མཁན་རབས་བཅུ་གསུམ་པ།
༈ རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་གི་མཁན་རབས་བཅུ་གསུམ་པ་མཁན་པོ་བསམ་འགྲུབ་མཆོག
མཁན་རབས་བཅུ་གསུམ་པར་བྱོན་པར་མཁན་པོ་བསམ་འགྲུབ་མཆོག་ནི་སྤྱི་ལོ་ ༡༩༧༥ ལོར་ཉག་གཤིས་འབམ་མདའ་རུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་ཡབ་ཡུམ་གཉིས་ཀྱི་མདུན་ནས་བོད་ཡིག་སྦྱངས། དགུང་ལོ་བཅུ་དྲུག་པར་གསེར་ལྗོངས་དགོན་པའི་ཚོགས་སྒྲིག་ལ་ཞུགས་ཏེ་མཁན་པོ་གཞན་ཕན་སྐུ་མདུན་ནས་རབ་ཏུ་བ་དགེ་ཚུལ་གྱི་དངོས་པོ་བཞེས། གྲྭ་ཆུང་སློབ་གྲྭ་དང་བཤད་གྲྭ་བཅས་མཐར་ཕྱིན། དགུང་ལོ་ཉི་ཤུ་པར་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས།
ལོ་དེ་ཉིད་དུ་རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་དུ་ཞུགས་ཏེ་ལོ་ངོ་བཞིའི་རྗེས་ནས་བསྐྱོར་དཔོན་གྱི་ཐུགས་འགན་བཞེས། སྔ་ཕྱིར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང། དཔེ་ཝ་མཆོག་སྤྲུལ་རིན་པོ་ཆེ། མཁན་ཆེན་པདྨ་དམ་ཆོས། མཁན་ཆེན་ཨ་པད་རིན་པོ་ཆེ། མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། ལམ་འབྲས་པ་འཇམ་དབྱངས་སེངྒེ། མཁན་ཆེན་ཚེ་བརྟན། སྤོ་ལུ་མཁན་པོ་ཐུབ་བསྟན་སོགས་ཀྱི་སྐུ་འདུན་ནས་གསུང་ངག་ལམ་འབྲས་དང་གྲགས་ཆེན་བཅོ་བརྒྱད་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པར་བསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན།
སྤྱི་ལོ་ ༢༠༠༨ ལོར་རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་གི་མཁན་རབས་བཅུ་གསུམ་པའི་ཁྲིར་མངའ་གསོལ། འཆད་ཉན་ཉག་ཕྲར་གྱུར་པའི་རྒྱུད་སྡེ་ཁག་དང། གསོ་རིག སྐར་རྩིས། སྙན་ངག སྒྲ་རིག མངོན་བརྗོད་སོགས་བཅུ་ཕྲག་རིག་གནས་ཕལ་ཆེ་བའི་འཛིན་གྲྭ་བཙུགས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོས་པའི་དཔེ་ཆ་པོད་ཁྲི་ཕྲག་དུ་མ་དཔར་སྐྲུན་འགྲེམས་སྤེལ་ཞུས། ད་ལྟ་ལས་ཐོག་མཁན་པོའི་ཐུགས་འགན་བཞེས་བཞིན་པའོ། །
ཉིད་ཀྱི་ཞལ་སློབ་སྐལ་དགོན་རྡོ་རྗེ་རབ་བརྟན་གྱིས་བྲིས་པའི་རྣམ་ཐར་ལས་བཏུས་པའོ། །