འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས།

རྫོང་གསར་བཤད་གྲྭ།

༄༅། །བྷིར་སྡེ་དགེའི་གཞིས་ཁོངས་སུ་ཆགས་པའི་བཤད་གྲྭ་འདིའི་མ་གཞི་ནི་རབ་བྱུང་བཞི་པ་ཙམ་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་པར་གྲགས་པ། བོད་ཁམས་སྡེ་དགེ་སྨན་ཤོད་དུ་ཡོད་པའི་རྫོང་སར་དགོན་པར་བྱོན་པའི་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ (༡༨༢༠-༡༨༩༢) རྫོང་སར་དགོན་པའི་གཤམ་གྱི་ཁམས་བྱེ་མ་ཐང་དུ་རིགས་གསུམ་སྤྲུལ་པའི་གཙུག་ལག་ཁང་བཤད་སྒྲུབ་དར་རྒྱས་གླིང་ཞེས་པ་ཕྱག་བཏབ། 

དེ་ཉིད་སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (༡༨༩༣-༡༩༥༩) ཀྱིས་སྤྱི་ལོ་ ༡༩༡༧ ལོ་ཙམ་ནས་རྒྱ་བསྐྱེད་ཐོག་རྫོགས་ཆེན་མཁན་པོ་གཞན་དགའ་གདན་དྲངས་ཏེ་རིས་མེད་ཀྱི་བཤད་གྲྭ་བཙུགས་པར་ཁམས་བྱེ་བཤད་གྲྭ་ཞེས་མཚན་ཐོགས་པ་དེ་ཡིན།

སྤྱི་ལོ་ ༡༩༥༧ སྐོར་ནས་དུས་འགྱུར་གྱི་དབང་གིས་བཤད་གྲྭ་རྩ་སྟོང་དུ་སོང་བ་དང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱང་རིམ་པས་རྒྱ་གར་དུ་ཕེབས་དགོས་བྱུང་ནས་སྤྱི་ལོ་ ༡༩༥༩ ལོར་འབྲས་ལྗོངས་སུ་དགོངས་པ་རྫོགས། སྤྱི་ལོ་ ༡༩༦༡ ལོར་སྐུ་འཁྲུངས་པའི་ཡང་སྲིད་རིན་པོ་ཆེ་དཔལ་ས་སྐྱ་གོང་མ་རིན་པོ་ཆེས་ངོས་འཛིན་གནང་ནས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཞེས་མཚན་བཏགས་ཏེ་སྐུ་གོང་མའི་བཞུགས་གནས་སུ་ཁྲི་སྟོན་མཛད།

མཁན་ཆེན་ཀུན་དགའ་དབང་ཕྱུག

རིན་པོ་ཆེ་ཁོང་གིས་རྫོང་སར་བཤད་གྲྭའི་འཆད་ཉན་སླར་གསོའི་ཆེད་རྒྱ་གར་དུ་བཤད་གྲྭ་འཛུགས་ཆེད་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་(༡༩༢༡-༢༠༠༨)བོད་ནས་གདན་དྲངས་ཏེ་ཐོག་མར་འབྲས་ལྗོངས་གནས་ནང་དུ་སྤྱི་ལོ་ ༡༩༨༣ ལོར་བཤད་གྲྭ་དབུ་བཙུགས། སྤྱི་ལོ་ ༡༩༨༥ ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་བྷིར་སྡེ་དགེ་བོད་མིའི་གཞིས་ཆགས་སུ་ཡོད་པའི་ས་སྐྱ་དགོན་པར་སྤོས། མཁན་རིན་པོ་ཆེས་ཉིན་རེར་གཞུང་ཆེན་བཅུ་གསུམ་མམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པའི་དཔེ་ཁྲིད་འདྲ་མིན་ལྔ་དང་དྲུག་གམ། སྐབས་རེ་བདུན་ཙམ་གནང་ནས་བཤད་ཁྲིད་ཀྱི་རྒྱུན་ཡོད་པའི་གཞུང་དེ་རྣམས་ལས་ཕལ་ཆེ་བ་ལན་བཅུ་ནས་བཅོ་ལྔ་སྐོར་དང། འགའ་རེ་ལན་ཉི་ཤུ་ལྷག་འཆད་ཁྲིད་གནང་སྟེ་བསྟན་རྒྱུན་སླར་གསོ་ལ་མཛད་རྗེས་གལ་ཆེན་བཞག་པས་༸གོང་ས་མཆོག་ནས་ཀྱང་བཤད་གྲྭ་དང་མཁན་རིན་པོ་ཆེར་བསྔགས་པ་ཡང་ཡང་གནང་བ་མ་ཟད་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་༸མགོན་པོ་གང་ཉིད་ཀྱི་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ་ཚད་མ་གཙོས་པའི་གཞུང་བཤད་ཇི་སྙེད་ཞུས།
རིམ་པས་སློབ་ཚོགས་ཇི་མང་དུ་འཕེལ་བ་ལ་བསྟེན་ནས་བཞུགས་ཡུལ་གྱི་དཀའ་ངལ་བྱུང་ཡང་རྒྱ་བསྐྱེད་བྱ་ཡུལ་མེད་སྟབས་མཁན་སྤྲུལ་རྣམ་གཉིས་ཀྱིས་བཤད་གྲྭ་སྤོ་སའི་ས་ཆ་གཟིགས་བཞིན་པར། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་གསུང་འཕྲོས་ལས་སྡེ་དགེ་བོད་མིའི་གཞིས་ཁོངས་ཅཱོན་ཏ་རར་ས་ཡོད་ཚུལ་གསན་པས། སྡེ་སྲས་བྱ་རྒོད་ཚང་དོན་ཡོད་ལ་ས་ཡོད་མེད་མངགས་པ་བཞིན་ས་ཉོ་རྒྱུ་རག་སྟེ་སྤྱི་ལོ་ ༢༠༠༠ ལོར་ཨར་ལས་འགོ་ཚུགས། སྤྱི་ལོ་ ༢༠༠༤ ལོར་རྩ་བའི་འཛུགས་སྐྲུན་གྲུབ་སྟེ་༸གོང་ས་ཐམས་ཅད་མཁྱེན་པས་དབུ་འབྱེད་དང་བཀའ་ཆོས་བཀའ་དྲིན་བསྐྱངས་པ་དང། སྤྱི་ལོ་ ༢༠༠༨ ལོར་ཕྱི་ནང་རྟེན་དང་བརྟེན་པ་བཅས་པ་ཡོངས་སུ་གྲུབ་ནས་༸སྐྱབས་མགོན་གོང་མ་བདག་ཁྲི་རིན་པོ་ཆེས་རབ་གནས་ཀྱི་མཛད་སྒོ་དང་འབྲེལ་འདུས་པ་སྟོང་ཕྲག་དུ་མར་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་བཀའ་དྲིན་བསྐྱངས། ལོ་དེར་མཁན་རིན་པོ་ཆེས་འདུས་ཚོགས་སུ་གང་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་དབུགས་དབྱུང་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ། སྤྱི་ལོ་ ༡༩༩༣ ལོ་ནས་མཁན་རིན་པོ་ཆེ་མཆོག་མཁན་པོའི་ལས་ཁུར་དངོས་ལས་ཟུར་བཞུགས་གནང་སྟེ་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་རིན་པོ་ཆེའི་གཟིགས་སྐྱོང་འོག་ཁོང་གི་ཐུགས་སྲས་གོ་འཇོ་མཁན་པོ་ཕུར་བུ། ཁྲི་ཚོ་མཁན་པོ་རིན་ཆེན། གོ་འཇོ་མཁན་པོ་འཇམ་དབྱངས་བློ་གསལ། གླིང་ཚང་མཁན་པོ་རྒྱལ་མཚན་ཆོས་གྲགས། སླར་ཡང་གོ་འཇོ་མཁན་པོ་འཇམ་དབྱངས་བློ་གསལ། མཁན་པོ་ཆོས་དབྱིངས་རྡོ་རྗེ། ད་ལྟའི་ལས་ཐོག་མཁན་པོ་བསམ་འགྲུབ་བཅས་ཀྱིས་རིམ་བཞིན་ལས་ཐོག་མཁན་པོའི་ལས་འཁུར་ཞུས་དང་ཞུ་བཞིན་མཆིས།
ད་བར་བོད་དང་རྒྱ་བལ་འབྲུག་གསུམ་གྱིས་གཙོས་པའི་ཡུལ་གྲུ་དུ་མ་ནས་དགོན་པ་བརྒྱ་ཕྲག་གཉིས་ལ་ཉེ་བའི་སློབ་གཉེར་བ་སྟོང་ཕྲག་ཁ་ཤས་བཤད་གྲྭ་འདི་ནས་སློབ་སྦྱོང་ཐོན་ཞིང་ཕྱིར་སོ་སོའི་ཡུལ་དགོན་དུ་ཕེབས་ནས་བསྟན་པ་ལ་ཞབས་འདེགས་ཞུ་ཐུབ་མཁན་མི་ཉུང་བ་བྱུང་བ་མ་ཟད། དགོན་པ་མང་པོའི་ནང་མཁན་པོ་ཡང་མང་ཙམ་གཏོང་རྒྱུ་བྱུང་ཡོད། ད་སྐབས་དངོས་ཡོད་འདུ་ཁང་ཆེན་མོ་བསྐལ་བཟང་ཆོས་ཀྱི་འབྱུང་གནས། དཔེ་མཛོད་བཀྲ་ཤིས་སྒོ་མང། རུང་ཁང་ཆེན་མོ། ར་སྐོར་ཐོག་བརྩེགས་སུམ་ལྡན་གྱི་གྲྭ་ཤག ནང་གསེས་མགོན་ཁང། གཞུང་ལས་ཁང། འཛིན་སྐྱོངས་ཚོགས་ཁང། རྩོམ་སྒྲིག་ཁང། གློག་ཀླད་ཁང། ཁག་སོ་སོའི་འཛིན་ཁང་སོགས་དང། ལོ་རིམ་སོ་སོར་འཆད་ཁྲིད་གནང་བཞིན་པའི་མཁན་པོ་དང་སྐྱོར་དཔོན། འཛིན་སྐྱོང་གི་ཞབས་འདེགས་ཁག་སོ་སོའི་ལས་བྱེད། གྲྭ་ཚང་སྤྱིའི་ཞལ་གྲངས་༥༠༠ལྷག་ཡོད་པ་དེ་དག་གིས་གཞུང་བཀའ་པོད་ལྔའམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་དང། བོད་ཀྱི་བརྡ་སྤྲོད། དབྱིན་ཡིག རྒྱ་ཡིག གློག་ཀླད་བཅས་པ་སྟེ་མདོ་སྔགས་རིག་གནས་དང་བཅས་པ་ལ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་འཛིན་བཞིན་པ་ལགས་སོ།། །།

བྷིར་སྡེ་དགེ་བོད་མིའི་གཞིས་ཆགས་ཚུགས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དུས་དེབ་ཐོག་གཞིས་ཁོངས་དགོན་པ་སོ་སོའི་ངོ་སྤྲོད་དགོས་ཚུལ་གསལ་བ་བཞིན་དེར་འགོད་རྒྱུའི་ཆེད་དུ་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་པས་མཁན་རིན་པོ་ཆེས་མཛད་པའི་བཤད་གྲྭའི་ལོ་རྒྱུས་ལས་བཏུས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *