ཁོར་ཡུག

༄༅། །ཁོར་ཡུག་ཚོགས་ཆུང་།

 

རྫོང་སར་བཤད་གྲྭའི་ཁོར་ཡུག་ཚོགས་ཆུང་ནི། བཤད་གྲྭའི་སློབ་མ་ཁག་ཅིག་གིས་དང་བླངས་ཀྱི་ཐོག་ནས་བཤད་གྲྭའི་གཙང་སྦྲ་འཕྲོད་བསྟེན་ཡར་རྒྱས་ཡོང་ཕྱིར་སྤྱི་ལོ་ ༢༠༠༩ ལོར་འགོ་བཙུགས། ལོ་དེ་ག་རང་ལ་བཤད་གྲྭའི་འཛིན་སྐྱོང་གིས་ངོས་འཛིན་དང་གདེང་འཇོག་ཆེན་པོས་ལོ་རེ་བཞིན་འཛིན་སྐྱོང་གི་ཚོགས་མི་གཅིག་ཁོར་ཡུག་འགན་འཛིན་དུ་བསྐོ་བཞག་བྱས། སྤྱི་ལོ་ ༢༠༡༣ བར་འགན་འཛིན་མཁན་དགེ་གང་རུང་ཞིག་གི་འོག་ཏུ་སྤྲུལ་སྐུ་འཇམ་བཟང་ཚོགས་གཙོ་དང། སློབ་མ་དང་བླངས་པ་བཅུ་བཅས་ཀྱིས་གྲུབ། སྤྱི་ལོ་ ༢༠༡༤ ལོ་ནས་འཛིན་རིམ་འོག་མའི་སློབ་མའི་སློབ་གཉེར་ལ་བར་ཆད་མི་འབྱུང་བའི་ཆེད་དུ། འཛིན་གྲྭ་བཞི་པ་ནས་བརྒྱད་པ་བར་ལ་མ་གཏོགས་དང་བླངས་ཀྱི་ས་མིག་མེད་པར་བཟོས་ཤིང་འཛིན་གྲྭ་དེ་དག་ལ་དང་བླངས་པ་གཉིས་རེའི་ས་མིག་ཡོད་པའི་ལམ་སྲོལ་བཏོད་དེ་དེང་སྐབས་འགན་འཛིན་གཅིག ཚོགས་གཙོ་གཅིག ཚོགས་མི་བཅུ་བཅས་ཀྱིས་བཤད་གྲྭའི་གཙང་སྦྲའི་རྐང་འགན་འཁུར་བཞིན་པ་ཡིན།

ཁོར་ཡུག་ཚོགས་ཆུང་གི་ངོས་ནས་བཤད་གྲྭའི་ཁོར་ཡུག་གཙང་སྦྲ་བྱེད་པར་སྣེ་ཁྲིད་པའི་ཐོག ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་པ་དང་མཐུན་པར་གད་སྙིགས་ཉུང་འཕྲི་དང་ཁ་ལག་ཆུད་ཟོས་མི་ཡོང་བའི་ཕྱོགས་ལ་ལས་འགུལ་རབ་དང་རིམ་པ་སྤེལ་བ་དང། དེ་ལ་དགེ་སློབ་རྣམས་ཀྱིས་མཉམ་ཞུགས་གང་ལེགས་གནང་བའི་འབྲས་བུར་དེང་སྐབས་བཤད་གྲྭའི་ནང་གད་སྙིགས་ཧ་ཅང་ཉུང་ངུར་གྱུར་ཡོད་པ་མ་ཟད། ཁ་ལག་ཆུད་ཟོས་སུ་འགྲོ་བ་ཧ་ལམ་མེད་པའི་ཚད་དུ་སླེབས་ཡོད།