ཞིབ་འཇུག

༄༅། །ཆོས་ཀྱི་བློ་གྲོས་ཞིབ་འཇུག་ལྟེ་གནས་ཁང།

 

འཇར་མ་ནི་ཧམ་བྷག་གཙུག་ལག་སློབ་གྲྭའི་ཨེ་ཤི་ཡ་དང་ཨ་ཧྤི་རི་ཁ་སློབ་གཉེར་ལྟེ་གནས་ཀྱི་རྒྱ་གར་དང་བོད་ཀྱི་རིག་གནས་དང་ལོ་རྒྱུས་རིག་པའི་སྡེ་ཚན་གྱི་ཁོངས་གཏོགས་མཁྱེན་བརྩེ་བོད་བརྒྱུད་ནང་བསྟན་གསུང་རབ་སློབ་གཉེར་ལྟེ་གནས་ཁང་གིས་སྐུལ་འདེད་དང། ལྟེ་གནས་ཁང་དེའི་ངེས་སྟོན་པ་གཙུག་ལག་སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་གིས་སྣེ་ཁྲིད་ལམ་སྟོན། རྫོང་སར་བཤད་གྲྭས་མཐུན་རྐྱེན་སྦྱར་ཏེ་བཤད་གྲྭ་འདི་ནས་སློབ་མཐར་སོན་པའི་སློབ་གཉེར་པ་རྣམས་ཀྱི་སློབ་སྦྱོང་མུ་མཐུད་དེ་ཡར་རྒྱས་དང་དེང་རབས་དཔྱད་ཐབས་ཀྱི་ཐོག་ནས་གསུང་རབ་ལ་ཞིབ་འཇུག་གི་སློབ་སྦྱོང་སྤྲོད་ཕྱིར་སྤྱི་ལོ་ ༢༠༡༦ ལོར་“རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ཞིབ་འཇུག་ལྟེ་གནས་ཁང་”དངོས་སུ་བཙུགས། ཐོག་མའི་ཞིབ་འཇུག་ལ་འཛུལ་ཞུགས་བྱེད་མཁན་མི་གསུམ་བྱུང་། ཞིབ་འཇུག་སློབ་གཉེར་ལོ་བཞིའི་ནང་མཐར་སོན་གྱི་ཡོད་པ་དང་། ལོ་དེ་དག་གི་རིང་བཤད་གྲྭ་དང་མཁྱེན་བརྩེ་ཐེབས་རྩའི་ངོས་ནས་ཞིབ་འཇུག་སློབ་མ་རྣམས་ལ་འཛིན་ཁང་དང་། གློག་ཀླད། དྲྭ་རྒྱ། སློབ་ཡོན། འགྲོ་གྲོན་སོགས་ཆ་རྐྱེན་གང་དགོས་སྐྲུན་བཞིན་པ་དང་། ད་དུང་མུ་མཐུད་དེ་ལོ་གཉིས་རེའི་མཚམས་ནས་ཞིབ་འཇུག་སློབ་མ་གསར་དུ་བསྡུ་འཆར་ཡོད། ད་ལྟའི་ཆར་ཞིབ་འཇུག་སློབ་མ་རྣམས་ཀྱིས་ཐུན་མོང་གི་དཔྱད་གཞི་དང་སོ་སོའི་དཔྱད་གཞིར་ཞིབ་དཔྱད་ཞུས་དག་(Criticle Edition)གི་ལས་རིམ་འགྲོ་བཞིན་ཡོད།

ཞིབ་འཇུག་སློབ་སྟོན་པ། ཧམ་བྷག་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་རྡོ་རྗེ་དབང་ཕྱུག

ཞིབ་འཇུག་སློབ་སྟོན་ལས་རོགས། ཧམ་བྷག་གཙུག་ལག་སློབ་གྲྭའི་མཁས་དབང་ལྕམ་ཨོར་ན།

ཞིབ་འཇུག་སློབ་མ། འཇམ་དབྱངས་ཀུན་བཟང། ཚེ་རིང་དཔལ་ལྡན། ཚེ་རིང་བསམ་འགྲུབ།