མཁན་རབས་གསུམ་པ།

 

 

༈ རྫོང་སར་མཁན་རབས་གསུམ་པ་སྒ་སྟོན་བླ་མ་འཇམ་དབྱངས་རྒྱལ་མཚན།

 

མཁན་རབས་གསུམ་པ་སྙིགས་མའི་དུས་ཀྱི་འདུལ་བ་འཛིན་པའི་རྒྱལ་པོ་སྒ་སྟོན་བླ་མ་འཇམ་དབྱངས་རྒྱལ་མཚན་ནི། སྒ་སྟོད་འཛིན་མདའ་གྲོང་དུ་ངོར་དཔོན་སློབ་ངག་དབང་ལེགས་གྲུབ་ཀྱི་དབོན་སྲས་སུ་སྐུ་འཁྲུངས། སྐུ་གཞོན་དུས་ནས་ཀྱང་དམ་པའི་རིགས་སད། སྒ་ཐར་ལམ་དགོན་གྱི་ཚོགས་སྒྲིག་ཏུ་ཞུགས། དགུང་ལོ་བཅུ་བདུན་ནས་ངོར་ཨེ་ཝྃ་ཆོས་ལྡན་དུ་གྲྭ་སར་ཕེབས་ཏེ། ཁང་གསར་མཁན་པོ་ངག་དབང་བློ་གྲོས་སྙིང་པོ་ལས་གསུང་ངག་རིན་པོ་ཆེ་ལམ་འབྲས་སོགས་སྡོམ་པ་གསུམ་ཀའི་བཀའ་དྲིན་ནོས། ས་སྐྱ་སོགས་གནས་བསྐོར་མཛད་དེ་ཕྱིར་ཕེབས། གཞན་ཡང་བླ་མ་ཉི་དགའ་རིན་པོ་ཆེ་དང༌། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གསང་བདག་བློ་གཏེར་དབང་པོ། བྲག་ར་འཇམ་དབྱངས་ཆོས་ཀྱི་ཉི་མ། མཁས་གྲུབ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ། གཞན་དགའ་རིན་པོ་ཆེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་གསར་རྙིང་བླ་མ་མང་པོར་བསྟེན། མདོ་སྔགས་ཀྱི་ཆོས་བཀའ་ཕལ་ཆེ་བ་ཐུགས་སུ་ཆུད། སྒྲུབ་པ་ཉམས་བཞེས་ཀྱི་མཐར་ཕྱིན། ཞིང་སྐྱོང་དུར་བདག་ཡབ་ཡུམ་སོགས་བསྟན་སྲུང་ཐམས་ཅད་བྲན་བཞིན་འཁོར། ཁྱད་པར་དུ་དགེ་མང་རི་ཁྲོད་དུ་ཐོག་མར་དབོན་པོ་བསྟན་ལུ་དང༌། དེ་རྗེས་མཁན་ཆེན་གཞན་དགའི་མདུན་ལོ་ལྔ་ཙམ་གཞུང་བཤད་ཀྱི་སློབ་གཉེར་ཞུས། དེ་སྐབས་སུ་མཁན་ཆེན་གྱི་ལུང་བསྟན་པ་བཞིན། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་བཀའ་འབུམ་པར་བསྐོ་རྒྱུའི་ཐུགས་ཐག་བཅད་དེ། སྡེ་དགེ་ནང་དུ་ཕེབས་ཏེ། རྗེ་བློ་གཏེར་དབང་པོས་མཐུན་འགྱུར་གནང་འོག་དབུས་གཙང་ཁམས་གསུམ་དུ་མ་དཔེ་འཚོལ་སྒྲུབ་སོགས་ཀྱི་ཐུགས་རྗེའི་སྐུ་ངལ་ཚད་མེད་གནང་སྟེ། ཀུན་མཁྱེན་མཁས་པའི་དབང་པོ་གོ་རམས་པ་བསོད་ནམས་སེང་གེའི་ (༡༤༢༩-༡༤༨༩) གསུང་འབུམ་པོད་བཅུ་གསུམ་ཡོད་པ་ཡོངས་རྫོགས་བླ་མ་ཉིད་ཀྱིས་ཞུ་དག་ཤིན་ཏུ་མཐའ་གཙང་དང་བཅས་ཤིང་པར་བསྐོ་རྒྱུ་ལེགས་པར་གྲུབ་ཐོག ལུང་རྒྱུན་མེད་གྲས་རྣམས་བྲག་ར་རིན་པོ་ཆེའི་མདུན་ནས་ལུང་སྤེལ་ཚད་ལྡན་ཞུས་ཏེ་སྔ་ཕྱིར་ལུང་ཚར་གཉིས་གནང་བ་དང༌། དེའི་ཞར་བྱུང་དུ་ཤེར་ཕྱིན་གཡག་ཊཱིཀ་དང༌། རོང་ཊཱིཀ་སོགས་ཀྱི་པར་མང་པོ་བཞེངས། ལམ་འབྲས་ཚར་ཁ་ཤས་དང་གཞན་དབང་ལུང་ཁྲིད་གྲངས་མེད། གཞུང་ཁྲིད་བཤད་ཁྲིད་ཤིན་ཏུ་མང་པོ་མཛད་ཅིང༌། རྒྱུན་མར་རྗེས་འབྲང་གི་སློབ་ཚོགས་མང་པོ་སྐྱོང༌། ཡེ་ན་ཆོས་འཕེལ་རབ་རྒྱས་དང༌། གྲགས་འབྱུང༌། དབོན་སྟོན་མཁྱེན་རབ། ཁྲི་ཚོ་ཡེ་ཤེས་ལེགས་གྲུབ། གོ་འཇོ་ཐང་སྐྱ་དགོན་ནག་མིག་བླ་མ། གསེར་ལྗོངས་འཇམ་དབྱངས་དགེ་ལེགས། ཞབས་ཐང་མཁན་པོ་རྣམ་གཉིས། འཇམ་པའི་དབྱངས་དངོས་ཆོས་ཀྱི་བློ་གྲོས། སྡེ་གཞུང་ཀུན་བཟང་ཉི་མ། སྡེ་སྤྲུལ་ལུང་རིགས་ཉི་མ། ཉ་བྲག་ཀུན་བཟང༌། རབ་བརྟན་ཐུབ་བསྟན་འཕེལ་རྒྱས། མདོ་སྲིབ་ཐུབ་བསྟན། དུང་དགོན་དཔལ་ལྡན་ཚུལ་ཁྲིམས་སོགས་མཁས་བཙུན་བཟང་གསུམ་འཛོམས་པའི་སློབ་ཚོགས་བགྲང་བ་ལས་འདས་པ་ཞིག་བྱུང༌། དབོན་སྟོད་མཁྱེན་རབ་རིན་པོ་ཆེའི་རྗེས། འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན་རྫོང་སར་ཁམས་བྱེའི་བཤད་གྲྭར་མཁན་པོ་ལོ་གཉིས་མ་ཟིན་ཙམ་གནང༌། ཁོང་ཀུན་མཁྱེན་གོ་རམས་པའི་སྐུ་སྐྱེར་ཡང་གྲགས་ཤིང༌། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱིས་དཔོན་སློབ་ངག་དབང་ལེགས་གྲུབ་ཀྱི་སྤྲུལ་པའི་སྐུ་ཞིག་ཡིན་པར་དགོངས་ཚུལ་ཡང་གསུངས་པར་ཐོས། མཐར་གྭ་བུར་བྱང་ཆུབ་རི་ཁྲོད་དུ་གཤེགས། བསྟན་པ་སྤྱི་དང༌། ལྷག་པར་ས་སྐྱ་པའི་བསྟན་པ་ལ་བཀའ་དྲིན་འགྲན་ཟླ་མེད་པ་ཞིག་གོ །