མཁན་རབས་དགུ་པ།

 

 

༈ རྫོང་སར་མཁན་རབས་དགུ་པ་བྲག་གཡབ་མཁྱེན་རབ་སེང་གེ།

 

བྲག་གཡབ་མཁྱེན་རབ་སེང་གེ་ནི། སྐུ་འཁྲུངས་ཡུལ་བྲག་གཡབ་ལ། གཙང་གསར་དགོན་པའི་གྲྭ་པ་ཡིན་ཞིང༌། སྐུ་ཆུང་དུས་ནས་ཕ་ཡུལ་སོགས་འཇིག་རྟེན་གྱི་བྱ་གཞག་བློས་གཏོང་གིས་ཆོས་ཁོ་ན་ཚོལ་ཞིང་དོན་གཉེར་མཛད། ཆབ་མདོ་སོགས་ཕྱོགས་ག་སར་བླ་མ་བློ་གྲོས་ཀྱི་ཉེ་གནས་མཛད་དེ་ཞོར་དུ་གཞུང་ཁྲིད་ལོ་ཤས་ཞུས། དེ་རྗེས་སྡེ་དགེ་ནང་རྫོང་སར་ཁམས་བྱེའི་བཤད་གྲྭར་ཞུགས། མཁན་རིན་པོ་ཆེ་ཐུབ་རྒྱན་བསྟེན་ཏེ་ལོ་ལྔ་ཙམ་བཞུགས། སྐྱོར་དཔོན་ཡང་ལོ་ཤས་གནང༌། དེ་རྗེས་ལི་ཐང་སྡེ་གཞུང་ནང་ཕེབས་ཏེ་སྡེ་སྤྲུལ་ཨ་འཇམ་རིན་པོ་ཆེ་དང༌། མཁན་ཆོས་འཕེལ་སོགས་བསྟེན་ཏེ་སྔགས་སྐོར་གསན་སྦྱོང་མཛད། བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མདུན་ནས་སྔ་ཕྱི་ལམ་འབྲས་ཚོགས་སློབ་དང༌། གདམས་མཛོད་སྒྲུབ་བཏུས་སོགས་ཆོས་བཀའ་གྲངས་མེད་གསན། མདོར་ན་སྐུ་ཚེ་དེར་བྱ་བྲལ་ཀུན་སྤོང་གིས་རྒྱལ་ཁམས་ཉུལ་ཏེ་ཆོས་ཁོ་ནར་དོན་གཉེར་མཛད་པ་ཞིག་ལ། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་བཀའ་དགོངས་དང་དུ་བླངས་ཏེ། སྤྱི་ལོ་ ༡༩༥༦ ལོ་མགོ་ནས་མི་ཉག་དམ་ཆོས་ཀྱི་རྗེས་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོའི་མཁན་པོ་མཛད། ཁོང་མདོ་སྔགས་གཉིས་ཀ་ལ་ཤིན་ཏུ་མཁས་ན་ཡང༌། དུས་འགྱུར་བྱུང་བའི་སྟབས་ངན་ཁེལ་རྐྱེན་གྱིས་ཆོས་ཁྲིད་ལོ་ངོ་གཉིས་ཙམ་ལས་སྐྱོང་མ་ནུས་ཤིང་ཉེས་བཙོན་དོ་དམ་སོགས་ཀྱི་སྐུ་ངལ་ཡང་ཅི་རིགས་མྱངས་མཐར། ཡབ་ཡུལ་ཕྱོགས་སུ་ཕེབས་ཐུབ་སྟེ་སྤྱི་ལོ་ ༡༩༨༡ ལོ་བར་མངོན་ཆུང་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་བཞིན་འགྲོ་དོན་ཡང་ཅི་རིགས་བྱུང་མཐར་སྐུ་ཞིང་གཞན་གཤེགས་པར་གྲགས་སོ། །