༄༅། །ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་དགོངས་རྫོགས་མཆོད་འབུལ་ཐེངས་བཅུ་པ་ཟབ་རྒྱས་ཀྱི་སྒོ་ནས་ཚོགས་པ།

 

སྤྱི་ལོ་ ༢༠༡༨ ཟླ་བ་ ༠༥ ཚེས་ ༠༥ ཉིན་སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་བཅུ་ཧྲིལ་པོར་འཁོར་བའི་དུས་དྲན་ཁྱད་པར་ཅན་ཁེལ་བས། འཕགས་ཡུལ་རྫོང་སར་བཤད་གྲྭར་བཤད་གྲྭའི་འདུས་མང་ཡོངས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་རིན་པོ་ཆེའི་དངོས་བརྒྱུད་ཀྱི་སློབ་མ་དང་དད་ལྡན་མི་མང་ཚང་མས་མཉམ་འཛོམས་ཐོག་ཉིན་གཉིས་ཀྱི་རིང་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ཞུས་པ་དང་། སྐུའི་ཚེམས་དང་ཚེམས་ལས་འཁྲུངས་པའི་རིང་བསྲེལ་རིན་པོ་ཆེ་ཆེད་མངགས་བཤད་གྲྭའི་ཐེ་ཝན་ཆོས་ཚོགས་ཆོས་ཀྱི་འབྱུང་གནས་ནས་བཤད་གྲྭར་གདན་དྲངས་ཏེ་དད་ལྡན་སྐྱ་སེར་ཡོངས་ལ་མཇལ་ཁ་བསྩལད།

 

རིང་བསྲེལ་རིན་པོ་ཆེ།

མཆོད་འབུལ་ཉིན་དང་པོ།

 

དེ་ཡང་སྤྱི་ཟླ་ ༠༥ ཚེས་ ༠༤ སྟེ་ཞོགས་པའི་ཆུ་ཚོད་བརྒྱད་པར་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་སྐྱབས་རྗེ་ཨ་བ་ཡ་རིན་པོ་ཆེས་དབུས་པའི་བཤད་གྲྭའི་དགེ་སློབ་དང་མི་མང་ཡོངས་ནས་ཚེམས་དང་རིང་བསྲེལ་རིན་པོ་ཆེ་བཀྲ་ཤིས་པའི་ཚིག་དང་། གདུགས་དང་རྒྱལ་མཚན་ལ་སོགས་པའི་བཀྲ་ཤིས་པའི་རྟགས་བརྒྱད། སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་གདན་དྲངས། དེའི་རྗེས་སུ་སྐྱ་སེར་ཡོངས་ནས་ལམ་འབྲས་བླ་མ་བརྒྱུད་པར་མཆོད་པའི་ཆོ་ག་ཆེན་མོ་གསུངས་པ་དང་། ཉིན་རྒྱབ་ལ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གསོག་སྒྲུབ་བགྱིས་པའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཉིན་དང་པོ་ལེགས་པར་སྲུང་བརྩི་ཞུས།

རིང་བསྲེལ་རིན་པོ་ཆེ་གཙུག་ལག་ཁང་དུ་གདན་འདྲེན་བཞིན་པ།

 

མཆོད་འབུལ་ཉིན་གཉིས་པ།

 

སྤྱི་ཚེས་ ༥ ཡི་ཉིན་སྔ་དྲོར་འདུས་མང་ཡོངས་ནས་ས་པཎ་བླ་མཆོད་ཆེན་མོའི་ཆོ་ག་གསུངས། ཉིན་རྒྱབ་ཆུ་ཚོད་ ༢ ནས་སྐྱ་སེར་སྟོང་ཚོ་ལ་ཚེམས་དང་རིང་བསྲེལ་རིན་པོ་ཆེ་མཇལ་ཁ་བསྩལད། ཞིང་གཤེགས་མཁན་ཆེན་དམ་པའི་ཚེམས་གཉིས་པོ་དང་དེ་ལས་འཁྲུངས་པའི་ཪིང་བསྲེལ་རིན་པོ་ཆེ་རྣམས་ཀྱི་བྱུང་རབས་ནི། སྔར་མཁན་ཆེན་མཆོག་ཐེ་ཝན་ལ་ཆོས་འབྲེལ་མཛད་དུ་ཕེབས་པའི་སྐབས་ཤིག་ལ་སྐུ་ཉིད་ཀྱི་ཚེམས་གཉིས་འབུས་ཅུང་ཟད་བཟས་པས་ཐེ་ཝན་གྱི་སྨན་ཁང་ཞིག་ཏུ་ཕུད་གནང་མཛད། སྐུའི་དངོས་སློབ་དང་བཤད་གྲྭའི་སྦྱིན་བདག་གཙོ་བོ་གཉིས་ཀ་ཡིན་པ་ཐེ་ཝན་པ་ཆོས་དབྱིངས་ལྷ་མོ་གཙོ་བོ་བྱས་ཏེ་དད་ལྡན་སློབ་མ་ཁག་ཅིག་གིས་གཅེས་སྲུང་བདག་གཉེར་བྱས། ཕྱིས་སུ་ཚེམས་གཉིས་ནས་རིང་བསྲེལ་དྲུག་འཁྲུངས། བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་

རིང་བསྲེལ་རིན་པོ་ཆེ་མཇལ་ཁ་ཞུ་བཞིན་པ།

འདུལ་བྱ་སེམས་ཅན་རྣམས་ཐུགས་བརྩེའི་ར་བ་ནས་ནམ་ཡང་མི་དོར་བས་བསོད་ནམས་ཀྱི་རྟེན་དུ་རིང་བསྲེལ་འཇོག་པས་ན། མཁན་ཆེན་གང་ཉིད་ཀྱིས་ཀྱང་ཕྱིས་ཀྱི་འདུལ་བྱ་རྣམས་བསོད་ནམས་གསོག་པའི་ཞིང་དུ་རིང་བསྲེལ་འཇོག་པར་མཛད་པ་གོར་མ་ཆག མཇལ་ཁར་བཅར་མཁན་ཡོངས་ཀྱིས་རང་རང་སོ་སོའི་བློ་ཚོད་དང་བསྟུན་ནས་ཕྱག་དང་མཆོད་པ། གསོལ་བ་དང་སྨོན་ལམ་བཏབ་པ་ལ་སོགས་པའི་སྒོ་ནས་རང་དོན་དང་གཞན་མཁན་ཆེན་མཆོག་གི་དགོངས་པ་རྫོགས་ཐབས་སུ་ཚོགས་བསགས་སྒྲིབ་སྦྱངས་གང་ཐུབ་བྱས། མཇལ་ཁ་ཚར་ནས་བཟང་སྤྱོད་སྨོན་ལམ་ཆུ་ཚོད་ ༥ པའི་བར་ལ་གསོག་སྒྲུབ་མཛད།

དགོང་དྲོ་ཆུ་ཚོད་ ༦:༣༠ ནས་གཙུག་ལག་ཁང་གི་མདུན་ཐང་དུ་མཁན་ཆེན་དམ་པའི་མཐོང་གྲོལ་སྐུ་པར་དང་། ཚེམས་དང་རིང་བསྲེལ་རིན་པོ་ཆེ་བཤམས་ཏེ་སྤོས་དང་མེ་ཏོག་སོགས་དངོས་སུ་འབྱོར་བ་ཕྱིའི་མཆོད་རྫས་རྒྱས་སྤྲོས་སྣ་ཚོགས་ཀྱིས་མཆོད་པ་དང་། ནང་དང་གསང་བའི་མཆོད་པ་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་མཆོད་སྤྲིན་ཟབ་རྒྱས་ཕུལ་བའི་སྒོ་ནས་མཆོད། ཐོག་མར་བཤད་གྲྭའི་དགེ་བསྐོས་ཀྱིས་བླ་མ་དང་མཆོག་གསུམ་ལ་དད་ཕྱག་གི་མཆོད་པར་བརྗོད་པའི་ཤིས་ཚིག་གི་བསུས་ནས། འཆད་རྩོད་རྩོམ་གསུམ་ཀྱི་ལས་རིམ་ལྗགས་ཀློག་མཛད། དེ་ནས་བཤད་གྲྭའི་མཁན་པོ་པ་བཟང་ལགས་ཀྱིས་ཞིང་གཤེགས་མཁན་ཆེན་དམ་པའི་རྣམ་ཐར་ཟབ་རྒྱས་ཞིག་ངོ་འཚར་དང་བྱིན་རླབས་ཆེན་པོའི་སྒོ་ནས་བཤད་པ་མཛད། འདིའི་རྗེས་སུ་མཁན་རིན་པོ་ཆེའི་དངོས་སློབ་བཤད་གྲྭའི་སྦྱིན་བདག་ཐེ་ཝན་པ་ཆོས་དབྱིངས་ལྷ་མོ་ནས་ཞིང་གཤེགས་མཁན་ཆེན་དམ་པའི་ཚེམས་གཉིས་པོ་དང་དེ་ལས་འཁྲུངས་པའི་ཪིང་བསྲེལ་རིན་པོ་ཆེ་རྣམས་ཀྱི་བྱུང་རབས་དང་། ཁོང་གིས་ཐོག་མར་ཞིང་གཤེགས་མཁན་ཆེན་དམ་པ་ཇི་ལྟར་མཇལ་ཚུལ། མཇལ་ནས་ཇི་ལྟར་སློབ་མར་གྱུར་ཚུལ་སྐོར་གྱི་ལོ་རྒྱུས་ཟབ་རྒྱས་གསུངས་གནང་མཛད། དེ་ནས་མུ་འཐུད་དེ་བཤད་གྲྭའི་སློབ་མ་རྣམས་ནས་ཆོས་བཤད་སྣ་ཚོགས་དང་། སྡོམ་གསུམ་དང་ཚད་མ་ལ་རྟགས་གསལ་རྩོད་པ། མཁན་ཆེན་མཆོག་དྲན་པའི་དྲན་གདུང་གི་རྩོམ་སྣ་ཚོགས་བཀླགས་ཏེ་མཚན་མོའི་ཆུ་ཚོད་ ༡༡ མ་ཟིན་ཙམ་ལ་དངོས་གཞི་མཛད་རིམ་ལེགས་པར་གྲུབ་ནས་བླ་མའི་ཐུགས་དགོངས་རྫོགས་པའི་དོན་དུ་བསྔོ་བ་དང་བཀྲ་ཤིས་པའི་དབྱངས་ཀྱིས་མཐའ་བརྒྱན་ཏེ་དགོངས་རྫོགས་མཆོད་འབུལ་གྱི་མཛད་རིམ་ལེགས་པར་གྲུབ་བོ། །

འཆད་རྩོད་རྩོམ་གསུམ་གྱི་མཆོད་སྤྲིན་འབུལ་བཞིན་པ།

 

མཁན་ཆེན་དམ་པའི་རྣམ་ཐར་མདོར་བསྡུས།

 

ཞིང་གཤེགས་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་ནི་མདོ་ཁམས་ཆབ་མདོའི་སྡེ་དགེ་འཇོ་མདའ་རྫོང་གི་ཁོངས་སུ་ཡབ་འུག་ཆུང་བསོད་བསྟན་དང་ཡུམ་ཡོ་རུའི་ཨ་ཡག་གི་སྲས་སུ་སྤྱི་ལོ་ ༡༩༢༡ ལོར་སྐུ་བལྟམས།

དགུང་ལོ་བཅོ་བརྒྱད་མ་ཟིན་བར་དུ་ཕ་མར་ཞབས་ཏོག་ཞུས་ནས་ཞུགས། ཆུང་དུས་ནས་ཟིན་མེད་འཁོར་བའི་ཁྱིམ་ལས་ཐར་འདོད་མངའ་བ་བཞིན་དུ་མདོ་སྲིབ་དགོན་དུ་ལྔ་ཚོགས་མདུན་ནས་དགེ་ཚུལ་མནོས་ཏེ་ཆོས་སྒོར་ཞུགས། ཆོས་ཐུན་ཐོག་མར་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར་དང་སྤྱོད་འཇུག་གི་མཚན་དོན་ཐོས་པ་ཙམ་གྱི་ཐུགས་ལ་དགའ་བ་ཚད་མེད་པ་འཁྲུངས། དགུང་ལོ་བཅུ་དགུར་ཕེབས་པའི་ཚེ་ཡབ་འདས་གྲོངས་སུ་གྱུར་བས་འདས་པོའི་ཆེད་དུ་དབུས་གཙང་གཉིས་སུ་ལོ་གཅིག་གི་རིང་ལ་གནས་བསྐོར་དང་བསྔོ་སྨོན་མཛད་དུ་ཕེབས། ངོར་དགོན་དུ་ཐར་བརྩེ་མཁན་ཆེན་བྱམས་པ་ནམ་མཁའ་ཀུན་བཟང་སྐུ་མདུན་ནས་ཕ་ཆོས་ལམ་འབྲས་མནོས་པ་དང་། བསྙེན་པར་རྫོགས་པས་མཚན་ལ་ཀུན་དགའ་དབང་ཕྱུག་ཞེས་གསོལ།

མཁན་ཆེན་ཀུན་དགའ་དབང་ཕྱུག

དགུང་ལོ་ཉེར་གཉིས་ཕེབས་ཚེ་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོར་ཞུགས། དེར་མི་ལོ་བརྒྱད་ཀྱི་རིང་ལ་མཁན་ཆེན་མདོ་སྲིབ་པ་ཐུབ་བསྟན་རྒྱ་མཚོ་མཉེས་པ་གསུམ་གྱིས་བསྟེན་ཏེ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་བསམ་མཛད། བཤད་གྲྭའི་ནང་དུ་ལོ་ལྔའི་རིང་བསྐྱོར་ཁྲིད་མཛད་པས་བླ་མ་ཡབ་སྲས་རྣམས་ཐུགས་དགྱེས་ཆེན་པོ་བྱུང་ཞིང་སློབ་མ་རྣམས་ཀྱིས་ཀྱང་བརྩི་བཀུར་རྒྱུན་དུ་ཐོབ། ཁྱད་པར་དུ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞལ་ནས་ཆོས་བརྒྱུད་རིས་མེད་ཀྱི་ཟབ་ཆོས་དབང་ལུང་ཁྲིད་སོགས་མི་ལོ་བཅུ་བཞིའི་རིང་ལ་གསན་པས་བླ་མ་སངས་རྒྱས་དངོས་སུ་མཇལ་ཞིང་དད་དམ་གཡོ་བ་མེད་པ་ཁྲུངས།

དགུང་ལོ་སོ་གཅིག་ནས་སོ་ལྔའི་བར་དུ་བླ་མའི་བཀའ་བཞིན་མདོ་སྲིབ་དགོན་གྱི་མཁན་པོའི་མཚན་བཞེས་ཏེ་ཆོས་འབྲེལ་སྣ་ཚོགས་མཛད་པས་དགོན་ཡུལ་ཀུན་གྱིས་བསྟོད་བསྔགས་ཐོབ། སླར་ཡང་དགུང་ལོ་སོ་དྲུག་ནས་སོ་དགུ་བར་སྟེ་དུས་འགྱུར་མ་བྱུང་བར་དུ་ལོ་ངོ་ཕྱེད་དང་གསུམ་གྱི་རིང་ཝ་ར་དགོན་པར་དཀའ་བ་དང་དུ་བཞེས་ནས་ཆོས་འབྲེལ་སྣ་ཚོགས་བསྐྱངས་པར་མཛད།

བོད་དུ་དུས་འགྱུར་གྱི་སྐབས་སུ་མཁན་ཆེན་མཆོག་གིས་འཇིག་རྟེན་གྱི་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་མཛད་མེད་ཀྱང་། དགུང་ལོ་སོ་དགུ་ནས་དྲུག་བཅུའི་བར་ཏེ་མི་ལོ་བཅུ་ཕྲག་གཉིས་གྱི་རིང་ལ་རྒྱ་གཞུང་གི་བཙོན་དུ་ཚུད། བཙོན་ཁང་ནང་གཤིན་རྗེའི་གྲོང་དུ་ཚུད་པ་འདྲ་བའི་ཚ་གྲང་བཀྲེས་སྐོམ་དང་། གཞན་གྱིས་མནར་བཅོད་དྲག་པོ་བཏང་བ་ལ་སོགས་བཟོད་པར་དཀའ་བའི་སྡུག་བསྔལ་ཚད་མེད་བཏང་བ་མ་ཟད། འཚོ་བའི་རྟེན་ཤིན་ཏུ་ཞེན་ཞིང་ཉིན་གང་པོར་ཞིང་ལས་འབྲེལ་འཚུབ་ཆེན་པོས་བསྐུལ་བ་དང་། བློ་མཐུན་གྲོགས་པོ་རྣམས་ལ་སྐབས་རེ་ཆོས་གསུངས་ཤོར་ན་རྨོངས་དད་ཀྱི་དུག་རྩ་སྤེལ་གྱི་འདུག་ཞེས་ཟེར་ནས་བཙོན་སྲུང་བས་ཉེས་བརྡུང་བཏང་བ་སོགས་དེ་དང་དེ་འདྲའི་བཟོད་པར་དཀའ་བའི་སྡུག་བསྔལ་གྲངས་མེད་མྱངས་དགོས་ཐུག འོན་ཀྱང་བཙོན་སྲུང་བ་སོགས་ལ་ཁྲོ་བ་ནམ་ཡང་མ་མཛད་ཅིང་། རྐྱེན་ངན་པ་ཐམས་ཅད་ལམ་དུ་བསྒྱུར་བའི་བློ་སྦྱོང་མཛད་དེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བདག་གེར་བཞེས། དགུང་ལོ་དྲུག་བཅུར་བཙོན་ནས་གློད་བཀྲོལ་བཏང་བས་རང་དབང་གི་ཉི་མ་སླར་ཡང་ཤར། རང་ཡུལ་དུ་ཕེབས་ཏེ་གཉེན་ཉེ་ཐུག་ཞོར་ཟླ་ཤས་རིང་ལ་བསྙེན་མཚམས་ཞུགས།

རྩ་བའི་བླ་མ་སྐུ་གོང་མའི་ཡང་སྲིད་མཆོག་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་དགོས་པའི་ཕྱག་བྲིས་དང་དམ་རྫས་བཅས་ཀྱི་བཀའ་ནན་ལན་གསུམ་འབྱོར་བས། མི་ཚེ་ལྷག་མ་གང་ཡོད་པ་ཐམས་ཅད་བླ་མ་སྐུ་ཚེ་གོང་འོག་གི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཐབས་སུ་འབུལ་རྒྱུའི་མི་བཤིགས་པའི་དམ་བཅའ་བཞེས་ཏེ་རང་ཡུལ་འབྲེལ་ཡོད་ཐམས་ཅད་རྒྱབ་ཏུ་བཞག་ནས་རང་ལོ་དྲུག་ཅུ་རེ་གཉིས་ཐོག་མི་སྐྱ་རྒན་པོའི་ཆས་གོས་མནམ་ཏེ་ཁེར་རྐྱང་འཕགས་ཡུལ་ཕྱོགས་སུ་བསྐྱོད། ཟླ་བ་དྲུག་གི་རིང་ལ་དཀའ་ཚེགས་ཆེན་པོས་ལ་ལུང་སྟོང་ཕྲག་བརྒལ་བའི་མཐར་རྒྱ་གར་འབྲས་མོ་ལྗོངས་སུ་ཡང་སྲིད་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསེར་ཞལ་མཇལ། འཇམ་མགོན་གོང་མ་དྲན་བཞིན་དགའ་སྐྱོ་འདྲེས་མའི་སྤྱན་ཆབ་དབང་མེད་ཉིལ་བ་དང་། མཆོག་གི་སྤྲུལ་སྐུས་ཐུགས་དགྱེས་ཆེན་པོས་ “ཁྱེད་རང་འདིར་སླེབས་པ་ཤིན་ཏུ་བཟང་སོང་” ཞེས་བསྔགས། ཉིན་ཤས་རིང་གནས་ཆེན་ཁག་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག ༸དཔལ་ས་སྐྱའི་གོང་མ་རིན་པོ་ཆེ། ངོར་ཀླུ་ལྡིང་མཁན་རིན་པོ་ཆེས་དབུས་པའི་ས་དགེ་བཀའ་རྙིང་སོགས་ཀྱི་བླ་ཆེན་དུ་མ་མཇལ་དུ་བཅར། དེ་འཕྲལ་འབྲས་ལྗོངས་སུ་ཕེབས་རྗེས་བླ་མ་རྡོ་རྗེ་འཆང་གི་མཆོག་སྤྲུལ་རིན་པོ་ཆེ་ནས་རྒྱལ་བསྟན་སྤྱི་དང་ཁྱད་པར་རྫོང་སར་ཁམས་བྱེའི་བཤད་གྲྭའི་བསྟན་པའི་རྒྱུན་བསྐྱར་གསོའི་ཆེད་དུ་གཞུང་བཤད་དཔེ་ཁྲིད་དབུ་ཚུགས་དགོས་པའི་བཀའ་ནན་གསེར་གྱི་ཅོད་པོན་མནོས་ཏེ་འབྲས་མོ་ལྗོངས་སུ་ལོ་ངོ་ཕྱེད་དང་གཉིས་ཀྱི་རིང་ལ་ཁམས་བྱེའི་བཤད་གྲྭའི་སྒྲིག་སྲོལ་ཇི་བཞིན་སྐུ་ངལ་འཛེམས་མེད་ཐོག་ཆོས་ཁྲིད་སྣ་ཚོགས་བསྐྱངས་པར་མཛད། དེ་ནས་ཀུན་གཟིགས་མཁྱེན་སྤྲུལ་མཆོག་གིས་བཤད་གྲྭ་བྷིར་དུ་འཛུགས་རྒྱུའི་དགོངས་བཅད་ལྟར་དུ་བྷིར་དུ་སྤོས་ཏེ་རྫོང་སར་བཤད་གྲྭ་ཞེས་གསོལ་ནས་ཆོས་གཞི་སླར་ཡང་ཚུགས།

དགུང་ལོ་དྲུག་ཅུ་རེ་བཞི་ནས་བདུན་ཅུ་དོན་གསུམ་ཟིན་ཁའི་བར་དུ་རྒྱ་བལ་བོད་འབྲུག་གི་དགོན་སྡེ་ཁག་ལྔ་བཅུ་ལྷག་ནས་འབྱོར་བའི་སློབ་གཉེར་བ་སྟོང་ཚོ་དག་ལ་གཞུང་ཆེན་བཀའ་པོད་དྲུག་གཙོས་མདོ་སྔགས་རིག་གནས་མ་ལུས་པ་ཆོས་ཁྲིད་རྒྱ་ཆེར་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པ་རྨང་ནས་གསོས་པར་མཛད་པ་དང་། ཁྱད་པར་དུ་༸གོང་ས་ལྷ་མའི་རྣམ་འདྲེན་སྐྱབས་མགོན་ཡིད་བཞིན་ནོར་བུ་དབུས་པའི་ས་དགེ་བཀའ་རྙིང་སོགས་ཀྱི་བསྟན་པའི་བདག་པོ་བླ་ཆེན་དུ་མ་ལ་ཆོས་ཁྲིད་སྣ་ཚོགས་ཕུལ་བས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར། གཞན་ཡང་ཕྱི་གླིང་ཐེ་ཝན་སོགས་ཀྱི་དད་ལྡན་སློབ་མ་གྲངས་ལས་འདས་པ་ལ་ཡང་ཆོས་ཁྲིད་སྣ་ཚོགས་མཛད་དེ་བསྟན་པ་ཆེ་ཆེར་དར་རྒྱས་མཛད།

དགུང་ལོ་དོན་གསུམ་ནས་རྒྱ་བརྒྱད་བར་སྟེ་མི་ལོ་བཅོ་ལྔའི་རིང་ལ་དགུང་ལོ་བགྲེས་ནས་སྐུ་སྟོབས་ཉམས་ཏེ་ཕྱག་ཏུ་འཁར་བ་བསྣམས་བཞིན་དུ་བསྟན་པ་དང་འགྲོ་བའི་དོན་དང་། ཁྱད་པར་དུ་བླ་མའི་ཐུགས་དགོངས་རྫོགས་པའི་ལྷག་བསམ་གྱིས་འཛམ་གླིང་རིལ་པོར་གྲགས་ཆེན་བཅོ་བརྒྱད་ཀྱི་འཆད་པའི་ཁྲིད་རྒྱུན་སླར་ཡང་བཙུགས། སྤྱི་ལོ་༡༩༩༩ ཅཱོན་ཏ་ར་རུ་རྫོང་སར་བཤད་གྲྭ་གསར་དུ་འཛུགས་འགོ་བརྩམས་པ་དང་། ༢༠༠༤ ལོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། ཧི་མ་ཅལ་མངའ་སྡེའི་བློན་ཆེན་དང། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་གཙོས་པའི་གཞན་ཡང་སྐྱ་སེར་སྟོང་ཚོ་མང་པོ་འདུས་འཛོམས་ཐོག་བཤད་གྲྭའི་དབུ་འབྱེད་མཛད་རིམ་ཟབ་རྒྱས་གནང་།

སྤྱི་ལོ་ ༢༠༠༨ ལོར་རྟེན་དང་བརྟེན་པ་ལེགས་པར་གྲུབ་པའི་དགའ་སྟོན་ལ་༸སྐྱབས་མགོན་ས་སྐྱའི་གོང་རིན་པོ་ཆེས་རབ་གནས་མཛད་གནང་བ་དང་། ཕ་ཆོས་ཟབ་ཆོས་ལམ་འབྲས་སློབ་བཤད་རིན་པོ་ཆེ་བསྩལ་གནང་མཛད། ཟབ་ཆོས་གྲུབ་ལ་ཉེ་བའི་ཕྱི་ཟླ་ ༥ ཚེས་ ༢༥ སྟེ་དགུང་ལོ་གྱ་བརྒྱད་ཕེབས་པའི་ཚེ་འདུས་ཚོགས་སུ་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་པའི་དབུགས་དབྱུང་དང་། མཁའ་ལ་འཇའ་ཡི་གུར་ཁང་ཕུབ་པ་སོགས་བཀྲ་ཤིས་པའི་རྟགས་དང་ཕུན་སུམ་ཚོགས་པའི་མཚན་མ་སྣ་ཚོགས་བསྟན་པར་མཛད་ནས་འདུལ་བྱ་གཞན་དོན་དུ་ཞིང་ཁམས་གཞན་ལ་ཞི་བར་གཤེགས་པའི་ཚུལ་བསྟན་པར་མཛད་དོ།། །།

རིང་བསྲེལ་རིན་པོ་ཆེ་མཆོད་སྟེགས་སུ་བཞུགས་སུ་གསོལ་བ།

འདས་མཆོད་དགོང་མོའི་སློབ་གླིང་གི་མཛེས་ལྗོངས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *