགས་གཞུང་འགའ་ཞིག་གསན་སྦྱོང་མཛད་པ་ན་བློ་རིག་གཞན་དང་མཚུངས་པ་མེད་སྟབས་བླ་མ་དེས་ཐུགས་ལ་ཤིན་ཏུ་བཏགས། ཁོང་དགུང་ལོ་དང༌སྐུ་གཟུགས་གཉིས་ཀ་ཆུང་ཤོས་ཡིན་ཀྱང༌། དཔེ་ཆའི་ཐོག་མཁས་ཤོས་སུ་གྱུར་པར་བརྟེན་སློབ་མ་ཐམས་ཅད་ཀྱིས་མཁན་ཆུང་ཞེས་མཚན་བཏགས། དེ་ནས་བཟུང་སྟེ་མདོ་སྲིབ་མཁན་ཆུང་ཞེས་པའི་མཚན་ཡང་རང་དགར་ཆགས། དེ་སྐབས་རྣམས་སུ་མཁན་རྒན་རིན་པོ་ཆེ་ངག་དབང་དམ་ཆོས་ཀྱི་སྐུ་མདུན་ནས་ས་སྐྱ་བཀའ་འབུམ། ངོར་ཆེན་བཀའ་འབུམ། དཀོན་ལྷུན་བཀའ་འབུམ་སོགས་ཀྱི་ལྗགས་ལུང་དང༌། སྒྲུབ་ཐབས་ཀུན་བཏུས། ལམ་འབྲས་སློབ་བཤད་སོགས་དབང་ཆོས་མང་པོ་གསན།

དེ་རྗེས་རྫོང་སར་ཁམས་བྱེའི་བཤད་གྲྭ་ནང་དུ་ཕེབས་ཏེ་ལོ་བརྒྱད་ཀྱི་རིང༌མཁན་རིན་པོ་ཆེ་དབོན་སྟོད་མཁྱེན་རབ་དང༌། བླ་མ་འཇམ་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱི་ཞལ་སྔ་ནས་གཞུང་བཤད་ཀྱི་སྐོར་ཡོངས་རྫོགས་གསན་སྦྱོང་མཐར་ཕྱིན། ཁམས་བྱེའི་སློབ་གྲྭའི་སྐྱོར་དཔོན་ཡང་ལོ་གསུམ་མཛད། རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་མདུན་ནས་སྔ་ཕྱིར་ལམ་འབྲས་སློབ་བཤད་ཚར་གཉིས། གདམས་ངག་མཛོད། སྒྲུབ་བཏུས། མཁྱེན་བརྩེའི་བཀའ་འབུམ་སོགས་ཀྱིས་གཙོས་དབང་ཁྲིད་ལུང་སོགས་གྲངས་མེད་པ་ཞིག་གསན། དེ་རྗེས་ཡབ་ཡུལ་དུ་ཕེབས་ཏེ་དགུང་གྲངས་ཉེར་བརྒྱད་ཙམ་ནས་མདོ་སྲིབ་དགོན་གྱི་དབྱར་གནས་མཁན་པོ་མཛད་དེ་གཞུང་བཤད་ཁྲིད་གནང་ཞོར་དུ་མཁན་ངག་དབང་དམ་ཆོས་ཀྱི་དངོས་སློབ། དུང་དགོན་མཁན་ཆེན་དཔལ་ལྡན་ཚུལ་ཁྲིམས་ཀྱི་མདུན་ནས་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ཁྲིད་ལུང་བཅས་ལོ་གཉིས་གསན། མཁར་མདོ་མཁན་ཆེན་མདུན་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་སོགས་གསན། རབ་བརྟན་དགོན་དུ་ཕེབས་ཏེ་སློབ་ཁྲིད་གནང་བ་དང༌། དབོན་སྟོད་དགོན་དུ་ཕེབས་ཏེ་མཁན་རིན་པོ་ཆེ་མཁྱེན་རབ་ལ་ཞབས་ཞུས་ཀྱིས་སློབ་གྲྭ་ལ་ཆོས་ཁྲིད་གནང་བ་དང༌། འདམ་ཐོག་དགོན་པར་བཀའ་འགྱུར་གྱི་ལུང་གནང་བ་སོགས་ལོ་འགའ་རེ་མཛད། དགུང་ལོ་སོ་ལྔ་ཙམ་ནས་རང་དགོན་དུ་ཐོག་མར་བླ་གྲྭ་ཉི་ཤུ་རྩ་ལྔ་ཅན་གྱི་བཤད་གྲྭ་ཟླ་བ་གསུམ་བཙུགས་ཏེ་སྤྱོད་འཇུག་སོགས་གཞུང་འཆད་སྤེལ་གནང༌།

དེ་ནས་ལོ་ལྟར་ཟླ་བ་གཉིས་ནས་བཞི་བར་གྱི་དུས་ཚོད་དང༌། གྲྭ་ཞལ་གྲངས་བཅོ་ལྔ་ནས་ཉི་ཤུ་ནང་བར་ཅི་རིགས་ཅན་གྱི་སློབ་གྲྭའི་རྒྱུན་སྲོལ་དང་རྟེན་རྩ་སོགས་སྦྱོར་འཇགས་ཀྱི་བཀའ་དྲིན་སྐྱོང་བ་དང༌། དགོན་པར་དབྱར་གནས་དང་ཟླ་ཕྱེད་ཀྱི་གསོ་སྦྱོང༌། སྔགས་ཀྱི་སྒྲུབ་སྡེ་གསར་འཛུགས་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ། དགུང་གྲངས་ཞེ་གཉིས་ཐོག་ནས་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོར་ཕེབས་ཏེ་མཁན་པོ་ཁང་དམར་རིན་ཆེན་གྱི་རྗེས་སུ་བཤད་གྲྭ་དེའི་མཁན་པོ་ལོ་བརྒྱད་མཛད། མཁན་ཆེན་གཞན་དགའ་དང༌། དབོན་སྟོད་མཁྱེན་རབ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཞུང་བཤད་ཇི་ལྟར་གནང་བའི་སྲོལ་རྒྱུན་ཁོ་ནར་སྤེལ་བར་མཛད། ས་སྐྱ་བཀའ་འབུམ་དང༌། ངོར་ཆེན་བཀའ་འབུམ། དཀོན་ལྷུན་བཀའ་འབུམ་སོགས་ཀྱི་ལྗགས་ལུང་ཡང་གསུངས། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ལ་རྒྱུད་བཏུས་ཡོངས་རྫོགས་དང་ངོར་ཆེན་དཀོན་ལྷུན་གྱི་གསུང་འབུམ་བཅས་ཀྱི་གསན་ལུང་ཕུལ།

སློབ་མ་ཡང་མི་ཉག་དམ་ཆོས། བྲག་གཡབ་མཁྱེན་སེང༌། ས་སྐྱ་པ་ངག་དབང་ཆོས་གྲགས། གསེར་ལྗང་མཁན་ཨ་པད། བྲག་གཡབ་ཆོས་དར། འདམ་ཐོག་ཐུབ་བསྟན་སྙན་གྲགས། ཁྲི་ཚོ་རིན་ཆེན། བྲག་གཡབ་པད་དམ། སྤེ་ཝར་མཆོག་སྤྲུལ། གདོང་ཐོག་མཆོག་སྤྲུལ། ཉ་བྲག་མཆོག་སྤྲུལ། སྤོ་དགོན་དོན་རྒྱལ་སོགས་ཤིན་ཏུ་མང༌། དགུང་གྲངས་ལྔ་བཅུ་ནས་རང་དགོན་དུ་ཕེབས་ཏེ་རྒྱུད་སྡེ་རྣམས་ཀྱི་བསྙེན་སྒྲུབ་སྐུ་མཚམས་ལོ་བཞི་ཙམ་གནང༌། ཞོར་དུ་བཤད་སྒྲུབ་ཀྱི་བསྟན་པ་ཡང་བསྐྱངས་པར་མཛད། སྤྱི་ལོ་ ༡༩༥༧ དགུང་གྲངས་ང་དྲུག་ཐོག་དུས་འགྱུར་དང་བསྟུན་ཏེ་སྟོད་ཕྱོགས་སུ་ཕེབས་པར་དབུས་གཙང་ནས་རིམ་པར་རྒྱ་གར་དུ་བྱོན་ཏེ་འཇམ་མགོན་རྡོ་རྗེ་འཆང་ཞལ་མཇལ་དང་མཉམ་དུ་རྒྱ་གར་དང་བལ་ཡུལ་གྱི་གནས་ཆེན་ཡོངས་རྫོགས་འཁོར་ཏེ། བོད་དུ་ཕྱིར་བྱོན་པར་ས་ངོར་གཉིས་བརྒྱུད་དེ་ལྷ་ས་ལ་སྤྱི་ལོ་ ༡༩༥༨ ལོའི་མཇུག་ཏུ་ཕེབས་ཀྱང༌། དུས་འགྱུར་གྱི་རྐྱེན་གྱིས་དེར་ལུས་ཏེ་ལོ་ཤས་བར་དེ་ཕྱོགས་སུ་མངོན་ཆུང་གིས་འགྲོ་དོན་ཅི་རིགས་མཛད་ཅིང༌། མཐར་སྤྱི་ལོ་ ༡༩༦༦ ལོ་ནས་རིམ་པར་དུས་འགྱུར་གྱི་རྐྱེན་པས་དོ་དམ་འོག་སྐུ་གྲིབ་ལྟ་བུའི་སྙུང་རྐྱེན་སོགས་ལ་བརྟེན་སྤྱི་ལོ་ ༡༩༧༡ དགུང་གྲངས་དྲུག་ཅུ་རེ་དགུའི་ཐོག་བོད་ཟླ་ ༦ ཚེས་ ༦ ལ་ཞིང་གཞན་དུ་གཤེགས། མཁན་རིན་པོ་ཆེ་ཁོང༌ཕྱི་འབྲོག་ཏུ་བཀའ་བརྒྱུད་པ་གནས་མདོ་དགོན་པའི་མཆོག་སྤྲུལ་སྙན་གྲགས་ཅན། བླ་མ་རྒྱ་མཚོ་ཞེས་པ་གཅིག་ཡོད་པ་དེའི་སྤྲུལ་སྐུ་ཡིན་ཚུལ་གྲགས་པའང་གསུངས། གང་ལྟར་མཁྱེན་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང༌། འཇམ་དཔལ་དབྱངས་དངོས་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་དང༌། དབོན་སྟོད་མཁན་མཁྱེན་རབ་རྣམ་གཉིས་ཀྱི་ཐུགས་སྲས་ཀྱི་གཙོ་བོར་གྱུར་པར་བརྟེན་ཕྲིན་ལས་ཕྱོགས་མེད་དུ་རྒྱས་ཤིང༌། བསྟན་པ་སྤྱི་བྱེར་བཀའ་དྲིན་བསམ་གྱིས་མི་ཁྱབ་པའོ། །