མཁན་རབས་དྲུག་པ།

 

 

༈ རྫོང་སར་མཁན་རབས་དྲུག་པ་ཁང་དམར་རིན་ཆེན།

 

མཁན་རབས་དྲུག་པ་ཁང་དམར་རིན་ཆེན་ནི། སྡེ་དགེའི་འབྲི་ཤར་གཏེར་ལྷུང་ཕྱོགས་སུ་འཁྲུངས། དེར་པད་མ་ཤེལ་རི་ཞེས་སྔོན་མཁྱེན་ཀོང་མཆོག་གསུམ་གྱིས་གཏེར་བཞེས་པའི་གནས་ཆེན་དུ་ཁང་དམར་དགོན་ཞེས་པ་རྙིང་མའི་དགོན་ཆུང་ཞིག་ཡོད་པ་དེར་ཞུགས་མཛད། སྐུ་ཆུང་ངུའི་དུས་ནས་འཇིག་རྟེན་གྱི་བྱ་གཞག་ཐམས་ཅད་སྤངས་ཏེ་དམ་པའི་ཆོས་འཚོལ་བ་ཁོ་ནར་ལྷུར་བླངས་པར་མཛད། གཙོ་བོ་དབོན་སྟོད་མཁན་མཁྱེན་རབ་དང༌། ཀཿཐོག་སི་ཏུ་རིན་པོ་ཆེ། རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་ཀྱི་སློབ་མ་ཡིན་པ་དང༌། མཁས་གྲུབ་ཀྱི་ཡོན་ཏན་ཤིན་ཏུ་ཆེ་བར་བརྟེན་བླ་མ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན་བྲག་གཡབ་བློ་གྲོས་ཀྱི་རྗེས་སུ་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོའི་མཁན་པོ་ལོ་བཞི་མཛད་པར་གསུངས། རྒྱུན་དུ་སྐུ་ཆས་དང་ན་བཟའ་ཚུན་གྱི་དངོས་རྫས་གང་བྱུང་ཐམས་ཅད་སྐུ་གསུང་ཐུགས་རྟེན་སྤྱི་དང་ཁྱད་པར་གསུང་རྟེན་གྱི་ཆེད་དུ་གཏོང༌། སྐུ་ཚེ་རིལ་པོར་སྒྲུབ་པ་དང་ཆོས་འཆད་སྤེལ་ཁོ་ནས་འདའ་བར་མཛད་པར་གྲགས་སོ། །