༈ ཚེ་འཕེལ་ཉི་མ།

ཚེ་འཕེལ་ཉི་མ།

བོད་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཤར་ཕྱོགས་སྨར་ཁམས་སུ་སྐྱེས་ཤིང་། རང་ལོ་ ༡༨ ལོར་རྒྱལ་ཁྲི་དགོན་པའི་ཆོས་སྒོར་ཞུགས་ནས་འདོན་ཕྱག་ལེན་སྦྱངས། ༢༠༠༥ ལོར་མཁས་མང་བྱེ་བའི་འབྱུང་གནས་བོད་སྡེ་དགེ་ཁམས་བྱེས་རྫོང་སར་བཤད་གྲྭར་མཁན་ཆེན་ཚེ་བརྟན་གཙོས་པའི་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་དང་བརྡ་དག་རྣམས་སྦྱོང་བའི་གོ་སྐལ་བཟང་པོ་ཐོབ་པ་མ་ཟད་མཁས་དང་གྲུབ་པའི་བདག་ཉིད་བླ་མ་ལམ་འབྲས་པ་ཆེན་པོ་མཁན་པོ་འཇམ་དབྱངས་སེང་གེའི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས། ཕྱི་ལོ་༢༠༠༧ ལོར་རྒྱ་གར་དུ་འབྱོར། ལོ་དེར་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་གཞུང་ཆེན་དང་རིག་གནས་ཁག་ལ་མུ་མཐུད་དེ་སློབ་གཉེར་བྱས།
ལྷ་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་གྱིས་གཙོས་དབང་ལུང་དང་བླང་དོར་གྱི་བཀའ་སློབ་ཟབ་མོ་ཐོབ། ཕྱི་ལོ་༢༠༠༧ ལོར་བལ་ཡུལ་ཐར་ལམ་དགོན་དུ་དཔལ་ས་སྐྱའི་༸སྐྱབས་མགོན་བདག་ཆེན་རིན་པོ་ཆེ་ཕུན་ཚོགས་ཕོ་བྲང་གི་སྐུ་མདུན་ནས་ལམ་འབྲས་ཚོགས་བཤད་ཐོབ། ༢༠༠༨ ལོར་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ལམ་འབྲས་སློབ་བཤད་མཚོན་པའི་དབང་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་ཐོབ། ལོ་དེར་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་ཞུས། རིས་མེད་བསྟན་པའི་བདག་པོ་༸སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་་རྒྱ་མཚོའི་སྐུ་མདུན་ནས་གདམས་ངག་མཛོད་དང་སྒྲུབ་ཐབས་ཀུན་བཏུས་ཐོབ། འཛིན་སྐྱོང་ལྷན་ཚོགས་ནས་འོས་འདེམས་དང་དཔལ་ས་སྐྱའི་སྐྱབས་མགོན་གོང༸ མ་ཁྲི་ཆེ་མཆོག་གིས་བརྟགས་འབྲས་བབས་པ་ལྟར་ལོ་གཅིག་གི་རིང་ལ་དགེ་སྐོས་བྱས། ཕྱི་ལོ་༢༠༡༤ ལོར་དབུ་མའི་ཕྱག་འཁྱེར་དང་། ༢༠༡༧ ལོར་བསྟན་བཅོས། ༢༠༢༡ ལོར་སློབ་དཔོན་དང་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་རིམ་བཞིན་ཐོབ། ཕྱི་ལོ་༢༠༡༩ ལོ་ནས་བཤད་གྲྭ་འདི་ཉིད་དུ་གཞུང་ཆེན་འཆད་ཁྲིད་ཀྱི་ཐུགས་འགན་མཛད་བཞིན་པ་ལགས་སོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *