༈ བསོད་ནམས་དབང་འདུས།
བསོད་ནམས་དབང་འདུས་(ཆོས་མིང་འཇམ་དབྱངས་བསོད་ནམས)མཆོག་ནི་ཕྱི་ལོ་ ༡༩༨༣ ཟླ་ ༡༠ ཚེས་ ༠༥ ཉིན་ཁམས་སྐྱེ་རྒུ་མདོ་རུ་འཁྲུངས། ཆུང་དུས་ནས་རྫོང་སློབ་ཆུང་གསུམ་པ་དང་རྫོང་སློབ་འབྲིང་གཉིས་པར་འཛིན་རིམ་དགུ་པ་བར་དུ་ཕྱིན་ནས་རྒྱ་བོད་ཀྱི་སྐད་ཡིག་སོགས་ལ་སྦྱངས་པ་མཛད།
ཕྱི་ལོ་ ༡༩༩༩ ལོར་སྒ་སྐྱེ་རྒུ་དགོན་དུ་ཆོས་གྲྭར་ཞུགས། ཕྱི་ལོ་ ༢༠༠༢ ལོར་སྒ་ངག་དབང་ལེགས་པའི་ཡང་སྲིད་རིན་པོ་ཆེ་མཆོག་གི་མདུན་ནས་རབ་ཏུ་བྱུང་ཞིང་ཕྱི་ལོ་ ༢༠༠༤ བར་དཔལ་འབྱུང་པོ་འདུལ་བྱེད་དང་། དཔལ་རྡོ་རྗེ་འཇིགས་བྱེད། དཔལ་ཀྱེ་རྡོ་རྗེ། ཀུན་རིག་བཅས་ཀྱི་བསྙེན་མཚམས་ཀྱི་བཅད་རྒྱར་བཞུགས།
སྤྱི་ལོ་༢༠༠༤ ལོའི་ལོ་འཇུག་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ནས་སྤྱི་ལོ་༢༠༠༥ལོའི་ལོ་མགོ་རྫོང་སར་བཤད་གྲྭར་ཞུགས་གནང་། ་ལོ་དེར་༸སྐྱབས་མཆོག་ངོར་༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་དྲུང་ནས་སླར་ཡང་རབ་བྱུང་གི་སྡོམ་པ་མནོས། དེ་ནས་རིས་མེད་བསྟན་པའི་བདག་པོ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་རྣམ་གཉིས་གཙོས། ཁོང་གཉིས་ཀྱི་ཐུགས་སྲས་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལས་གཞུང་ཆེན་བཅུ་གསུམ་དང་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་ལ་ སྤྱི་ལོ་༢༠༡༥ བར་དུ་སྦྱངས་པ་མཛད་ནས་སློབ་གཉེར་མཐར་ཕྱིན་ཏེ། སྤྱི་ལོ་ ༢༠༡༠ ལོར་དབུ་མ་དང་། ༢༠༡༣ ལོར་བསྟན་བཅོས། ༢༠༡༥ ལོར་སློབ་དཔོན་བཅས་ཀྱི་རྒྱུགས་སྤྲོད་གནས་རིམ་དང་པོའི་ལག་འཁྱེར་རིམ་བཞིན་ཐོབ།
༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་མདུན་ནས། གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་དང་། ༸སྐྱབས་མགོན་གོང་མ་བདག་ཆེན་རིན་པོ་ཆེའི་མདུན་ནས་ལམ་འབྲས་ཚོགས་བཤད། ༸ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་མདུན་ནས་མཁའ་སྤྱོད་མའི་བཀའ་ཁྲིད་སོགས། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་དང། གདམས་ངག་མཛོད། སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་སོགས་དབང་ལུང་ཁྲིད་མན་ངག་དང་བཅས་པ་དུ་མ་ཞུ་བའི་སྐལ་བ་ཐོབ།
ཕྱི་ལོ་ ༢༠༡༤ ལོར་བལ་ཡུལ་པདྨ་ཚལ་ལ་བཤད་གྲྭས་བསྐོས་མངགས་གནང་བ་ཇི་བཞིན་ལོ་ངོ་གཅིག་ལ་བཤད་གྲྭའི་དཔེ་ཁྲིད་དགེ་རྒན་ཐུགས་ཁུར་མཛད།བཤད་གྲྭར་དཔེ་འཁྲིད་གནང་ཡུན་ལ་གཙང་སྦྲ་ཚོགས་པའི་འགན་འཛིན་དང་དངུལ་གཉེར་ཐུགས་འགན་བཞེས། ཐེ་ཝན་སྦྱིན་བདག་སྨན་བཅོས་ཚོགས་པ་དབྱར་གནས་སྐབས་སོགས་བཤད་གྲྭར་ཕེབས་ཏེ་སྨན་བཅོས་ཞབས་ཞུ་་སྐབས་རྒྱ་སྐད་ཀྱི་སྐད་བསྒྱུར་ཀྱང་མཛད།
ཕྱི་ལོ་ ༢༠༡༦ ནས་ལོ་གཉིས་རིང་བཤད་གྲྭར་སྐྱོར་དཔོན་དང་།
ཕྱི་ལོ ༢༠༡༨ལོར་དཔེ་ཁྲིད་དགེ་རྒན་དུ་བསྐོས་བཞག་གནང་།
ཕྱི་ལོ་༢༠༢༢ལོར་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་ནས་མཁན་པོའི་ལག་ཁྱེར་ཐོབ།
ད་ལྟའི་ཆར་བཤད་གྲྭར་དཔེ་ཁྲིད་དགེ་རྒན་གྱི་ཕྱག་ལས་མཛད་བཞིན་པའོ། །
བསམ་ཚུལ་ཕྲིས།