མཁན་རབས་དང་པོ།

 

 

༈ རྫོང་སར་མཁན་རབས་དང་པོ་རྫོགས་ཆེན་མཁན་པོ་གཞན་ཕན་ཆོས་ཀྱི་སྣང་བ།

 

ཆོས་སྡེ་ཆེན་པོ་འདིའི་མཁན་རབས་དང་པོ་ནི། རྫོགས་ཆེན་པའི་མཁས་གྲུབ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཐུགས་སྲས་ཀྱི་གཙོ་བོ་རྫོགས་ཆེན་པ་མཁས་པ་ཆེན་པོ་གཞན་དགའ་རིན་པོ་ཆེའམ་གཞན་ཕན་ཆོས་ཀྱི་སྣང་བ་ཞེས་པ་ཁོང་ཡིན། ཁོང་གིས་ཨོ་རྒྱན་བསྟན་འཛིན་ནོར་བུ་སྐུ་གཤེགས་འཕྲལ། བླ་མ་དེའི་གདན་ས་བྱང་རྫ་ཆུ་ཁའི་དགེ་མང་རི་ཁྲོད་དུ་ལོ་མང་པོར་འཁོར་སློབ་བསྐྱངས་ཏེ་གདན་ས་ཟིན་པ་དང༌། གཞན་ཡང་རྫོགས་ཆེན་ཤྲཱི་སེངྒེ་རིའི་བཤད་གྲྭ་བཙུགས་ཏེ་མཁན་པོ་མཛད་པ་དང༌། ཤར་དཔལ་སྤུངས་དགོན་དུ་བྱམས་མགོན་སི་ཏུ་རིན་པོ་ཆེ་པད་མ་དབང་མཆོག་རྒྱལ་པོ་ལ། གཞུང་བཤད་ཀྱི་སྐུ་ཡོན་ཕུལ་བ་དང༌། ཞོར་དུ་ཆོས་སྡེ་ཆེན་པོ་དེར་གཞུང་བཤད་ཀྱི་བཤད་གྲྭ་འཛུགས་སྐྱོང་གནང་བ་དང༌། སྐྱེ་རྒུ་དགོན་དོན་འགྲུབ་གླིང་དུ་བཤད་གྲྭ་འཛུགས་སྐྱོང་གནང་བ་དང༌། སྡེ་དགེ་ལྷུན་གྲུབ་སྟེང་གི་དབེན་ཁྲོད་ལ་སེ་སྒང་དུ་གསང་བདག་བློ་གཏེར་དབང་པོའི་མདུན་ནས་ལམ་འབྲས་སློབ་བཤད་དང་རྒྱུད་སྡེ་ཀུན་བཏུས་སོགས་གསན་ཏེ་ཡུན་རིང་བཞུགས་སྐབས་སུའང༌། མདོ་སྔགས་ཀྱི་གཞུང་བཤད་མང་པོ་ཞོར་དུ་སྤེལ་ཁྲིད་གནང་བ་སོགས་ཀྱིས་བསྟན་པ་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ། ལྷག་པར་དུ་ཁོང་སྔོན་སྐུ་གཞོན་དུས་ནས་ས་སྐྱ་པའི་བསྟན་པ་ལ་ཞུགས་མོས་ཤིན་ཏུ་ཆེ་ཚུལ། བླ་མ་ཨོ་རྒྱན་བསྟན་འཛིན་ནོར་བུ་ལ་ཞུས་པ་ན། བླ་མའི་ཞལ་ནས། ཁྱོད་སྔོན་ས་སྐྱ་པའི་བླ་རྒན་ཞིག་གི་སྐྱེ་བ་ཡིན་རྟགས་རེད། ས་སྐྱ་པར་དངོས་སུ་མ་ཞུགས་ཀྱང་སེམས་བསྐྱེད་ཡག་པོ་གྱིས་དང༌། ས་སྐྱའི་བསྟན་པ་ལ་ཕན་ཆེན་པོ་ཐོགས་ཡོང་ཞེས་གསུངས་པར་གྲགས་པ་བཞིན། མཁན་ཆེན་འདི་ཉིད་ངོར་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་དེ་མ་ཐག་པའི་སྐུ་སྐྱེར་གྲགས་ཤིང༌། སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པའི་ཞལ་སྔ་ནས། འཇམ་དབྱངས་ས་པཎ་གྱི་སྤྲུལ་པ་ཡིན་ངེས་སུ་གསུངས་པ་ལྟར། མཁན་ཆེན་བཀའ་དྲིན་ཅན་འདིར་སྒ་སྟོན་བླ་མ་འཇམ་རྒྱལ་རིན་པོ་ཆེ་ནས་བསྟན་འགྲོ་ལ་ཕན་ཐོགས་གང་གིས་འབྱུང་བཀའ་འདྲི་ཞུས་ལན་ལ་ཡང་ཁྱོད་རང་ཀུན་མཁྱེན་གོ་རམས་པའི་བཀའ་འབུམ་འདི་བསྡུ་ཚོལ་ཐོག་སྤར་ཞིག་བཞེངས་ཐུབ་པར་བྱུང་ན། མ་འོངས་པར་ས་སྐྱའི་བསྟན་པ་ལ་ཕན་ཐོགས་ཡོང་ཞེས་ལུང་བསྟན་གནང་བ་དང༌། ས་སྐྱ་པའི་ཕྱོགས་ནས་ཁོང་གི་སློབ་མ་ཡང༌། བླ་མ་འཇམ་དབྱངས་རྒྱལ་མཚན་དང༌། ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། མཁས་པ་ཆེན་པོ་དབོན་སྟོད་མཁྱེན་རབ། སྡེ་གཞུང་མཆོག་སྤྲུལ་ཨ་འཇམ་སོགས་བསྟན་འཛིན་གྱི་སྐྱེས་བུ་གྲངས་མེད་བྱོན། བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ཁམས་བྱེའི་བཤད་གྲྭ་ཆེན་མོ་འཛུགས་ཉེའི་སྐབས་ནས། མཁན་ཆེན་འདི་གདན་དྲངས་ཏེ། རྫོང་སར་དགོན་རྩེ་ལྷ་ཁང་གི་ཡང་ཐོག་གཟིམས་སྤྱིལ་དུ་བཞུགས་སུ་གསོལ་ཏེ་ལོ་ཤས་གཞུང་བཤད་ཀྱི་སློབ་ཁྲིད་བསྐྱངས། དེ་ནས་ས་རྟ་ལོར་ཁམས་བྱེའི་བཤད་གྲྭ་རྟེན་དང་བརྟེན་པ་བཅས་བཞེངས་གྲུབ་པ་དང༌། དེར་ཕེབས་ཏེ་བཤད་གྲྭ་ཆེན་མོ་དེ་དབུ་འཛུགས་སྒོ་དབྱེ་མཛད་ནས་ལོ་གཉིས་ཙམ་བཀའ་དྲིན་བསྐྱངས་པར་གསུངས། ཁོང་གི་གཟིམས་ཁང་ཤིང་བང་དང༌། ནང་གི་གཟིམས་ཁྲི། ཤིང་བཟོས་ལྕོག་རྩེ་སོགས་ཉེར་སྤྱོད་སྐོར་དང་ཆོས་ཁྲི་ཆས་སྐོར་བཅས་ཆ་ཚང་ཡོད་པར། མཁན་སློབ་རྒྱུད་འཛིན་རྣམས་ནས་བྱིན་རླབས་ཆེ་བའི་རྟེན་དུ་བརྩི་བཞིན་ཡོད། དེས་ན་མཁན་ཆེན་འདི་ས་སྐྱ་པའི་བསྟན་པ་ལ་ཡང་ཤིན་ཏུ་བཀའ་དྲིན་ཆེ་བ་ཞིག་གོ །