མཁན་རབས་གཉིས་པ།

 

 

༈ རྫོང་སར་མཁན་རབས་གཉིས་པ་དབོན་སྟོད་མཁྱེན་རབ་ཆོས་ཀྱི་འོད་ཟེར།

 

མཁན་རབས་གཉིས་པ་དབོན་སྟོད་མཁྱེན་རབ་ཆོས་ཀྱི་འོད་ཟེར་ནི། དབོན་པོ་སྟོད་དུ་སྐུ་འཁྲུངས། དབོན་སྟོད་དགོན་པར་ཚོགས་སྒྲིགས་སུ་ཞུགས། སྐུ་གཞོན་དུས་ནས་ཕྱོགས་མེད་ཀྱི་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་བྱ་བྲལ་ཀུན་སྤོང་གི་ཚུལ་གྱིས་ཆོས་ཁོ་ནར་དོན་གཉེར་མཛད། གཙོ་བོ་ནི་གསང་བདག་བློ་གཏེར་དབང་པོ་དང༌། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། སྒ་ངག་དབང་ལེགས་པ། འཇུ་མི་ཕམ་རྣམ་རྒྱལ། གཞན་ཕན་ཆོས་ཀྱི་སྣང་བ། སི་ཏུ་པད་མ་དབང་མཆོག་རྒྱལ་པོ། བྲག་རི་བཀྲ་ཤིས་རིན་པོ་ཆེ། འབྲུ་འཇམ་གྲགས་སོགས་ཀྱི་སློབ་མ་ཡིན་པ་དང༌། ལྷག་པར་དུ་མཁན་ཆེན་གཞན་དགའ་རིན་པོ་ཆེའི་གཞུང་བཤད་ཆ་ཚང་འཛིན་པར་ནུས་པའི་ས་སྐྱ་པའི་ཕྱོགས་ནས་མཁས་པ་སྙན་གྲགས་ཆེ་ཤོས་ཤིག་ཡིན་པར་བརྟེན། རྫོང་སར་ཁམས་བྱེའི་བཤད་གྲྭ་ནས་མཁན་ཆེན་རིན་པོ་ཆེ་ཁོང་ཕེབས་དགོས་བྱུང་སྐབས། རྒྱལ་ཚབ་ཀྱི་ཚུལ་དུ་དབོན་སྟོད་མཁྱེན་རབ་རིན་པོ་ཆེ་འདི་ཉིད་མཁན་པོར་བསྐོ་བཞག་གནང་བ་ལྟར། ལོ་བཅུ་ཧྲིལ་པོར་བཤད་གྲྭ་ཆེན་པོ་དེའི་མཁན་པོ་མཛད། སློབ་མ་ལ་བྲག་གཡབ་བློ་གྲོས། ཁང་དམར་རིན་ཆེན། མདོ་སྲིབ་ཐུབ་བསྟན། འཛིང་པ་དགེ་ཚུལ། སྡེ་གཞུང་ཨ་འཇམ། སྡེ་གཞུང་ཆོས་འཕེལ་སོགས། སྙན་གྲགས་ཅན་གྱི་མཁས་པ་མང་པོ་བྱོན་ཏེ་མདོ་ཁམས་ཀྱི་བསྟན་པའི་རྒྱན་དུ་གྱུར། དེའི་རྗེས་སུ་སི་ཏུ་པད་མ་དབང་མཆོག་རྒྱལ་པོའི་བཀའ་བཞིན། དཔལ་སྤུངས་དགོན་གྱི་ཆོས་སྡེ་ཆེན་པོ་དེར་གཞུང་བཤད་ཀྱི་བཤད་གྲྭ་བསྐྱངས་ཏེ་ལོ་བདུན་ཙམ་བཞུགས། དེ་ནས་ཁོང་ཉིད་ཀྱི་གདན་ས། ས་དགོན་ཨང་གཉིས་པར་གྲགས་པའི་དབོན་སྟོད་དགོན་གྱི་གོང་ཁྲོད་ལྷུན་པོ་རྩེ་ཞེས་པ་དེར། ཕྱོགས་མེད་ཀྱི་སློབ་གཉེར་མཁན་གྲྭ་པ་སུམ་ཅུ་ནས་ལྔ་བཅུ་སོགས་ཅི་རིགས་འདུས་ཆོག་པའི་བཤད་གྲྭ་ཆེན་མོ་ཞིག་ལ་འདུ་ཁང་ནང་རྟེན་བཅས་དང༌། གྲྭ་ཤག་ལྔ་བཅུ་ལྷག། བླ་བྲང་གཟིམས་སྤྱིལ། གླིང་ཁ་སྐྱེད་ཚལ་སོགས་རྟེན་དང་བརྟེན་པ་བཅས་ཡོངས་རྫོགས་དང༌། དེ་དག་ལ་དགོས་དབང་གི་མཆོད་པ་དང༌། བླ་གྲྭ་ཚང་མའི་གསོལ་ཕོགས་སོགས་ཟན་གྲོན་ཅི་དགོས་ཀྱི་རྟེན་རྩ་སྦྱོར་འཇགས་སོགས་ཡོངས་རྫོགས་མཁན་རིན་པོ་ཆེ་ཁོང་གཅིག་པུས་སྒྲུབ་གནང་མཛད་ཐོག། གཞུང་བཤད་ཀྱི་ཆོས་ཁྲིད་ཁོ་ནར་སྐུ་ཚེའི་མཐའ་བར་སྐྱོང་བར་མཛད་བཞིན་པར་ལོ་ཉི་ཤུ་ལྷག་ཙམ་སོང་མཐར་སྤྱི་ལོ་ ༡༩༥༧ ལོའི་དགུན་ཁར་བཤད་གྲྭར་ཆོས་ཁྲིད་གནང་བཞིན་པའི་དུས་འགྱུར་སྐབས་སུ་མཁན་སློབ་ཚང་མ་འཛིན་བཟུང་ཐེབས་ཏེ། སྡེ་དགེར་ཁྲིད་སོང་བར་རིང་མིན་ངན་བཙོན་གྱི་འོག་ཏུ་འདས་རྟགས་ངོ་མཚར་བ་དང་བཅས་སྐུ་ཞིང་གཞན་དུ་གཤེགས་དགོས་བྱུང་བ་རེད། མཁན་རིན་པོ་ཆེ་ཁོང༌ཀར་ཤཱཀྱ་གྲགས་ཀྱི་སྐུ་སྐྱེ་ཡིན་པར་གྲགས་ཤིང༌། འཇམ་མགོན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུང་འཕྲོས་ལས། སྡེ་དགེ་ལྷུན་གྲུབ་སྟེང་གི་ཡང་དབེན་དྲྭ་མ་སྒང་གི་ཆོས་གྲྭ་གོང་འོག་ཐོག་མར་ཉམས་གསོ་གནང་མཁན། མཁས་གྲུབ་ཆེན་པོ་ངོར་པ་དཔོན་སློབ་ངག་དབང་ལེགས་གྲུབ་ཀྱི་སྐུ་སྐྱེ་ཡིན་པར་དགོངས་ཚུལ་ཐོས་ཞེས་དིལ་མཁྱེན་རིན་པོ་ཆེའི་གསུང་ལས་བྱུང༌། གང་ལྟར་ཡང་མཁན་རིན་པོ་ཆེ་འདི་ཉིད་བསྟན་པ་སྤྱི་བྱེར་བཀའ་དྲིན་ཤིན་ཏུ་ཆེའོ། །