མཁན་རབས་བཅོ་ལྔ་པ།

 

 

༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་རབས་བཅོ་ལྔ་པ་གདོང་ཚང་བསམ་འགྲུབ་མཆོག

མཁན་པོ་བསམ་འགྲུབ།

སྤྱི་ལོ་ ༡༩༧༥ ལོར་འཁྲུངས། སྤྱི་ལོ་༡༩༨༦ ལོར་རབ་ཏུ་བྱུང་ནས་འབྲི་ཀློག་དང་འདོན་ཆོག་སྐོར་སྦྱང་ཞིང་སྐབས་སྐབས་སུ་བསྙེན་མཚམས་ལ་ཡང་བཞུགས། སྤྱི་ལོ་ ༡༩༩༣ ལོར་༸སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་སྐུ་མདུན་ནས་ལམ་འབྲས་ཞུས། སྤྱི་ལོ་ ༡༩༩༦ འཕགས་ཡུལ་རྫོང་སར་བཤད་གྲྭར་སློབ་ཞུགས་བྱས་ཏེ་སྤྱི་ལོ་ ༢༠༠༤ བར་གཞུང་ཆེན་བཅུ་གསུམ་སྔགས་དང་བཅས་པར་ཐོས་བསམ་མཐར་ཕྱིན་པར་གནང་ཞིང་། དེ་དག་གི་རིང་གུང་སེང་གི་སྐབས་སྐབས་སུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་མདུན་ནས་རྒྱུད་སྡེ་ཀུན་བཏུས་དང་ལམ་འབྲས་སོགས་དབང་དང་ཁྲིད་ཁ་མི་ཉུང་བ་ཞུས། ༸སྐྱབས་མགོན་༸གོང་མ་བདག་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ཀྱང་ལམ་འབྲས་ཞུས།

སྤྱི་ལོ་ ༡༩༩༩ ནས་སྤྱི་ལོ་ ༢༠༠༡ བར་འཕགས་ཡུལ་རྫོང་སར་བཤད་གྲྭའི་རིག་གནས་རྒན་དང། སྤྱི་ལོ་ ༢༠༠༢ ནས་སྤྱི་ལོ་ ༢༠༠༣ བར་སྐྱོར་དཔོན་མཛད། སྤྱི་ལོ་ ༢༠༠༥ ནས་འཆད་ཁྲིད་གནང་དང་གནང་མུས་ལ་ཕྱི་ལོ་ ༢༠༠༨ ལོར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་མདུན་ནས་མཁན་པོའི་ཕྱག་འཁྱེར་ཐོབ་ཅིང་། ཕྱི་ལོ་ ༢༠༡༦ ནས་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འཕགས་ཡུལ་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོར་བསྐོས་ཏེ་ཕྱི་ལོ་ ༢༠༢༠ བར་ཐུགས་འགན་བཞེས་ཤིང་དེ་ནས་༸དཔལ་ས་སྐྱའི་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ལ་ཕྱག་དཔེ་འབུལ་བཞིན་པ་བཅས་སོ། །